འབྲི་མཁན། དཔལ་ལྡན་རྒྱལ། on September 1st, 2010
དེ་རིང་ངོ་དེབ་སྟེང་དུ་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བརྩམས་པའི་༼འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག༽ཅེས་པའི་སྙན་རྩོམ་འདི་གྱེར་འདོན་ཞིག་ལ་ཉན་རྗེས་སེམས་སུ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་སྐྱེས།

དོན་གྲུབ་རྒྱལ།
འདི་ནི་སྐུ་ཞབས་དོན་གྲུབ་རྒྱལ་གྱི་རང་མོས་སྙན་རྩོམ་ལེགས་ཤོས་ཞིག་ཡིན་ལ། ༡༩༨༠ དཀྱིལ་ཙམ་ལ་ཁོང་གི་སྙན་རྩོམ་འདི་པར་སྐྲུན་མ་བྱས་གོང་། ངའི་སློབ་གཉེར་བྱེད་སའི་མཚོ་སྔོན་མི་རིགས་སློབ་གྲ་ཆེན་མོའི་བོད་རིགས་སློབ་མ་ཁག་ཅིག་གི་ལག་ཏུ་སྙན་རྩོམ་འདིའི་མ་ཡིག་ལག་བྲིས་ཞིག་རག་ཡོད་པ་དེ། ང་ཚོས་ཕར་བཤུ་ཚུར་བཤུ་བྱས་ནས་སློབ་མ་མང་པོ་ཞིག་གིས་སྙན་རྩོམ་འདི་བློ་ངོར་ཀློག་ཐུབ་ཀྱིན་ཡོད། སྙན་རྩོམ་གྱེར་འདོན་འདིར་ཉན་སྐབས། སྐུ་ཞབས་དོན་གྲུབ་རྒྱལ་དགོངས་པ་མ་རྫོགས་པའི་ཟླ་ཁ་ཤས་སྔོན་༡༩༨༥ ལོའི་དབྱར་ཁར། ཁོང་མཚོ་སྔོན་མི་རིགས་སློབ་གྲ་ཆེན་མོའི་ནང་ཕེབས་ནས ང་ཚོའི་འཛིན་གྲའི་དེང་རབས་རྩོམ་རིག་དགེ་རྒན་སངས་རྒྱས་རིན་ཆེན་གྱི་ཚབ་བྱས་ནས་དོན་གྲུབ་རྒྱལ་གྱིས་ལག་གཡས་བར་ས་སྨྱུག་བསྐོར་ཅིང་། ལག་གཡོན་པའི་མཛུབ་གུ་གཉིས་ཀྱི་བར་ཐ་མ་ཞིག་བཟུང་ནས་སློབ་ཁྲིད་ཐེངས་གཅིག་བྱས་བའི་རྣམ་པ་དེ་ཡང་མིག་ལམ་དུ་འཁོར་ལ། ༼ང་ཚོ་བོད་མི་རིགས་ནི་གངས་སེང་གངས་དུ་འགྲེང་དང་འདྲ་ལ། བོད་ཀྱི་རྩོམ་རིག་ནི་ཁྱུང་ཆེན་མཁའ་ལ་འཕུར་བ་མཚུངས།༽ཞེས་སློབ་ཁྲིད་འགོ་འཛུགས་པའི་སྐད་གདངས་དེའང་རྣ་ལམ་དུ་འཁོར། སྐུ་ཞབས་དོན་གྲུབ་རྒྱལ་དགུང་ལོ་སོ་གཉིས་སྟེང་གྲོངས་པ་རེད་ཡ།
འབྲེལ་ཡོད་གནས་ཚུལ།
སྐུ་ཞབས་དོན་འགྲུབ་རྒྱལ་དང་ཁོང་གི་བརྩམས་ཆོས།
རྩོམ་རིགས། སྙན་རྩོམ། | བསམ་ཚུལ། »
འབྲི་མཁན། དཔལ་ལྡན་རྒྱལ། on August 27th, 2010
ཕྲན་གྱི་ཟིན་བྲིས་ཀློག་མཁན་རྣམ་པ། ཁྱེད་རྣམ་པའི་སྐུ་བདེ། ཁམས་བཟང་། ཐུགས་རྒྱས་པའི་ངང་། ད་ལོའི་ཚ་གདུང་ཆེ་བའི་དབྱར་ཁའི་དུས་ཡུན་ལེགས་པོ་ཞིག་བསྐྱལ་ཡོད་པ་རེ་བ་ཡོད། དེ་རིང་ངས་ཁྱེད་རྣམ་པར་འཛམ་གླིང་སྟེང་དམངས་གཙོའི་ལམ་ལུགས་ཀྱི་མིག་དཔེ་ལྟ་བུར་ཆགས་ཡོད་པའི་ཨ་རིའི་རྒྱལ་ས་སྟེ། ཝ་ཞིན་ཏུང་གྲོང་ཁྱེར་ནང་གནས་སྡོད་བྱས་ཡོད་པའི་མི་སེར་རྣམས་ལ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་ཐོབ་ཐང་མེད་པའི་གནས་ཚུལ་ཞིག་བཤད་འདོད་བྱུང་། ཨ་རིའི་ནང་མངའ་སྡེ་ལྔ་བཅུ་ཡོད་པ་དེ་དག་གིས་ས་གནས་རླངས་འཁོར་གྱི་ཨང་རྟགས་ཡོད་པའི་ལྕགས་ལེབ་སྟེང་མངའ་སྡེ་སོ་སོའི་ཁྱད་ཆོས་མཚོན་པའི་མིང་ཚིག་རེར་བཀོད་ཡོད། དཔེར་ན། ཧྥུ་ལོ་རེད་རྡ་མངའ་སྡེ་ལ། ཉི་འོད་ཀྱི་མངའ་སྡེ་ཟེར་བ་ལྟ་བུ་རེད། རྒྱལ་ས་ཝ་ཤིན་ཏུང་གི་རླངས་འཁོར་གྱི་ཨང་རྟགས་ཡོད་པའི་ལྕགས་ལེབ་སྟེང་

འཐུས་ཚབ་མེད་པར་དཕྱ་ཁྲལ་མཇལ་བ། ཞེས་ཝ་ཞིན་ཏུང་གྲོང་ཁྱེར་གྱི་དམིགས་བསལ་ཁྱད་ཆོས་དེ་བཀོད་ཡོད། དེ་ནི་ཝ་ཞིན་ཏུང་གྲོང་ཁྱེར་ནང་གནས་སྡོད་བྱས་ཡོད་པའི་མི་སེར་རྣམས་ལ་དམངས་གཙོའི་ཁེ་དབང་གི་ཐོབ་ཐང་མེད་པ་གསལ་སྟོན་དང་། ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ཞིག་ཀྱང་ཡིན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་རྒྱལ་ས་ཝ་ཤིན་ཏུང་གནས་སྡོད་མི་སེར་འབུམ་དྲུག་ལྷག་ལ་འཐུས་ཚབ་མེད། དེར་བརྟེན་ཨ་རིའི་དབུས་གཞུང་གིས་སྲིད་ཇུས་གཏན་འབེབས་བྱེད་སྐབས་རྒྱལ་སའི་མི་མང་གི་བསམ་ཚུལ་སླེབས་ཐུབ་ཀྱིན་མེད།
ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱལ་ས་ཝ་ཤིན་ཏུང་གནས་སྡོད་མི་མང་གི་འཐུས་ཚབ་གཅིག་ཡོད། ཡིན་ནའང་ཁོང་ལ་གཞུང་གི་སྲིད་ཇུས་གཏན་འབེབས་བྱེད་རྒྱུར་འོས་འཕེན་པའི་ཐོབ་ཐང་མེད།
ཟུར་ཞུ།
དམངས་གཙོའི་གཞུང་ནི། འཛིན་སྐྱོང་གི་དབང་ཆ་མི་མང་གིས་སྤྲད་པའི་གཞུང་ཞིག་ཡིན་ལ། སྲིད་གཞུང་དེ་ནི་མི་མང་གི་ཆེད་དུ་མི་མང་གིས་སྐྱོང་བའི་མི་མང་གི་གཞུང་ཞིག་ཡིན། སྲིད་གཞུང་དེའི་མངའ་འོག་ཏུ་ཡོད་པའི་མི་སེར་རྣམས་ནི་གཞུང་དེ་དང་། སྲིད་གཞུང་དེའི་སྲིད་ཇུས་ཀྱི་སྒྲོམ་གཞི་བཟོ་མཁན་ཡིན་པས་མི་སེར་ཚོས་སྤྱི་ཚོགས་ཀྱི་གནད་དོན་དང་། གནས་བབ་ལ་རྒྱུས་མངའ་དང་ཤེས་རྟོགས་ཡོད་པའི་ངང་། རང་ཉིད་སྤྱི་ཚོགས་ཀྱི་ལས་དོན་བྱེད་སྒོ་ཁག་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་ཡིན། སྲིད་གཞུང་དེའི་སྐོར་རྒྱུས་ལོན་དང་ཤེས་རྟོགས་བྱས་པ་ཡིན་ན། རང་ཉིད་ཀྱི་ཐོབ་ཐང་དང་། ལས་འགན་ངོས་ཟིན་པའི་ངང་སྲིད་གཞུང་དེའི་ཆབ་སྲིད་ཀྱི་བརྒྱུད་རིམ་ཁྲོད་རང་ཉིད་མཉམ་ཞུགས་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཡིན། དམངས་གཙོའི་གཞུང་ནི། ཚོགས་སྡེ་དང་། ལྟ་སྤྱོད་མཐུན་པའི་མི་མང་ཤོས་ཀྱི་དབང་ཆ་བཟུང་ནས་རུས་རྒྱུད། ཆོས་ལུགས། རིག་གཞུང་སོགས་མི་འདྲ་བའི་གྲངས་ཉུང་གི་ཚོགས་སྡེ་ཁག་གི་བསམ་བློ་དང་། ཡུལ་སྲོལ་གོམས་གཤིས་ལ་ཁྱད་གསོད་དང་། སྣང་ཆུང་མི་བྱེད་པར་སྲིད་གཞུང་དེའི་མངའ་འོག་ཏུ་ཡོད་པའི་མི་ཚང་མའི་བསམ་ཚུལ་དང་། ཐོབ་ཐང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཐུབ་པའི་གཞུང་ཞིག་ཡིན་དགོས།
རྩོམ་རིགས། གསར་འགྱུར་དཔྱད་རྩོམ། | བསམ་ཚུལ། »
འབྲི་མཁན། དཔལ་ལྡན་རྒྱལ། on August 26th, 2010
རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་རྩོམ་པ་པོ་ཞོགས་དུང་ངམ། བཀྲ་རྒྱའི་གྱོད་དོན་ཐད་ཁོང་གི་ནང་མིས་བཙལ་བའི་ཁྲིམས་རྩོད་པ་དང་ལེན་བྱས་མི འདུག

- རྩོམ་པ་པོ་ཞོགས་དུང་།
༢༠༠༨ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་སྐོར་དང། འཚེ་མེད་བའི་ལམ་ནས་རྒྱ་ནག་གི་དབང་བསྒྱུར་ལ་གདོང་ལེན་བྱེད་དགོས་སྐོར་བཀོད་ཡོད་པའི་གནམ་ས་གོ་འབྱེད་ཅེས་པའི་དཔེ་དེབ་རྩོམ་པ་པོ་ཞོགས་དུང་ངམ། བཀྲ་རྒྱ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་འགོར་ཡོད་པ་རེད། ཚེས༢༠ཉིན་ཁོང་གི་ཁྲིམས་རྩོད་པས་ཨེ་ཕི་གསར་སྤེལ་ཁང་ལ། “ཁོང་གི་ནང་མིས་བཙལ་བའི་ཁྲིམས་རྩོད་པ་དང་ལེན་བྱས་མ་བྱུང་།”ཞེས་བརྗོད་འདུག ཡང་བཀྲ་རྒྱ་ཡི་བཟའ་ཟླ་ལྷ་འཚོས་ཡོངས་གྲགས་ཀྱི་ཡི་གེ་ཞིག་བཀྲམས་ཡོད་པའི་ནང། བཀྲ་རྒྱ་ཡིས་བྲིས་པའི་དེབ་དེའི་ནང་དུ་། “རྒྱལ་ཁབ་ཁ་བྲལ་གྱི་གནས་ཚུལ་གང་ཡང་བཀོད་མེད་པས་ཁོང་ལ་ཉེས་ཆད་བཅད་པ་ནི་དྲང་བདེན་མ་རེད། མི་རིང་བར་བཀྲ་རྒྱ་ལ་ཁྲིམས་བཤེར་བྱེད་རྒྱུ་ཡིན་པ་འདྲ། ཁོང་ཚོས་བཟོས་པའི་ཁྲིམས་དེ་ནི་ཁོང་ཚོའི་ཁེ་ཕན་ཆེད་བཟོས་ཡོད་པས་། ཁོང་ཚོས་གནོད་སྐྱེལ་འདོད་ཡོད་པའི་མི་སུ་འདྲ་ཞིག་གི་ཐོག་ལ་ཡིནནའང་བེད་སྤྱོད་བཏང་ཆོག་ཆོག་ཡོད་པ་རེད།”ཞེས་བཀོད་འདུག ཨེ་ཕི་གསར་སྤེལ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་གཞོན་ཝང་ལིན་ཅོན་ཁ་པར་བཏང་ནས་གྱོད་དོན་འདིའི་སྐོར་འདྲི་སྐབས་ཁོང་གིས། དེ་ནི་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་རྒྱུ་རེད་ཟེར། ཡང་ཟི་ལིང་ཉེན་རྟོག་ལས་ཁུངས་དང་། འབྲིང་རིམ་་མི་མང་ཁྲིམས་ཁང་ལ་ཁ་པར་བཏང་ནས་གྱོད་དོན་འདིའི་སྐོར་འདྲི་སྐབས་ལན་འདེབས་བྱེད་རྒྱུ་ངོས་ལེན་བྱས་མི་འདུག བཀྲ་རྒྱ་ཡི་གནས་སྟངས་སྐོར་ལ་ཁོང་གི་བུ་མོ་ཡེ་ཤེས་མཚོ་མོར་བཅར་འདྲི་བྱས་པ་ཡིན། ཡེ་ཤེས་མཚོ་མོར་བཅར་འདྲི་བྱས་པར་ཉན་རོགས།
འབྲེལ་ཡོད་གནས་ཚུལ།
གནམ་ས་གོ་འབྱེད་ཀྱི་རྩོམ་པ་པོ་འཛིན་བཟུང།
ཞོགས་དུང་གི་བཟའ་ཟླ་དང་། བུ་མོ་གཉིས་ལ་བཅར་འདྲི།
གནམ་ས་གོ་འབྱེད་ཅེས་པའི་དེབ་ཆ་ཚང་ཀློག་འདོད་ན་འདིར་མཐུད་རོགས།
རྩོམ་རིགས། གསར་འགྱུར། | བསམ་ཚུལ། »
འབྲི་མཁན། དཔལ་ལྡན་རྒྱལ། on August 24th, 2010
དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་ཅན་དང་། རྩོམ་པ་པོ་ཚོར་དམ་དྲག་བྱེད་གྱིན་ཡོད་པ་མ་ཟད། མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན།བོད་མི་རིགས་ཀྱི་ཐོབ་ཐང་སུ་ཞིག་གིས་གླེང་བ་དང་རྩོད་ལེན་བྱས་པ་ཡིན་ན། རྒྱ་ནག་གཞུང་གིས་དེར་དམ་དྲག་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་ཅན་དང་། རྩོམ་པ་པོ་ཚོར་དམ་དྲག་བྱེད་ཀྱིན་ཡོད་པ་འདི་ནི། བོད་ཀྱི་ཤེས་ཡོན་ཅན་དང་རྩོམ་པ་པོ་ཚོས་བོད་མི་རིགས་ཀྱི་ཐོབ་ཐང་ཡོངས་གྲགས་ངང་གླེང་འགོ་ཚུགས་ཡོད་པའི་མངོན་རྟགས་རེད།

སྒང། རྩོམ་པ་པོ་ཞོགས་དུང་། གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན། འོག བོད་ནང་རང་དབང་མེད་པའི་སྙན་ཞུའི་འོད་སྡེར་བཀྲམས་མཁན་སྐལ་བཟང་ཚུལ་ཁྲིམས། རྩོམ་པ་པོ་ཐེའུ་རང།
དཔེར་ན། རྒྱ་ནག་དབང་འཛིན་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་ངམ། བཀྲ་ཤིས་རབ་བརྟན་ལགས་ཀྱིས“ཁྲག་ཡིག”ཅེས་པའི་དེབ་དེའི་ནང་བཀོད་དོན། ༼ བླ་སྲོག་གི་ཕྱི་ནང་ཡོད་ཚད་ལ་ལྕག་ཚན་གྱིས་བྲབ་པའི་དམིགས་བསལ་བའི་ལོ་ཟླ་ཞིག་གི་ངོས་ནས་བཤད་ན། ཅིས་ཀྱང་མི་བཤད་ཐུ་མེད་དུ་གྱུར་བའི་སྐད་ཆ་འབའ་ཞིག་ཏུ་ངེས་པས་ན། ཁོ་བོ་ནས་ཀྱང་སྨྲ་སྒོ་རང་ས་ནས་བསྡམས་ཏེ་འདུག་པ་ལས་སྨྲ་བ་གྲོལ་ཏེ་སུ་ཞིག་བཅད་པ་ཡིན་ན་རིན་དོད་ཆེ་བར་འདོད་པའི་གདམ་ག་ཞིག་ལ་འཕྲེང་ཏེ། ད་གཟོད་རང་གི་ན་ཚོད་ལས་ཀྱང་གཉོམ་ལག་མ་རྒྱས་པའི་དེབ་ཆུང་འདི་ཆེད་དུ་སྟོང་ལོ་བརྒྱད་དགུ་གཉིས་ཀྱི་སོ་མཚམས་སུ་ཁྲག་གི་ཐིགས་པ་བཞིན་གཏར་བ་ལགས་སོ།༽ ཞེས་ངག་གི་སྨྲ་སྒོ་སུ་ཞིག་གིས་གཅོད་སྲིད་པའི་ཉེན་ཁ་སྔོན་རྟོགས་ཀྱིས་སྨྲ་སྒོ་གྲོལ་ནས་“ཁྲག་ཡིག”ཅེས་པའི་དེབ་དེ་བྲིས་འདུག དེབ་དེའི་ནང་༢༠༠༨ལོར་བོད་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐོར་གྱི་གནས་ཚུལ་བཀོད་ཡོད། རྒྱ་ནག་གཞུང་གིས་ཁོང་གི་སྨྲ་སྒོ་དུས་གཏན་དུ་གཅོད་ཐུབ་མིན་མི་ཤེས་ནའང་། ཁོང ༢༠༠༩ལོའི་་ཟླ་བ་བདུན་པའི་ཚེས་༢༦ཉིན་འཛིན་བཟུང་གིས་ཟླ་གཅིག་རིང་བཀག་ཉར་རྗེས་གློད་གྲོལ་བཏང་ཡོད་ནའང། ད་ལོའི་སྤྱི་ཟླ་བཞི་པའི་ཚེས་༦ཉིན་བསྐྱར་དུ་འཛིན་བཟུང་བཀག་ཉར་བྱས་ཏེ། ནང་མིས་ཀྱང་ཁོང་གང་དུ་ཡོད་མེད་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད། ཡང་ད་ལོའི་ཟླ་བ་བཞི་བའི་ཚེས་༢༣་ཉིན་ཟི་ལིང་ཉེན་རྟོག་པས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་འཛུགས་བྱས་ནས་བཀག་ཉར་བྱས་ཡོད་པའི་རྩོམ་པ་པོ་གྲགས་ཅན་བཀྲ་རྒྱའམ་ཞོགས་དུང་ལགས་ཀྱིས། “གནམ་ས་གོ་འབྱེད་།”ཅེས་པའི་དེབ་དེའི་ནང་དུ།“རྩོམ་འདི་བཀྲམ་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲག་ཆེ་མོད། ཁ་ཡི་རྐྱེན་ལས་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་གིས་འཁུར་རྒྱུ་ཡིན་ནོ།།”ཞེས་བཀོད་འདུག་པས་རྩོམ་པ་པོ་ཁོང་གིས་དེབ་དེ་སྤྱི་ཚོགས་སྟེང་བཀྲམ་རྗེས་ཁོང་ལ་མཇུག་འབྲས་ཡག་པོ་ཞིག་མི་ཡོང་བའང་ཤེས་ཡོད།
རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »
རྩོམ་རིགས། གླེང་མོལ། | བསམ་ཚུལ། »
འབྲི་མཁན། དཔལ་ལྡན་རྒྱལ། on August 21st, 2010
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ། ཁེ་ན་ཌའི་ཝེན་ཁུ་ཝར་གྲོང་ཁྱེར་ནང་ཡོད་པའི་ British Columbiaསྦུ་རེ་ཐའེ་ཞི། ཀོ་ལམ་སྦི་ཡ། སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་གྱིས་སྒྲིག་འོག ཟླ་བརྒྱད་པའི་ཚེས་༡༥ནས་༢༡བར་སློབ་གྲྭ་ཆེན་མོ་དེའི་ནང་འཚོགས་ཡོད་པ་རེད། ང་རང་ས་གནས་དེ་ལ་ཆེད་དུ་བཅར་ནས་ཉིན་གཉིས་རིང་གནས་ཚུལ་མཁོ་སྒྲུག་བྱས་པ་ཡིན། ཚོགས་ཆེན་དུ་བོད་དང་། རྒྱ་ནག་ནས་ཕེབས་པའི་མི་བཞི་བཅུ་ལྷག་ཐེ་བའི་འཛམ་གླིང་གི་རྒྱལ་ཁབ་༢༡་ནས་བོད་རིག་པར་ཞིབ་འཇུག་གནང་མཁན་མི་གྲངས་བཞི་བརྒྱ་ལྷག་འཛོམས་བྱུང་། ཞིབ་འཇུག་པ་ཚོ་ཚོགས་ཆུང་ཁག་བགོས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་རང་ཉིད་ཀྱིས་ཞིབ་འཇུག་བྱས་པའི་ཆེད་རྩོམ་སྒྲོག་སྦྱངས་དང་། བགྲོ་གླེང་གནང་ཡོད་པ་རེད། ད་ཐེངས་ཀྱི་ཚོགས་འདུ་འདི་ལ་བོད་ནས་ཕེབས་མཁན་མི་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཕྱི་སྐྱོད་ལག་འཁྱེར་མ་སྤྲད་པའི་དབང་གིས་ཚོགས་འདུར་བཅར་ཐུབ་མི་འདུག

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་ཐོག་ཚོགས་གཙོ Charles Ramble
ད་ཐེངས་ཀྱི་ཚོགས་འདུའི་སྐོར་ལ་ Oxford སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་ཐོག་ཚོགས་གཙོ Charles Ramble བཅར་འདྲི་ཞུས་བར་ཉན་རོགས།charles-ramble
ཡང་ད་ཐེངས་ཀྱི་ཚོགས་འདུའི་སྐོར་ལ། ཚོགས་འདུ་གོ་སྒྲིག་གནང་མཁན་British Columbia སྦུ་རེ་ཐའེ་ཞི། ཀོ་ལམ་སྦི་ཡ་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཤཀྱ་ལགས་སུ་བཅར་འདྲི་ཞུས་བའི་བརྙན་འཕྲིན་ལ་གཟིགས་རོགས

མཁར་རྨེའུ་བསམ་བསྟན་རྒྱལ་མཚན།
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་གྱི་ངོ་བོ་དང་། མ་འོངས་པའི་མདུན་ལམ་སོགས་ཀྱི་ ཐད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ། མཁས་དབང་མཁར་རྨེའུ་བསམ་བསྟན་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་བར་ཉན་རོགས།མཁར་རྨེའུ་བསམ་བསྟན་རྒྱལ་མཚན་ལགས་
ཡང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་སྐོར་ལ། ཨིན་རྡི་ཡ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། Elliot Sperling ལགས་སུ་བཅར་འདྲི་ཞུས་བར་ཉན་རོགས།elliot-sperling

ཨིན་རྡི་ཡ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། Elliot Sperling
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་འདི་ནི། ཕྱི་ལོ་༡༩༧༧ལོར་སིད་སིའི་བཟེ་རིག་གྲོང་ཁྱེར་ནང་གཞོན་སྐྱེས་ཁག་ཅིག་འཛོམས་ནས་བོད་རིག་པའི་ཞིབ་འཇུག་སྐོར་ལ་བགྲོ་གླེང་ཐོག་མ་གནང་བ་དང་། ༡༩༧༩ Oxford སློབ་གྲྭ་ཆེན་མོའི་ནང་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་རྒྱས་བ་ཞིག་འཚོགས་སྐབས་གཞུང་འབྲེལ་གྱིས། ༡༩༧༧ལོར་སིད་སིའི་བཟེ་རིག་གྲོང་ཁྱེར་ནང་འཛོམས་པ་དེ། ཚོགས་ཆེན་དང་པོར་ངོས་འཛིན་བྱས་ཡོད་པ་རེད། དེ་ནས་བཟུང་ལོ་གསུམ་རེའི་ནང་འཛམ་གླིང་གི་རྒྱལ་ཁབ་འདྲ་ནང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་རེར་འཚོགས་བཞིན ཡོད་པ་རེད།
རྩོམ་རིགས། གསར་འགྱུར། | 8 Responses »
འབྲི་མཁན། དཔལ་ལྡན་རྒྱལ། on August 4th, 2010

གློག་བརྙན་བཟོ་མཁན་བཀྲ་ཤིས།
དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གནས་སྡོད་བཀྲ་ཤིས་ལགས། བོད་ནང་དུ་གསང་བའི་ངང་ཟླ་བ་གསུམ་རིང་བསྡད་ནས།
༼བོད་ནང་གསང་མྱུལ་༽ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོས་ནས་འགྲེམས་སྤེལ་བྱས་ཡོད་པའི་སྐོར། གློག་བརྙན་བཟོ་མཁན་བཀྲ་ཤིས་ལགས་དང་མཉམ་དུ་གླེང་མོལ་ཞུས་པ་དང༌། དེ་བཞིན་གློག་བརྙན་དེའི་ནང་བོད་ནང་གི་བོད་མི་ཁག་ཅིག་གིས་ད་ལྟའི་གནས་སྟངས་འགྲེལ་བརྗོད་གནང་བར་གསན་ན་འདིར་མཐུད་རོགས།
རྩོམ་རིགས། གླེང་མོལ། | བསམ་ཚུལ། »
འབྲི་མཁན། དཔལ་ལྡན་རྒྱལ། on July 30th, 2010
༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་ཨ་མདོ་མགོ་ལོག་ས་ཁུལ་གྱི་གླུ་བ་ཁ་ཤས་ཀྱིས་གླུ་གཞས་ཤིག་ཕུལ་འདུག
བརྙན་འཕྲིན་འདིའི་གཞས་གཏོང་མཁན་གཞས་མ་ ཀུན་དགའ་སྒྲོལ་མ་ལགས་སུ་ཁ་པར་བརྒྱུད་ནས་བཅར་འདྲི་བྱས་པ་གཤམ་གསལ།
དཔལ་ལྡན་རྒྱལ། ཁྱེད་རང་ཀུན་དགའ་སྒྲོལ་མ་ཡིན་ནམ།
ཀུན་དགའ་སྒྲོལ་མ། ཡིན་ཡིན། བདེ་མོ།
དཔལ་ལྡན་རྒྱལ། ངའི་མིང་ལ་དཔལ་ལྡན་རྒྱལ་ཟེར།
ཀུན་དགའ་སྒྲོལ་མ། རེད་རེད། བཀྲ་ཤིས་བདེ་ལེགས།
དཔལ་ལྡན་རྒྱལ། ཀུན་དགའ་སྒྲོལ་མ། ཁྱེད་རང་གིས་༧གོང་ས་མཆོག་གི་འཁྲུངས་སྐར་གླུ་ཞིག་ བླངས་འདུག
ཀུན་དགའ་སྒྲོལ་མ། ཡོད་ཡོད།
དཔལ་ལྡན་རྒྱལ། ཨོ་རེད། གླུ་དེ་ནམ་བླངས་པ་དང་དེའི་དོན་དག་ཅིག་ཤོད་དང་།
ཀུན་དགའ་སྒྲོལ་མ། གླུ་དེ་བླངས་ནས་ཉིན་བཅུ་གྲངས་ཤིག་ཕྱིན་སོང་།
དཔལ་ལྡན་རྒྱལ། རེད་རེད། ཁྱེད་ཚོའི་གླུ་དེའི་དོན་དག་གཙོ་བོ་གང་དང་གང་བཤད་ཡོད།
ཀུན་དགའ་སྒྲོལ་མ། དེའི་དོན་དག་༧རྒྱལ་པ་རིན་པོ་ཆེ་ས་མཆོག་གི་འཁྲུངས་སྐར་ལ་ཕུལ་བའི་གླུ་ཞིག་ཡིན། གཙོ་བོ་ཁོང་ཚང་ལ་བསྟོད་པའི་གླུ་ཞིག་རེད།
དཔལ་ལྡན་རྒྱལ། སྤྱིར་༧རྒྱལ་པ་རིན་པོ་ཆེ་མཆོག་གི་སྐོར་ལ་གླུ་བླངས་པ་དང་བསྟོད་པ་བྱས་ན། བོད་ནང་གི་མི་ཚོར་དཀའ་ངལ་འཕྲད་ཀྱིན་འདུག ཁྱེད་ཚོར་དཀའ་ངལ་འཕྲད་རྒྱུར་མི་སྐྲག་གམ།
ཀུན་དགའ་སྒྲོལ་མ། མི་སྐྲག་གི ད་དྲག་གི་རེད། ལས་རྒྱུ་གང་ཡང་ཡོད་ནི་མ་རེད། གཙོ་བོ་རང་གི་རྩ་བའི་བླ་མ་༧གོང་ས་མཆོག་གི་ཆེད་དུ་འཇུ་བ་དང་དོན་དག་གང་བྱུང་ཡང་། བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། སྐྲག་གི་མི་འདུག ༼ གད་མོ་བཅས། ༽
དཔལ་ལྡན་རྒྱལ། ༧རྒྱལ་པ་རིན་པོ་ཆེ་དགུང་ལོ་ ༧༥ ཕེབས་ཟིན་པ་རེད། བོད་ནང་གི་མི་མང་པོ་ཞིག་ཁོང་ལ་འཇལ་རྒྱུའི་འདོད་པ་ཤུགས་ཆེན་པོ་རེད། ཁྱེད་ཀྱི་ངོས་ནས་ཀྱང་༧རྒྱལ་པ་རིན་པོ་ཆེར་མཇལ་ཐུབ་རྒྱུའི་རེ་བ་བྱེད་ཀྱིན་ཨེ་ཡོད།
ཀུན་དགའ་སྒྲོལ་མ། རེ་བ་ཡོད། ཁོང་ཚང་ལ་གཅིག་མཇལ་ཐུབ་ན་བསམ་པའི་རེ་བ་ཧ་ཅང་ཆེ་གི། ཡིན་ནའང་། དེང་སྐབས་ཡར་མར་འགྲོ་རྒྱུར་ཧ་ཅང་བཙན་གི། དེར་བརྟེན་འགྲོ་འདུག་གང་ཡིན་རུང་དཀའ་མོ་རེད། དེ་མ་གཏོགས་རེ་བ་ཧ་ཅང་ཡོད། ད་ཐེངས་ཡིན་ནའང་༧རྒྱལ་པ་རིན་པོའི་འཁྲུངས་སྐར་ལ་གླུ་དེ་འདྲ་བླངས་ན། ཨེ་ཉན་མི་ཉན་ལབ་ཀི་འདུག ཡིན་ནའང་། མི་ཉན་རྒྱུ་མི་འདུག་ལབ་པ་ཡིན། རང་ཉིད་བཟུང་སོང་རུང་འགྱོད་པ་མེད་ནི་བྱས་ཡོད།
དཔལ་ལྡན་རྒྱལ། རེད། ཁྱོད་ཀྱིས་བཤད་ན་ད་ཐེངས་༧རྒྱལ་པ་རིན་པོ་ཆེའི་འཁྲུངས་སྐར་ལ་གླུ་བླངས་པ་འདིས། རང་ཉིད་བཟུང་ན་བཟུང་། འགྱོད་པ་མེད་ཟེར་བ་རེད་དམ།
ཀུན་དགའ་སྒྲོལ་མ། རེད་རེད། ང་ལ་འགྱོད་པ་གང་ཡང་མེད། རང་གིས་སྔོན་ནས་བསམ་བློ་བཏང་བསྡད་དེ་ཁོང་གི་འཁྲུངས་སྐར་གྱི་ཉིན་མོར་གླུ་ཞིག་ལེན་ཐུབ་སོང་ན། དེ་ནས་བཟུང་སོང་ན། ག་རེ་བྱས་ནའང་འགྱོད་པ་མེད་བསམ་ནས་གླུ་དེ་ཕུལ་བ་ཡིན།
དཔལ་ལྡན་རྒྱལ། ཡ་ཡ། ཞོལ་ནས་ཀུན་དགའ་སྒྲོལ་མའི་འཁྲུངས་སྐར་ལ་གླུ་དབྱངས་བླངས་ཡོད་པར་ཉན་རོགས་ཞུ།
དཔལ་ལྡན་རྒྱལ། དེ་རིང་ཀུན་དགའ་སྒྲོལ་མ་ལགས་ཀྱིས་ཁ་པར་བརྒྱུད་ང་ཚོ་མཉམ་དུ་སྐད་ཆ་བཤད་པར་ངས་བཀའ་དྲིན་ཆེ་ཞུ་གི་ཡོད།
ཀུན་དགའ་སྒྲོལ་མ། ཨོ་ཡ་བཀའ་དྲིན་ཆེ། ཚེ་རིང་ལོ་བརྒྱ།
རྩོམ་རིགས། གསར་འགྱུར།, གླེང་མོལ། | བསམ་ཚུལ། »
འབྲི་མཁན། དཔལ་ལྡན་རྒྱལ། on July 30th, 2010

གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་དགོན་དུ་གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་བཅུ་གཅིག་པ་དེ་ཚོགས་བཞིན་ཡོད་པའི་སྐོར། བགྲོ་གླེང་གོ་སྒྲིག་གནང་མཁན་དང་བོན་སྒོ་དུས་དེབ་གྱི་རྩོམ་སྒྲིག་པ་ཁྲི་གཡུང་དྲུང་ལགས་དང་མཉམ་དུ་གླེང་མོལ་ཞུས་པར་གསན་ན་ འདིར་མཐུད་རོགས།
རྩོམ་རིགས། གླེང་མོལ། | 1 Response »
འབྲི་མཁན། དཔལ་ལྡན་རྒྱལ། on July 16th, 2010
དམངས་གཙོའི་གཞུང་ནི། འཛིན་སྐྱོང་གི་དབང་ཆ་མི་མང་གིས་སྤྲད་པའི་གཞུང་ཞིག་ཡིན་ལ། སྲིད་གཞུང་དེ་ནི་མི་མང་གི་ཆེད་དུ་མི་མང་གིས་སྐྱོང་བའི་མི་མང་གི་གཞུང་ཞིག་ཡིན། སྲིད་གཞུང་དེའི་མངའ་འོག་ཏུ་ཡོད་པའི་མི་སེར་རྣམས་ནི་གཞུང་དེ་དང་། སྲིད་གཞུང་དེའི་སྲིད་ཇུས་ཀྱི་སྒྲོམ་གཞི་བཟོ་མཁན་ཡིན་པས་མི་སེར་ཚོས་སྤྱི་ཚོགས་ཀྱི་གནད་དོན་དང་། གནས་བབ་ལ་རྒྱུས་མངའ་དང་ཤེས་རྟོགས་ཡོད་པའི་ངང་། རང་ཉིད་སྤྱི་ཚོགས་ཀྱི་ལས་དོན་བྱེད་སྒོ་ཁག་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་ཡིན། སྲིད་གཞུང་དེའི་སྐོར་རྒྱུས་ལོན་དང་ཤེས་རྟོགས་བྱས་པ་ཡིན་ན། རང་ཉིད་ཀྱི་ཐོབ་ཐང་དང་། ལས་འགན་ངོས་ཟིན་པའི་ངང་སྲིད་གཞུང་དེའི་ཆབ་སྲིད་ཀྱི་བརྒྱུད་རིམ་ཁྲོད་རང་ཉིད་མཉམ་ཞུགས་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཡིན། དམངས་གཙོའི་གཞུང་ནི། ཚོགས་སྡེ་དང་། ལྟ་སྤྱོད་མཐུན་པའི་མི་མང་ཤོས་ཀྱི་དབང་ཆ་བཟུང་ནས་ རུས་རྒྱུད། ཆོས་ལུགས། རིག་གཞུང་སོགས་མི་འདྲ་བའི་གྲངས་ཉུང་གི་ཚོགས་སྡེ་ཁག་གི་བསམ་བློ་དང་། ཡུལ་སྲོལ་གོམས་གཤིས་ལ་ཁྱད་གསོད་དང་། སྣང་ཆུང་མི་བྱེད་པར་སྲིད་གཞུང་དེའི་མངའ་འོག་ཏུ་ཡོད་པའི་མི་ཚང་མའི་བསམ་ཚུལ་དང་། ཐོབ་ཐང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཐུབ་པའི་གཞུང་ཞིག་ཡིན་དགོས།
རྩོམ་རིགས། གསར་འགྱུར། | བསམ་ཚུལ། »
འབྲི་མཁན། དཔལ་ལྡན་རྒྱལ། on June 3rd, 2010
རྩོམ་པ་པོ་བཀྲ་རྒྱའམ་ཞོགས་དུང་དངོས་སུ་འཛིན་བཟུང་བྱས་པ། རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་ནང་མིར་བརྡ་ལན་སྤྲད་འདུག ཟླ་བ་བཞི་བའི་ཚེས་༢༣་ཉིན་རྩོམ་པ་པོ་གྲགས་ཅན་ བཀྲ་རྒྱའམ་ཞོགས་དུང་ཟི་ལིང་ཉེན་རྟོག་པས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་འཛུགས་བྱས་ནས་བཀག་ཉར་བྱས་ཡོད་པ་རེད་ལ། ཟླ་བ་ལྔ་བའི་ཚེས་༢༨་ཉིན་ཁོང་དངོས་སུ་འཛིན་བཟུང་བྱས་པ། རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་ནང་མིར་བརྡ་ལན་སྤྲད་ཡོད་སྐོར་ཁོང་གི་བུ་མོ་ཡེ་ཤེས་མཚོ་མོར་ཁ་པར་བརྒྱུད་བཅར་འདྲི་བྱས་པ་ཡིན།
དཔལ་ལྡན་རྒྱལ། ཁྱེད་ཀྱི་ཨ་ཕ་འཛིན་བཟུང་གྱི་ཡི་གེ་ཁྱེད་ཚོར་འབྱོར་ཡོད་པ་དེའི་སྐོར་བཤད་རོགས།
ཡེ་ཤེས་མཚོ་མོ། ཡི་གེ་ཟླ་བ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ་དུས་ཚོད་དྲུག་པའི་ཐོག་ཨ་མ་དང་ངེད་གཉིས་འཛིན་བཟུང་ཡི་གེ་ལེན་ཏུ་ཤོར་ཟེར་བ་བཞིན་ཉེན་རྟོག་ཁང་དུ་སོང་དུས་སྤྲད་བྱུང་།
དཔལ་ལྡན་རྒྱལ། ཡི་གེ་དེའི་ནང་ག་རེ་བཀོད་འདུག
ཡེ་ཤེས་མཚོ་མོ། ཡེ་གེ་དེའི་ནང་ཁོང་ཚོས་(རྒྱ་གཞུང་)བཤད་བཞིན་པའི་ཉེས་བ་སྔོན་མ་ནང་བཞིན་རེད། “རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”བྱས་པ་ཟེར་པ་དེ་རེད། སྔོན་ལ་བཀག་སྐྱིལ་བྱེད་སྐབས་སྤྲད་པའི་ཡེ་གེ་དང་ཕལ་ཆེར་གཅིག་མཚུངས་རེད། མི་འདྲ་ས་ནི་གྱོད་དོན་འདི་ཁྲིམས་དཔྱོད་ཁང་ལ་སྤྲད་པ་དང་ཁྲིམས་དཔྱོད་ཁང་གིས་དོ་དམ་བྱེད་བཞིན་ཡོད་ཅེས་པ་དེ་རེད།
དཔལ་ལྡན་རྒྱལ། ཁྱེད་ཀྱི་ཨ་ཕ་གང་དུ་ཡོད་མེད་ཤེས་སམ།
ཡེ་ཤེས་མཚོ་མོ། ཟི་ལིང་གྲོང་ཁྱེར་གྱི་བཀག་སྐྱིལ་ཁང་དང་པོའི་ནང་བཀག་ཡོད་པ་ཡི་གེ་སྔོན་མའི་ནང་བཀོད་ཡོད་པ་ནང་བཞིན་བཀོད་འདུག
དཔལ་ལྡན་རྒྱལ། ཁྲིམས་དཔྱོད་ཁང་ལ་རྩིས་སྤྲད་བྱས་ཡོད་ན་ཁྲིམས་ཐོག་ལ་འགྲོ་དགོས་པ་ཨེ་རེད།
ཡེ་ཤེས་མཚོ་མོ། རེད། ཁྲིམས་ཐོག་ལ་འགྲོ་དགོས་པ་རེད་ཟེར། ཁྲིམས་ལྟར་ན། དངོས་སུ་འཛིན་བཟུང་བྱས་པའི་ཡི་གེ་ངའི་ཨ་ཕ་ཁྲིད་པའི་ཉིན་མོ་ནས་བཟུང་ཉིན་གྲངས་༣༧གྱི་ནང་ཚུད། ཁྱིམ་ཚང་གི་ལག་ཏུ་སྤྲོད་དགོས་ཟེར་བ་ལྟར། ང་ཚོས་དེ་ཡང་འབྱོར་གྱི་མ་རེད་བསམ་ནས་སེམས་ཁྲལ་བྱས་བ་ཡིན། འོན་ཀྱང་ཆེས་མཐའ་འཇུག་གི་ཉིན་མ་སོ་བདུན་པར་འཛིན་བཟུང་ཡི་གེ་ང་ཚོར་འབྱོར་སོང་། ཁྲིམས་ཁང་ལ་ག་དུས་སྤྲོད་རྒྱུ་རེད་ཅེས་དྲིས་པར་ད་ལྟ་ཁྲིམས་དཔྱོད་ཁང་དུ་ཡོད། ཟླ་གཉིས་ཀྱི་རྗེས་སུ་ཁྲིམས་ཁང་ལ་རྩིས་སྤྲོད་དགོས་རེད་ཟེར།
དཔལ་ལྡན་རྒྱལ། ཁྲིམས་ཁང་དུ་འགྲོ་དགོས་དུས་ཁྱེད་རང་ཚོ་ངོས་ནས་ཁྲིམས་རྩོད་པ་བཙལ་གྱི་ཡོད་དམ།
ཡེ་ཤེས་མཚོ་མོ། ཁྲིམས་རྩོད་པ་བཙལ་གྱི་ཡིན། ཁྲིམས་རྩོད་པ་བཙལ་ཆོག་གམ་ཅེས་དྲིས་པར་བཙལ་ཆོག་ཀྱང་གསལ་བོ་ལབ་ཀྱི་མི་འདུག་ལ་བཙལ་མི་ཆོག་ཀྱང་གསལ་བོ་བྱས་ནས་ལབ་ཀྱི་མི་འདུག་མོད། ངེད་ཚང་གི་ངོས་ནས་ཁྲིམས་རྩོད་པ་འཚོལ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད།
དཔལ་ལྡན་རྒྱལ། ཁྱེད་རང་གི་ངོས་ནས་ཨ་ཕར་སེམས་ཁུར་ཆེ་ཤོས་ག་རེ་ཡིན།
ཡེ་ཤེས་མཚོ་མོ། ཨ་ཕའི་བདེ་ཐང་གི་སྐོར་ལ་ངེད་བཟའ་ཚང་ཧྲིལ་བོར་སེམས་འཁུར་ཡོད། བཀག་སྐྱིལ་ཁང་དང་པོའི་ནང་ཡོད་ཟེར་གྱི་ཡོད་པ་རེད་མ་གཏོགས་དངོས་སུ་དེར་ཡོད་མེད་ཀྱང་གསལ་བོ་མི་ཤེས་ལ། སྐད་ཆ་དང་གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག ཁོང་གི་གཟུགས་གཞིའི་བདེ་ཐང་དང་གཅར་རྡུང་གཏོང་གི་ཡོད་མེད་ཐད་ཧ་ཅང་གི་སེམས་འཁུར་ཡོད།
དཔལ་ལྡན་རྒྱལ། ཁྱེད་གྱི་ཨ་ཕའི་ཕ་མ་རྒན་རྒོན་གཉིས་ག་འདྲ་འདུག
ཡེ་ཤེས་མཚོ་མོ། སྤོ་སྤོ་དང་རྨོ་རྨོ་གཉིས་ངར་བ་རེད། ཁོང་གཉིས་ཀྱིས་ཧུར་ཐག་བྱེད་ཀྱིན་འདུག སྤོ་སྤོ་ལོ་༨༠རེད། ཉིན་རྒྱུན་སེམས་ཁྲལ་བྱེད་ཀྱི་མེད་ཟེར་ན་ཁག་པོ་རེད། ཁོང་གཉིས་ཀྱིས་ཧུར་ཐག་བྱེད་ཀྱིན་འདུག
དཔལ་ལྡན་རྒྱལ། བཀའ་དྲིན་ཆེ། རྗེས་ཕྱོགས་འབྲེལ་བ་བྱེད་ངེས་ཡིན།
རྩོམ་རིགས། གླེང་མོལ། | བསམ་ཚུལ། »