གསར་འགྱུར།

...now browsing by category

 

གསར་འགྱུར།

Tuesday, May 22nd, 2012

དེང་སྐབས་༧གོང་ས་མཆོག་གིས།  ཨོ་རོབ་ནང་མཛད་འཕྲིན་བསྐྱང་བཞིན་པ་ལྟར།  ཚེས་༡༨་ཉིན་ཨོ་སུ་ཁྲི་རི་ཡའི་གྲོང་ཁྱེར་ Klagen furt ནང་གསར་འགོད་ལྷན་ཚོཌ་ཤིག་ཐོག  ༧གོང་ས་མཆོག་གིས།   རྒྱ་ནག་མི་མང་ཡོངས་ལ་གནས་ཚུལ་ངོ་མ་ཤེས་རྒྱུའི་ཐོབ་ཐང་ཡོད་ལ།  ཁོང་ཚོར་བདེན་རྫུན་དབྱེ་འབྱེད་ཐུབ་པའི་ནུས་པ་ཡོད་པ་རེད།  ཡིན་ནའང་།  རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་སྟངས་འཛིན་བྱས་ནས།   རྒྱ་ནག་མི་མང་ལ་གནད་དོན་མང་པོ་ཞིག་ཤེས་རྟོགས་བྱེད་ཐབས་མེད་བར་བཟོ་བཞིན་པ་དེ་ནི།   མི་ཆོས་དང་མི་མཐུན་པའི་མ་རབས་ཀྱི་སྤྱོད་ཚུལ་ཞིག་རེད་ཞེས་གསུངས་ནས་   རྒྱ་ནག་གཞུང་གིས།  གསར་འགྱུར་བརྒྱུད་ལམ་ལ་སྟངས་འཛིན་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག   དེ་ནས་ཚེས་༢༠་ཉིན་༧གོང་ས་མཆོག་གིས།  ཨོ་སུ་ཁྲི་རི་ཡའི་ཁ་རིན་ཐི་ཡན་མངའ་སྡེ་ ནང་། ཁྱོན་མི་གྲངས་ ༥༠༠༠ བརྒལ་བར་༼བདེ་སྐྱིད་འཚོལ་ཐབས།༽ སྐོར་བཀའ་སློབ་བསྩལ་རྗེས།   ཁ་རིན་ཐི་ཡའི་མངའ་སྡེའི་སྤྱི་ཁྱབ་ཀྱིས་༧གོང་ས་མཆོག་ལ་ཆེ་བསྟོད།  གསེར་གྱི་གཟེངས་རྟགས་ཞིག་ཕུལ་ཡོད་པ་རེད། ཡང་ཉིན་དེར་༧གོང་ས་གཆོག་གིས།  ཨོ་སུ་ཁྲི་རི་ཡའི་ནང་གནས་སྡོད་བོད་མི་ཚོར་།  བོད་ཀྱི་སྐད་ཡིག་དང་།  རིག་གཞུང་གཅེས་འཛིན་བྱེད་དགོས་པ་སོགས་བླང་དོར་གྱི་བཀའ་སློབ་གནང་འདུག  ཕྱི་ཚེས་ ༢༡ ཉིན་༧གོང་ས་མཆོག་གིས། ཨོ་སུ་ཁྲི་རི་ཡའི་གྲོང་ཁྱེར་ Salzburg ནང་།  ༼འཛམ་གླིང་ཞི་བདེ་དང་།  ཀུན་ཁྱབ་འགན་འཁུར།༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་འདུག


 

 གོང་ས་མཆོག་གི་སྐུ་ཕྱྭའི་གནད་དོན་སྐོར་ལ།  བོད་མིའི་སྒྲིག་འཛུགས་ཀྱིས་ཚེས་༢༠ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་།  ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༦ ནང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན།  རྒྱ་མིའི་གསང་བའི་ལས་ཁུངས་ཀྱིས་བུད་མེད་ཁག་གཅིག་ལ།  དམིགས་བསལ་སྦྱོང་བརྡར་སྤྲད་དེ་༧གོང་ས་༨སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་གནོད་འཚེ་བྱ་རྒྱུ་མ་ཟད། སྐུ་སྲུང་བའི་འཕྲུལ་ཆས་ཀྱིས་ཞིབ་བཤེར་བྱེད་སྐབས།  ཤེས་ཚོར་དཀའ་བའི་མྱོས་རྫས་དུག་རིགས་ཀྱི་རྫས་སྦྱོར་  ཧ་ཅང་ཡར་ཐོན་ཅན་དེ་འདྲ་བརྒྱུད་༧གོང་ས་མཆོག་གི་སྐུ་ ཕྱྭར།  གནོད་འཚེ་བྱ་རྒྱུའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར།   ཞེས་དང་།   ཡང་གསལ་བསྒྲགས་དེའི་ནང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  བོད་མིའི་སྤྱི་ཚོགས་དེ་བཞིན་མང་གཙོའི་ལམ་བཟང་ཐོག  བཅོས་བསྒྱུར་མཛད་ཐབས་དེར་གོ་སྐབས་བཟུང་སྟེ་བོད་མིའི་སྤྱི་ཚོགས་ཁྲོད་མཁྲེགས་བཟུང་ཅན་རེ་ཟུང་ལ་གདེང་སྤོབས་གསར་པ་བསླེབས་ཏེ་ལངས་ཕྱོགས་མི་མཐུན་པ་བཟུང་ཡོད་པ་ནི།  དོལ་རྒྱལ་ཚོགས་པ་ཆགས་ཡོད། ཞེས་བཀོད་འདུག ཡང་སྐབས་དེར་བཀའ་བློན་ཁྲི་ཚབ། པད་མ་ཆོས་འབྱོར་ལགས་ཀྱིས།  གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་ལ།  ཞེད་སྣང་དང་སྔངས་སྐྲག་བྱེད་མི་དགོས་ནའང། བོད་མི་ཚང་མས་གཟབ་གཟབ་བྱ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།

 ཕྱི་ཟླ་༤ ཚེས་༢༩ ཉིན་ཁམས་ལི་ཐང་གི་སྒྱུ་རྩལ་བ།  ཨ་ཐར་ལ་རྒྱ་གཞུང་གིས་མཚོན་ཆ་ལྐོག་ཉར་བྱས་པའི་ཉེས་མིང་འོག  ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག  ད་ལོའི་ཕྱི་ཟླ་༢ པའི་ཚེས་༢༧ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་སྒྱུ་རྩལ་བ་ཨ་ཐར་ལགས།  རྫོང་ཐོག་གི་ཚོང་ཁང་དུ་བསྡད་ཡོད་པའི་སྐབས། གློ་བུར་དུ་ཁོང་གི་ནང་སྔོག་བཤེར་བྱས་ནས།   འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།  སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན ། ཕྱི་ཟླ་༤ བའི་ཚེས་༢༩ ཉིན་སྒྱུ་རྩལ་བ་ཨ་ཐར་ལགས་སུ་ལི་ཐང་རྫོང་མི་མང་ཁྲིམས་ཁང་གིས།   ཁོང་ལ་མཚོན་ཆ་ལྐོག་ཉར་བྱས་ཡོད་པའི་ཉེས་འཛུགས་ཀྱིས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་འདུག  ཁོང་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་ཡིན་པ་དང་། མང་ཚོགས་ཁྲོད་དུས་རྒྱུན་ཁ་ཤགས་སོགས་བཤད་མཁན་ཞིག་ཡིན་པ་ལས། མཚོན་ཆ་ལྐོག་ཉར་སོགས་ཀྱི་ལས་ཀ་རྩ་བ་ནས་བྱེད་མཁན་ཞིག་མིན་ན་ཡང་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་གིས།   ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པས།  ཁོང་གི་ནང་མི་ཚོས་ ་བློ་ཕམ་བྱེད་བཞིན་ཡོད་པ་རེད་ཟེར།   དགུང་ལོ་༣༣ ཡིན་པའི།  སྒྱུ་རྩལ་བ་ཨ་ཐར་ལགས་ཀྱིས་ཉེ་ཆར་བོད་མི་ཚོར་སྙིང་གཏམ་བཤད་པའི་བརྙན་འཁོར་ཞིག་ཀྱང་བརྒྱུད་ལམ་ཁག་ཏུ་འགྲེམས་སྤེལ་བྱས་ཡོད་འདུག །

 བོད་དོན་འཐབ་རྩོད་ཆེད།  རྡ་ས་ནས་ལྷ་སའི་བར་ཞི་བའི་གོམ་བགྲོད་བྱེད་མཁན།  གླིང་ཚ་ཚེ་བརྟན་རྡོར་རྗེ་ལགས་ཀྱིས་གསང་བའི་ངང་ཨ་མ་དང་སྲིང་མོ་གཉིས།   རྒྱ་བལ་ས་མཚམས་ནས་བཞག་ཏེ།    བལ་ཡུལ་ནང་ཉིན་གྲངས་བརྒྱད་རིང་། གོམ་བགྲོད་བྱས་རྗེས། ཚེས་༢༡ Kathmadu ནས་ཀི་ལོ་མི་ཊར་༡༥འི་སར་ཡོད་པའི་ Thumpo Rin ས་གནས་སུ་བལ་པོའི་ཉེན་རྟོག་པས་ཚེ་བརྟན་རྡོ་རྗེ་ལགས་འཛིན་བཟུང་བྱས་འདུག  ཁོང་འཛིན་བཟུང་མ་བྱས་གོང་བརྙན་འཕྲིན་བརྒྱུད་ནས་སྐད་ཆ་ཡོད་པ་ཞིག་འདི་གར་འབྱོར་བའི་ནང་།  ཁོང་གིས་།  ངས་ཞི་བའི་གོམ་བགྲོད་དེ་བལ་ཡུལ་དང་།  བོད་ཀྱི་ས་མཚམས་ལ་སླེབས་སྐབས་རྒྱ་ནག་གི་དམག་མིས།   ང་ལ་ཞི་བའི་གོམ་བགྲོད་བྱེད་ཏུ་མི་འཇུག་པ་ཕལ་ཆེར་གཏན་འཁེལ་བ་རེད།  ཡིན་ན་འང་།  ངའི་ཞི་བའི་འཐབ་རྩོད་།  དུས་དེ་ནས་འགོ་ཚུགས་པ་རེད།   གལ་ཏེ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པ་ཡིན་ན།  བཙོན་ཁང་ནང་འདུག་རྒྱུ་དེ་ངའི་འཐབ་རྩོད་ཀྱི་རྨང་གཞི་ཡིན། ཞེས་གསུངས་འདུག   ཡིན་ནའང་།  ཁོང་བོད་དང་།  བལ་ཡུལ་གྱི་ས་མཚམས་ལ་མ་སླེབས་གོང་བལ་ཡུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་ལྟ་ཆར་གནས་སྟངས་ཤེས་རྟོགས་མེད་པར་གྱུར་འདུག

གྲྭ་མང་ལ་སློབ་གསོའི་ཚབ་ཏུ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད།

Friday, May 18th, 2012

 དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་མ་དང་།  དགེ་བཤེས།  དཔོན་པོ་སོགས་ལ་དགོན་པའི་གྲྭ་བ་རྣམས་དང་།    མི་མང་ལ་སློབ་གསོ་རྒྱག་ཏུ་འཇུག་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར།    ད་ལོའི་སྤྱི་ཟླ་གསུམ་པའི་ནང་ས་གནས་འཐབ་ཕྱོགས་གཅིག་གྱུར་ཁང་དང་།  འབྲེལ་ཡོད་ལས་ཁུངས་ཀྱིས་ཨ་མདོ་བླ་བྲང་དགོན་པའི་དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ལགས་སུ་དགོན་པའི་གྲྭ་མང་ལ་སློབ་གསོ་རྒྱག་དགོས་པའི་རེ་འདུན་བཏོན་པ་ལྟར།  དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གྲྭ་མང་ལ་སློབ་གསོ་རྒྱག་རྒྱུའི་ཚབ་ཏུ།  རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་འབྲེལ་སྲིད་གཞུང་ལ་རེ་འདུན་བཏོན་མང་པོ་ཞིག་བཏོན་ཡོད་གནས་ཚུལ་ཕྱོགས་བསྒྲིགས།

 

གསར་འགྱུར།

Tuesday, May 15th, 2012

ཚེས་༡༤་ཉིན་དབྱིན་ཇུའི་སན་ཐི་པའོ། ཞེས་པའི་ལྷ་ཁང་ཆེན་མོའི་ནང་ གོང་ས་མཆོག་ལ་Templeton ཞེས་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་ཡོད་པ་དང། སྐབས་དེར། Templeton ཐེབས་རྩ་ཁང་གི་འགན་འཛིན་གྱིས། གོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་བར་། འགྲོ་བ་མིའི་བདེ་རྩར་དམིགས་ནས་མཛད་རྗེས་བཞག་ཡོད་པར། ཆེ་བསྟོད་ཀྱི་ཚུལ་དུ་གཟེངས་རྟགས་འདི་ཕུལ་ཡོད་པའི་སྐོར་ངོ་སྤྲོད་གནང་བ་དང་། དེ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཐོག་མར་གཟེངས་རྟགས་འདི་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། འཛམ་གླིང་ནང་གི་དཀའ་རྙོག་རྣམས། ཞི་བའི་གྲོས་མོལ་གྱི་ལམ་ནས་ སེལ་ཐབས་བྱེད་དགོས་པའི་སྐོར་གསུངས་འདུག ད་ཐེངས་གཟེངས་རྟགས་འདི་ལ། ཨ་སྒོར་ས་ཡ་གཅིག་དང་། འབུམ་བརྒྱད་ཙམ་ཡོད་པ་ཚང་མ། ཞལ་འདེབས་སུ་གནང་འདུག དབྱིན་ཡུལ་ནང་རྟེན་གཞི་བྱས་ཡོད་པའི་། བྱིས་པ་སྲུང་སྐྱོབ་ཐེབས་རྩ་ཁང་ལ། ཨ་སྒོར་ས་ཡ་གཅིག་དང་། ཕྱེད་ཀ་གནང་ཡོད་པ་དང། ཨ་སྒོར་འབུམ་གཉིས སེམས་དང་སྲོག་ཅེས་པའི་ཚན་རིག་དང་། ནང་ཆོས་ལ་ཞིབ་འཇུག་བྱེད་མཁན་གྱི་ཚོགས་པ་དེ་ལ་གནང་འདུག དེའི་འཕྲོས་སྒོར་མོ་རྣམས་ རྒྱ་གར་ནང་གི་བོད་ཀྱི་ དགོན་པ་ཁག་ནང་དེང་དུས་ ཚན་རིག་གི་སློབ་གཉེར་གནང་ཆེད་ ཞལ་འདེབས་གསོལ་རས་གནང་འདུག

ཡང་ཉིན་དེར་གོང་ས་མཆོག དབྱིན་ཇིའི་སྲིད་བློན་ David Cameron དང་། སྲིད་གཞོན་པ Nic Clegg གཉིས་ལ་མཇལ་འཕྲད་གནང་འདུག

གནས་ཚུལ་ཡོང་ཁུངས་ལྟར་ན། མཇལ་འཕྲད་སྐབས་། དབྱིན་ཇུའི་དབུ་ཁྲིད་རྣམ་གཉིས་ཀྱིས། བོད་ནང་གི་གནས་སྟངས་ལ་སེམས་ཚབས་ཡོད་སྐོར་གསུངས་ཡོད་པ་དང་། ཡང་གོང་ས་མཆོག་གིས། དབྱིན་ཡུལ་ནང་འཕྲལ་སེལ་གྱི་དཔལ་འབྱོར་གྱི་དཀའ་ངལ་ཡོད་ནའང་། རང་ཉིད་གྱི་རྩ་བའི་ལངས་ཕྱོགས་འཛིན་དགོས་པའི་སློབ་སྟོན་གནང་འདུག དབུ་ཁྲིད་རྣམས་མཇལ་འཕྲད་གནང་བའི་རྗེས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་དང། རྒྱ་ནག་མི་དམངས་ལ་དམའ་འབེབས་བྱས་པ་ཡིན་པས། རྒྱ་ནག་དང་། དབྱིན་ཇིའི་འབྲེལ་ལམ་ལ་འགལ་ཟླ་བཟོས་པ་རེད་ཅེས་བཀོད་ཡོད། འོན་ཀྱང་དབྱིན་ཇིའི་ཕྱོགས་ནས་། སྲིད་བློན་David Cameron ་མི་སུ་དང་མཇལ་འཕྲད་གནང་མིན་ ཁོང་ལ་རང་དབང་རེད། ཅེས་ལན་འདེབས་བྱས་འདུག

ད་ལོའི་སུམ་ཅུའི་དུས་དྲན་ཉིན། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྡ་ས་ནས་ལྷ་ས་བར། ཞི་བའི་གོམ་བགྲོད་འཐབ་རྩོད་འགོ་འཛུགས་ནས། ཟླ་གཉིས་ལྷག་གི་རྗེས། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་གར་དང་། བལ་ཡུལ་མཐའ་མཚམས་སུ་བསླེབས་སྐབས། བལ་ཡུལ་དམག་མིས་ཁོང་ཚོ་བཀག་འགོག་བྱས་ཡོད་པ་མ་ཟད། མ་བུ་གསུམ་པོར་རྡུང་རྡེག་བཏང་སྟེ་ ཨ་མ་ལྡོམ་པོ་སྐྱིད་ལ་རྨས་སྐྱོན་བཟོས་ཡོད་པ་རེད། གནས་ཚུལ་ཡོངས་ཁུངས་ལྟར་ན། ཕྱི་ཚེས་ ༡༤ ཉིན་གྷོ་ར་པུར་ས་གནས་ནས ཞོགས་པའི་དུས་ཚོད་གཉིས་བའི་སྟེང་། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། ཁོང་གི་ཨ་མ་དང་། སྲིང་མོ་གཉིས་ལ་ཤེས་སུ་མ་འཇུག་བར་ཁོང་གཅིག་པོ་གོམ་བགྲོད་འགོ་འཛུགས་བྱས་ནས། ད་ལྟའི་ཆར་གནས་ཆེན་ལིམ་བུ་ནེ། བརྒལ་ནས་བལ་ཡུལ་གྱི་རྒྱལ་ས་ཀན་ཀྲི་མན་ཏུའུ་ཕྱོགས་སུ་ གོམ་བགྲོད་བྱེད་བཞིན་ཡོད་པའི་སྐོར། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ལྡི་ལིར་ཡོད་པའི་ མདོ་སྨད་ས་གནས་རྒྱུན་ལས་ལ ཁ་པར་བཏང་ནས་འགྲེལ་བརྗོད་བྱས་འདུག ཡང་ཁོང་གིས་ཨ་མ་དང་སྲུང་མོ་གཉིས་ལ ལྟ་རྟོག་གནང་རྒྱུའི་རེ་སྐུལ་ཀྱང་ཞུས་འདུག ད་ལྟའི་ཆར ཨ་མ་ལྡོམ་པོ་སྐྱིད་དང་ སྲིང་མོ་ལྷ་མོ་སྐྱིད་གཉིས་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཡས་མས་ཤིག་ལ། མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ ཟམ་ཚ་རོང་དུ་ཡོད་པའི་སྒེར་བཙུགས་སློབ་གྲྭ་ ༼གངས་ལྗོངས་ཤེས་རིག་ཞི་བདེ་ འོད་དཀར་གླིང་། ཞེས་པའི་དྭ་ཕྲུག་སློབ་གྲྭ་དེ། རྒྱ་གཞུང་གིས་སྒོ་བརྒྱབ་འདུག བོད་ནས་འདི་གར་གནས་ཚུལ་བཏང་འབྱོར་བ་ལྟར་ན། སློབ་གྲ་སྒོ་བརྒྱབ་པ་དང་མཉམ་དུ་ སློབ་གྲྭའི་དགེ་རྒན་རང་ལོ་ ༣༣ ཡིན་པའི་སངས་རྒྱས་དོན་གྲུབ་དང་། རང་ལོ་ ༢༨ ཡིན་པའི་འཇམ་དབྱངས་གཉིས་གར་སོང་ཆ་མེད་དུ་གྱུར་འདུག ས་གནས་མི་མང་གིས་ཁོང་གཉིས་རྒྱ་ནག་ཉེན་རྟོག་པས འཛིན་བཟུང་བྱས་པར་དོགས་པ་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་སློབ་གྲྭ་དེ་སྒོ་རྒྱག་དོན་གཙོ་བོ་ནི། སློབ་གྲྭའི་འཁྲིད་གཞི་གཙོ་བོ་བོད་ཡིག་ཡིན་པ་དང་། བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་བོད་སྐད་གཙང་མ་བཤད་རྒྱུར། ཤུགས་རྒྱག་གི་ཡོད་པ་མ་ཟད། འཛིན་རིམ་འཕར་བྱེད་ཀྱི་རྒྱུགས་གཞི་ཡང་བོད་ཡིག་གཙོ་བོར་བཟུང་ཡོད་སྟབས། སྲིད་གཞུང་གིས་མ་འདོད་པ་ཡིན་ཚུལ་བརྗོད་ཀྱིན་ཡོད་འདུག ཡང་འགའ་རེ་ཡིས་སློབ་གྲྭའི་སློབ་གཙོ་ ཨ་བཙུན་བརྩོན་འགྲུས་རྒྱ་མཚོ་ཡིས་སློབ་གྲྭ་དེར་ སློབ་གླུ་ཞིག་བརྩམས་ཡོད་པ་དེའི་ནང་། ཁ་བྲལ་ལ་ངན་སྐུལ་བྱས་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཡོད་ཚུལ་ཉེས་འཛུགས་བྱས་ཡོད་པ་རེད་ཟེར།

གོང་ས་མཆོག་གིས་རྒྱ་ནག་གི་དབང་འཛིན་པ་ཚོར། རང་ལུས་མེ་སྲེག་གི་འབྱུང་རྐྱེན་ལ་ཞིབ་འཇུག་བྱེད་དགོས་པའི་རེ་སྐུལ་གནང་འདུག

Thursday, April 19th, 2012

སྤྱི་ཟླ་བཞི་བའི་ཚེས་༡༦ཉིན། གོང་ས་མཆོག་གིས་ཨ་རིའི་མཚོ་གླིང་མངའ་སྡེ་ཧ་ཝ་ཡེ་རུ་གསར་འགོད་ལྷན་ཚོགས་ཞིག་ཐོག་དྲི་བར་ལན་འདེབས་གནང་བ་གཤམ་གསལ།
དྲི་བ།
ཉེ་ལམ་བོད་མི་སུམ་ཅུ་ལྷག་གིས་རང་ལུས་མེ་བསྲེགས་བཏང་ནས། རྒྱ་ནག་དབང་འཛིན་པར་ངོ་རྒོལ་བྱས་ཡོད་པ་རེད། ཁོང་རྣམ་པས་དེ་འདྲའི་འཚེ་བའི་ལས་དོན་སྤེལ་དོན་ག་རེ་ཡིན་ནམ། ང་ཚོར་ཤེས་རྟོགས་ཆེད་གསུང་རོགས་ཞུ།

གོང་ས་མཆོག་གིས།
དེ་ནི་ཧ་ཅང་ཡིད་སྐྱོ་བའི་དོན་དག་ཅིག་རེད། ང་ཚོས་ཡིད་སྐྱོ་བའི་དོན་དག་འདིའི་འབྱུང་རྐྱེན་ལ་ལྟ་དགོས། དེ་ནི་འདས་པའི་མི་ལོ་ལྔ་ཅུ་འམ། དྲུག་ཅུའི་རིང་ལ་མྱངས་བའི་དཀའ་ཚེགས་ཆེ་བའི་ཉམས་མྱོང་དང་། པན་ཆེན་སྐུ་ཕྲེང་གོང་མ་དགོངས་པ་མ་རྫོགས་པའི་ཉིན་ཁ་ཤས་སྔོན་ལ། ཁོང་གིས་རྒྱ་ནག་གུང་ཁྲན་ཏང་བོད་ནང་ཡོང་ནས་དགེ་མཚན་ལྡན་པའི་ཡར་རྒྱས་བཏང་ཡོད་པ་རེད། ཡིན་ནའང་། བོད་ནང་གཏོར་སྐྱོན་བཏང་བ་དང་། དཀའ་སྡུག་བཟོས་བར་བསྡུར་ཐབས་མེད་པ་ཞིག་རེད། ཞེས་༡༩༨༩ ལོར་ཡོངས་ཁྱབ་ཀྱིས་གསུངས་ཡོད་པ་རེད། དེ་ནས་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་ཕྱིན་པ་རེད། བོད་མིས་མི་འདོད་པའི་རྣམ་འགྱུར་བསྟན་པར་བཙན་གནོན་བྱས་པ་རེད། དེ་ནས་སྤྱི་ལོ་ཆིག་སྟོང་དགུ་ཅུའི་ནང་ལ། གུང་ཁྲན་ཏང་གི་དྲུང་ཆེ་ཞིག་གིས་བོད་ལྗོངས་སློབ་གྲ་ཆེན་མོའི་ནང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བསླབ་གཞི་མེད་པར་བཟོས་ནས། རྒྱ་ཡིག་ནང་ཡོད་པའི་བསླབ་དེབ་བོད་ཡིག་ནང་བསྒྱུར་ནས་བསླབ་ཡོད་པ་རེད། སྐབས་དེར་མི་མང་པོ་ཞིག་གིས་བོད་རང་སྐྱོང་ལྗོངས་ནང་དུ། བསྐྱར་དུ་རིག་གནས་གསར་བརྗེ་འབྱུང་བཞིན་འདུག་ཞེས་སྐྱོན་བརྗོད་བྱས་ཡོད། དེ་ནི་༢༠༠༨་ལོའི་བོད་ནང་དཀའ་རྙོག་གི་འབྱུང་རྐྱེན་རེད། སྐབས་དེར་དྲག་གནོན་བྱས་ནས་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་དང་། གར་སོང་ཆ་མེད་དུ་གྱུར་བ་རེད།
སྐབས་དེར་བོད་ཀྱི་དགོན་སྡེ་ཁག་གི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་ནས། གྲ་བཙུན་མང་པོ་འཛིན་བཟུང་དང་། དགོན་པ་ནས་ཕྱིར་ཕུད་པ་དང་། ཁ་ཤས་གར་སོང་ཆ་མེད་དུ་གྱུར་བ་རེད། རྩ་བའི་ཆ་ནས་བོད་མི་རྣམས་འཚེ་མེད་ཞི་བར་ཡིད་ཆེས་བྱེད་མཁན་ཡིན་པས་གཞན་གསོད་རྒྱུའི་བསམ་པ་མེད་པར། དེ་འདྲའི་བྱེད་ཐབས་ལ་བརྟེན་ནས་རྣམ་འགྱུར་བསྟན་ཡོད་པ་དེ་ཧ་ཅང་ཡིད་སྐྱོ་བ་ཞིག་རེད། དེ་འདྲའི་དོན་རྐྱེན་ཁ་ཤས་བྱུང་མ་ཐག ངས་བཤད་ཡོད། རྒྱ་ནག་གི་དབང་འཛིན་པ་ཚོས། དོན་དག་འདིའི་འབྱུང་རྐྱེན་ལ་ཞིབ་འཇུག་བྱེད་དགོས། ངའི་བསམ་པར། ས་གནས་ཀྱི་དབང་འཛིན་པ་ཚོས་མེ་མདའ་ལ་དད་གུས་བྱེད་བའིན་ཡོས་རེད། སྟབས་མ་ལེགས་པ་ཞིག་ལ་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཚོས་། མའོ་ཙེ་ཏུང་གིས་མེ་མདའི་ཁ་ནས་སྲིད་དབང་ཐོབ་ཟེར་བ་དེ་ལ། ད་དུང་ཡང་ཡིད་ཆེས་བྱེད་ཀྱིན་ཡོད། དེ་ནི་རྒྱལ་ནང་དམག་འཁྲུག་དང་། ཉི་ཧོང་གི་དམག་འཁྲུག་སྐབས་གཅིག་བྱས་ན། རྒྱུ་མཚན་ཡོད་སྲིད་པ་རེད། ཡིན་ནའང་འདས་བའི་ལོ་དྲུག་ཅུའི་རིང་བསམ་བློ་གཏོང་སྟབས་དེ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། རྒྱ་ནག་ནང་དུའང་དཀའ་ངལ་མང་པོ་འཕྲད་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གི་ངོ་རྒོལ་བ་ཚོར་གུ་ཡངས་ཡོད་པ་དང་། བོད་དང་ཞིན་ཅང་ནང་མཁྲེགས་འཛིན་བྱེད་ཀྱིན་ཡོད་པ་རེད། འདས་བའི་ལོ་གཉིས་རིང་། རྒྱ་ནག་གི་སྲིད་བློན་ཝན་ཅ་པའོ་ཡིས་རྒྱ་ནག་ནང་ཆབ་སྲིད་ལ་འགྱུར་བ་གཏོང་དགོས་པ་ཐེངས་མང་བཤད་ཡོད་པ་རེད། ཐ་ན་ཁོང་གིས་རྒྱ་ནག་ནང་ནུབ་ཕྱོགས་ཀྱི་དམངས་གཙོ་ལམ་ལུགས་གྱི་རྣམ་པ་དགོས་ངེས་ཡིན་ཚུལ་་བཤད་ཡོད་། ནམ་རྒྱུན་རྒྱ་ནག་གི་འགོ་ཁྲིད་ཚོས། ནུབ་ཕྱོགས་ཀྱི་དམངས་གཙོ་ལམ་ལུགས་ཀྱི་རྣམ་པ་དེ་ཨེ་ཞེ་ཡའི་ནང་འཚམ་པོ་མིན་ཚུལ་བཤད་ཀྱིན་ཡོད་པ་རེད།
དེ་ནི་རྫུན་གཏམ་རེད། མི་གྲངས་ཆེས་མང་ཤོས་ཡིན་པའི་རྒྱ་གར་ནང ་། ནུབ་ཕྱོགས་གྱི་དམངས་གཙོ་ལམ་ལུགས་གྱི་རྣམ་པ་ལག་བསྟར་བྱེད་བཞིན་ཡོད།
དེ་ནས་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཐའེ་ཝན་སོགས་ཀྱི་ནང་དམངས་གཙོ་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གི་སྲིད་བློན་ཝན་ཅ་པའོ་ཡིས་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་སྐབས། གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་ནག་ཆབ་སྲིད་བཅོས་བསྒྱུར་བྱེད་དགོས། གལ་ཏེ་བཅོས་བསྒྱུར་མ་བྱས་བ་ཡིན་ན། རྒྱ་ནག་ནང་རིག་གནས་གསར་བརྗེ་བསྐྱར་ལངས་ཡོང་བའི་ཉེན་བརྡ་བཏང་ཡོད་པ་རེད། དེ་ནས་ཉིན་གཅིག་གི་རྗེས་སུ། ལྟ་བ་མཁྲེགས་འཛིན་པ་། ཁྲོང་ཆིན་གྲོང་ཁྱེར་གྱི་དྲུང་ཆེ་གནས་དབྱུང་བཏང་བ་རེད། རྒྱ་ནག་གི་འགོ་ཁྲིད་མང་ཤོས་ཀྱིས་བཅོས་བསྒྱུར་བྱེད་རྒྱུར་བསམ་བློ་གཏོང་བཞིན་ཡོད་པ་དེ་ནི་རེ་བ་ཞིག་རེད།

ཤིང་བཟའ་རིན་པོ་ཆེ་ལ་བཅར་འདྲི།

Thursday, March 29th, 2012

 

 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་ནས།  ད་ལོའི་བོད་ཀྱི་ལོ་སར་ཚེས་ ༡ ཉིན་ཏེ།    སྤྱི་ཟླ་གཉིས་པའི་ཚེས ༢༢ ཉིན་ནས་འགོ་འཛུགས་བྱས་ནས།   ཨ་རིའི་ནིག་ཡོག་གྲོང་ཁྱེར་ནང་ཡོད་པའི་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་གསུམ་གྱིས་།  མཉམ་འབྲེལ་རྒྱལ་ཚོགས་ལ་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་རྒྱུས་ལོན་ཆེད།  ཞིབ་འཇུག་ཚོགས་ཆུང་འཕྲལ་དུ་བོད་ནང་ལ་གཏོང་དགོས་པ་སོགས།  དགོས་འདུན་དོན་ཚན་ལྔ་བཏོན་ནས་།  དུས་ངེས་མེད་རིང་ཟས་བཅད་ངོ་རྒོལ་བྱས་ཡོད་པ་རེད།  ད་ཐེངས་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཁྲོད་ཞུགས་མཁན་བོད་མི་གསུམ་ནི།   ཨ་མདོ་མགོ་ལོག་ར་རྒྱ་དགོན་པའི་དགོན་བདག་  ཤིང་བཟའ་རིན་པོ་ཆེ་དང་།   ཨ་རིའི་ནང་གཏན་སྡོད་བྱེད་མཁན།  རྡོ་རྗེ་རྒྱལ་པོ་ལགས།   རྒྱ་གར་ཧ་བྷ་པོ་ས་གནས་ནས་ཡིན་པའི་  ཡེ་ཤེས་བསྟན་འཛིན་ལགས་བཅས་རེད།  ཁོང་གསུམ་གྱིས་རྒྱལ་ཚོགས་མདུན་དུ་ཟས་བཅད་ངོ་རྒོལ་བྱས་ནས།  ཉིན་གྲངས་སུམ་ཅུ་འགོར་བའི་ཉིན་མོ་སྟེ།   སྤྱི་ཟླ་གསུམ་པའི་ཚེས་༢༣་ཉིན།  མཉམ་འབྲེལ་རྒྱལ་ཚོགས་གྱི། སྤྱི་ཁྱབ་དྲུང་ཆེའི་སྐུ་ཚབ།  དངོས་སུ་ ཟས་བཅད་ངོ་རྒོལ་བྱེད་མཁན་ཚོར་། མཇལ་འཕྲད་གནང་ནས་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས། ཁོང་རྣམ་པའི་དགོས་འདུན་རྣམས།    སྒྲུབ་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་པ་ཁས་ལེན་བྱས་རྗེས།  ད་ཐེངས་ཀྱི་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་ཡོད་པ་རེད།

 

རང་སྐྱོན་ངོས་ལེན་བྱེད་དགོས་པའི་བརྡ་ཐོ།

Tuesday, March 13th, 2012

·         ཁམས་ནང་ཆེན་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་། ད་ལོའི་སྤྱི་ཟླ་གཉིས་པའི་ཚེས་བརྒྱད་ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོ། ཉེན་རྟོག་ལས་ཁུངས་ལ་ཡོང་ནས་རང་སྐྱོན་ངོས་ལེན་བྱེད་དགོས་པའི་བརྡ་ཐོ་ཞིག་བཀྲམས་འདུག

nangchen

འཇིགས་མེད་མགོ་རིལ་འཛིན་བཟུང་བྱས་པའི་བརྡ་ཐོ།

Tuesday, March 13th, 2012

  འཇིགས་མེད་ལགས་འཛིན་བཟུང་བྱས་པའི་བརྡ་ཐོ།  ༢༠༠༨ལོར་རང་ཉིད་བློས་བཏང་གིས་བོད་མིའི་བདེ་སྡུག་རླུང་འཕྲིན་དང་། བརྙན་འཕྲིན་ཁག་ནང་བརྗོད་མཁན། བླ་བྲང་དགོན་པའི་གྲ་བ་འཇིགས་མེད། མིང་གཞན་འཇིགས་མེད་མགོ་རིལ་འཛིན་བཟུང་བྱས་པའི་བརྡ་ཐོ། རྒྱ་ནག་གཞུང་འབྲེལ་ཡིག་ཆ།

རྒྱལ་ཚོགས་ཀྱི་མདུན་དུ་ཟས་བཅད་ངོ་རྒོལ།

Monday, March 5th, 2012

 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་ནས།   ཨ་རིའི་ནིག་ཡོག་གྲོང་ཁྱེར་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་གསུམ་གྱིས་།  མཉམ་འབྲེལ་རྒྱལ་ཚོགས་ལ་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཤེས་རྟོགས་སླད་ཞིབ་འཇུག་ཚོགས་ཆུང་འཕྲལ་དུ་བོད་ནང་གཏོང་དགོས་པ་སོགས་དགོས་འདུན་དོན་ཚན་ལྔ་བཏོན་ནས་།  དུས་ངེས་མེད་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

གསར་འགྱུར།

Tuesday, January 10th, 2012

གསར་འགྱུར།

ཟླ་འདིའི་༨་ཉིན་ཨ་མདོ་མགོ་ལོག་ཁུལ།  དར་ལག་རྫོང་དུ།  དགུང་ལོ་༤༢ ཡིན་པའི་དུང་སྐྱོབ་དགོན་པའི་སྤུལ་སྐུ།  བསོད་ནམས་དབང་རྒྱལ་འམ། སྤྲུལ་སྐུ་བསོད་བྷ་ཡིས་ལུས་ལ་ཆོས་གོས་སེར་པོ་གྱོན་པའི་སྟེང་།  ས་སྣུམ་བླུགས་ནས་མེ་སྤར་ཏེ་རང་ ལུས་མེར་བསྲེགས་བཏང་ནས་དགོངས་པ་རྫོགས་འདུག  ས་གནས་བོད་མི་ཞིག་གིིས་བརྗོད་པར་གཞིགས་ན།    ཁོང་གིས་ཡི་གེ་ཞིག་བཀྲམས་ཡོད་པའི་ནང་།  བོད་ལ་རང་དབང་དང་བདེ་སྐྱིད་ཐོབ་ཆེད་དང་། བོད་ནང་རང་ལུས་མེར་བསྲེགས་བཏང་མཁན་གྱི་བོད་མི་ཚོར་དྲན་གསོ་ཞུ་ཆེད།   དེ་བཞིན་རྒྱལ་བ་རིན་པོ་ཆེ་འཇིག་རྟེན་འདིའི་ཐོག་ཡུན་རིང་བཞུགས་ཐུབ་ཆེད་རང་སྲོག་དོར་བ་ཡིན།   བོད་མི་ཚོས་མ་འོངས་པའི་མདུན་ལམ་ལ་ཡིད་ཆེས་མ་བརླག་པ་ཡིན་ན།  བདེ་སྐྱིད་ཀྱི་ཉིན་མོ་ཞིག་ཤར་ངེས་རེད་ཅེས་སོགས་བྲིས་ཡོད་འདུག ཉིན་དེར་རྒྱ་ནག་གི་ས་གནས་ཉེན་རྟོགས་པས།  ཁོང་གི་སྐུ་ཕུང་འཁྱེར་ཡོད་ནའང།  བོད་མི་ཚོ་ས་གནས་ཉེན་རྟོགས་ལས་ཁུངས་སུ་བསྐྱོད་དེ་།  བསོད་བྷ་སྤྲུལ་སྐུའི་སྐུ་ཕུང་སྤྲོད་དགོས་པའི་ཞུ་འབོད་དང།  ངོ་རྒོལ་བྱས་བར་བརྟེན་སྐུ་ཕུང་མི་མང་ལ།  རྩིས་སྤྲོད་བྱས་ཡོད་འདུག་ལ། མི་མང་སྟོང་ཕྲག་ཁ་ཤས་མཉམ་དུ་འཛོམས་ནས་ སྤྲུལ་སྐུ་བསོད་བྷ་ཡི་ཆེད་དུ་མ་ཎི་བསོགས་སྒྲུབ་བྱེད་བཞིན་ཡོད་པ་རེད་འདུག

 

རྔ་པ་རྫོང་བར་མ་ཞང་ནས་ཡིན་པ།  རང་ལོ་༢༠ སོན་པའི་ཚུལ་ཁྲིམས་དང་།  རྔ་པ་རྫོང་མཐའ་བ་གོང་མ་ནས་ཡིན་པ།   རང་ལོ་༢༠ ཡས་མས་ཡིན་པའི་བསྟན་ཉི་གཉིས་ཀྱིས་ཕྱི་ཟླ་ དང་པའི་ཚེས་དྲུག་ཉིན།  རྔ་པ་རྫོང་མཁར་གྱི་བཞི་མདོའི་མགྲོན་ཁང་ཞིག་གི་ར་སྐོར་ནང་།  རང་ལུས་མེར་སྲེག་བཏང་སྟེ།  རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག ཅེས་སྐད་འབོད་བྱེད་སྐབས་། བསྟན་ཉི་ལགས་ཉིན་དེར་གྲོངས་ཡོད་པ་དང་། ཚུལ་ཁྲིམས་ཚེས་ ༧ ཉིན་གྱི་མཚན་མོ་གྲོངས་ཡོད་འདུག  གཞན་ཡང་ན་ནིང་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་རང་ལུས་མེར་སྲེག་བཏང་ནས་སྐད་འབོད་བྱེད་མཁན།  རྔ་པ་རྫོང་སོ་རུ་མ་ནས་ཡིན་པའི་   ནོར་བུ་དགྲ་འདུལ་ལགས་ཟླ་འདི་ཚེས་ ༥ ཉིན་འབར་ཁམས་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་ཀྱང་ཁོང་གི་སྐུ་ཕུང་ནང་མིར་ཕྱིར་སྤྲོད་མ་བྱས་པར།  རྒྱ་གཞུང་གིས་མེར་སྲེག་བཏང་ནས་རུས་ཐལ་ཞིག་ནང་མིར་སྤྲད་འདུག ཡང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་མགྲིན་ཚབ་པས། འདས་པའི་ཉིན་ཁ་ཤས་རིང་།  སླར་ཡང་བོད་མི་གསུམ་གྱིས་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་བྱུང་བའི་ཐོག  ཨ་མི་རི་ཀས་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད་ལ།   ཨ་མི་རི་ཀའི་ཕྱོགས་ནས་དོན་རྐྱེན་དེའི་ཐད་། རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་ངེས་པར་དུ་གླེང་སློང་གནང་གི་ཡིན་ཞེས་གསུངས་འདུག

 

བླ་བྲང་ཨ་མཆོག་ཏུ་རྒྱ་ནག་ཉེན་རྟོག་པས།  བོད་མི་གཅིག་དམར་གསོད་དང་སྡེ་བའི་མཐའ་བསྐོར་ནས་དམ་དྲག་བྱེད་བཞིན་ཡོད་ཡོད་འདུག  བོད་ནས་ཐད་ཀར་གནས་ཚུལ་འབྱོར་བ་ལྟར་ན།  བླ་བྲང་ཨ་མཆོག་ཚོ་བ་བརྒྱད་ཀྱི་གནས་རི།  ཨ་མྱེས་གོང་སྔོན་ཞེས་པའི་ཉེ་འདབས་ན་ཡོད་པའི་རྩྭ་ཐང་དུ། རྒྱ་ནག་གཞུང་གིས་གནམ་ཐང་ཞིག་འཛུགས་སྐྲུན་བྱེད་ཀྱིན་ཡོད་པར། ས་གནས་ཨ་མཆོག་མི་མང་གིས།  དེར་ངོ་རྒོལ་བྱེད་བཞིན་ཡོད་འདུག  ཉེ་ཆར་གནམ་ཐང་འཛུགས་སྐྲུན་གྱི་ལས་ཀ་བྱ་ཡུལ་ནས།  གུར་གཉིས་བོར་བརླག་ཏུ་སོང་ཡོད་པས། སྤྱི་བདེ་ཚན་པས་གུར་དེ་གཉིས་རྐུ་མཁན་བླ་བྲང་ཨ་མཆོག་རང་སྒོ་སྡེ་བའི།  གུར་མགོ་ཚེ་བརྟན་དང་། ནན་བྷ་སྡེ་བའི་མགོན་པོ་སྐྱབས་གཉིས་ཡིན་པར་དོགས་པ་ཟས་ནས་ ཚེས་༨་ཀྱི་མཚན་མོར་རྒྱ་ནག་ཉེན་རྟོག་དམག་མི་དང་། སྤྱི་བདེ་མི་སྣ་སྐོར་ཞིག  བླ་བྲང་ཨ་མཆོག་ཞང་གི་ནན་བྷ་སྡེ་བར་ཡོང་ནས། མགོན་པོ་སྐྱབས་ཚང་གི་མགྲོན་པོ་བྱས་ནས། བསྡད་ཡོད་པའི་གུར་མགོ་ཚེ་བརྟན་ལགས་ལ་མེ་མདས་བརྒྱབ་ནས་བསད་པ་དང༌། མགོན་པོ་སྐྱབས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་འདུག  དོན་རྐྱེན་དེ་ལ་བརྟེན་ནས། ས་གནས་མི་མང་གིས་། སྤྱི་བདེ་ལས་ཁུངས་ཀྱི་སྒོ་དང་།  སྒེའུ་ཁུངས་སོགས་བཅག་ནས་ངོ་རྒོལ་བྱས་སྟབས། རྒྱ་ནག་གི་ཆེད་ལས་དམག་དཔུང་དང་། ཉེན་རྟོག་དམག་མིའི་རླངས་འཁོར་༢༠ལྷག་ཚེས་༩འི་ཉིན་གྱི་ཕྱི་དྲོར་བླ་བྲང་ཨ་མཆོག་ཏུ་ཡོང་ནས་དམ་དྲག་བྱེད་བཞིན་ཡོད་འདུག

 

གནས་མཆོག་རྡོ་རྗེ་གདན་དུ་གོང་ས་མཆོག་གིས་ཆོས་ཞུ་ཉིས་འབུལ་ཙམ་ལ།  དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གནང་གྲུབ་ནས། ཚེས ༡༠ ཉིན་ཆོས་ཞུ་བ་ཚོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་རྗེས། བརྟན་ཞུགས་ཕུལ་འདུག

༧གོང་ས་མཆོག་གིས་ཆོས་ཞུ་ཚོར་ཚེ་དབང་གནང་རྗེས།  བཀའ་སློབ་ཕེབས་དོན་ལ། ད་རེས་གནས་རྩ་ཆེན་པོ་འདིར་སྔོན་འགྲོའི་གསུང་ཆོས་ཁག་དང་  དུས་འཁོར་བཀའ་དབང། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཅས་ཡོངས་སུ་གྲུབ་ཏེ་དགེ་བ་ཕུན་སུམ་ཚོགས་པབྱུང་ཡོད་པ་རེད། དུས་འཁོར་བཀའ་དབང་གི་ཁས་ལེན་དམ་བཅའ་ནི། འདོན་པ་འདོན་རྒྱུ་དེ་ཁོ་ན་མ་ཡིན་པར  གཙོ་བོ་སྟོང་ཉིད་དང་བྱང་ཆུབ་སེམས་ཉམས་ལེན་བྱེད་རྒྱུ་དེ་རེད། སྟོང་ཉིད་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཇི་ཙམ་བྱས་པདེའི་ཚོད་ཀྱིས་ཁ་འདོན་དགེ་སྦྱོར་བྱ་རྒྱུར་ནུས་པ་ལྡན་པ་ཞིག་ཡོང་གི་ཡོད།  ང་ཚོ་ཚང་མས་འདིར་དགེ་བ་ཆེན་པོ་བསྒྲུབ་རྒྱུའི་སྐལ་བ་བཟང་པོ་བྱུང་ཡོད་  ཞེས་བཀའ་སློབ་ཕེབས་འདུག  དེ་ནས་གོང་ས་མཆོག་གི་སྐུ་ཚེ་ཞབས་པད། བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དགལྷུན་གྱིས་འགྲུབ་པ་དང་  སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་གོང་མཐོར་འཕེལ་སླད་བརྟན་བཞུགས་ཕུལ་ཡོད་པ་རེད།

གསར་འགྱུར།

Tuesday, December 27th, 2011

 

   ཨ་མདོ་རྔ་པ་རྫོང་འབྲིང་རིམ་མི་མང་ཁྲིམས་ཁང་གིས།  བོད་མི་ཞིག་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག འདི་གར་གནས་ཚུལ་འབྱོར་བ་ལྟར་ན།   ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་རྔ་པ་རྫོང་། གཅའ་ཞང་རྭ་རུ་བའི་བློ་རིས་ཚང་གི་བུ་ཚེ་རིང་། རང་ལོ་ ༢༦ ཡིན་པ་ཁོང་ལ།  རྔ་པ་རྫོང་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། མི་རིང་བར་ས་གནས་གཞན་དུ་སྐྱེལ་རྒྱུ་ཡིན་འདུག ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་།  ཕྱི་ལོ་ ༢༠༠༧ ཙམ་ལ་གྲྭ་པ་ལོག་ནས།  འབྲོག་སར་ནང་མི་དང་མཉམ་དུ་བསྡད་འདུག  ཕྱི་ལོ་ ༢༠༠༨ ལོར་རྔ་བ་རྫོང་།  གཅའ་ཞང་ཐོག་ཏུ། ངོ་རྒོལ་གྱི་སྣེ་ཁྲིད་པ་དང་། ཉེས་ཅན་གཏེ་བོ་ཡིན་ཟེར་ནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་རྩད་གཅོད་རིམ་པར་བྱས་ཏེ། ༢༠༡༠ ཟླ་ ༤ བའི་ནང་རྔ་པ་རྫོང་ཐོག་གི་ཟ་ཁང་ཞིག་ཏུ།  ཚེ་རིང་འཛིན་བཟུང་བྱས་ནས་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་།  ཐག་གཅོད་གང་ཡང་མ་བྱས་པར་རྔ་པ་རྫོང་ཏུ་བཀག་ཉར་བྱས་ཡོད་འདུག

 

  རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི།  ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ།  བཙོན་ཁང་ནང་

སྙུང་གཞི་བཞེས་ནས་སྐུ་གཟུགས་ཀྱི་གནས་སྟངས་སྡུག་ཏུ་སོང་་ཡོད་པ་རེད་འདུག  གནས་ཚུལ་ཡོངས་ཁུངས་ལྟར་ན། ཉེ་ཆར་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཡི་སྲིང་མོ་གཉིས་བཙོན་ཁང་དུ།   ཁོང་ལ་མཇལ་འཕྲད་གནང་སྐབས།  ཁོང་གི་རྐང་པར་སྙུང་གཞི་བྱུང་ཡོད་པ་དང་།  སྐུ་གཟུགས་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་སོང་ཡོད་པ་དངོས་སུ་མཐོང་འདུག   རྒྱ་ནག་གཞུང་གིས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལ། ༢༠༠༢་ལོར་ས་གནས་དེར། འབར་རྫས་སྤར་བའི་ཉེས་འཛུགས་བྱས་ནས་སྲོག་ཁྲིམས་བཅད་ཡོད་པ་དང་། ༢༠༠༥ ལོར་ཁོང་གི་སྲོག་ཁྲིམས་དེ་ཚེ་བཙོན་དུ་བསྒྱུར་ཡོད་པ་རེད།  རྒྱལ་སྤྱིའི་སྟེང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས།  རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལ། དྲང་བདེན་གྱི་ཁྲིམས་བཤེར་བྱས་མེད་པར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།

 

  བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས།  གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་དུས་འཁོར་དབང་ཆེན་ལ་ཕེབས་པ་ཚོར་།  བཙན་བྱོལ་ཏུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་འདུག

རེས་གཟའ་ཉི་མའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས། གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་མཁན་བོད་ནས་ཕེབས་པ་ཚོར།  ཐོག་མར་བོད་མི་ཚོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་འཕོ་བསྒྱུར་སོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་འདུག  གནས་མཆོག་རྡོར་རྗེ་གདན་དུ་གོང་ས་མཆོག་གིས།   ཟླ་འདིའི་ཚེས་ ༣༡ ནས་བཟུང་།  ཉིན་གྲངས་བཅུའི་རིང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུ་ཡིན་པ་དང་། ད་ལྟ་ནས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཆོས་ཞུ་བ་ཧ་ཅང་མང་པོ་གནས་མཆོག་རྡོ་རྗེ་གདན་ལ་འདུ་འཛོམས་བྱུང་ཡོད་པ་རེད

 

༤ ཐེ་ཝན་ནང་རྒྱ་ནག་གི་མང་གཙོའི་ལས་འགུལ་དང་།  མ་འོངས་པའི་བོད་ཅེས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཞིག་ཚོགས་འདུག།

ཐེ་ཝན་དུ་ཡོད་པའི་བོད་རིགས་ཚོགས་པ་དང༌། བོད་རྒྱ་མཐུན་ཚོགས་གཉིས། མཉམ་འབྲེལ་གྱིས་གོ་སྒྲིག་བྱས་པའི་། རྒྱ་ནག་གི་མང་གཙོའི་ལས་འགུལ་དང་།  མ་འོངས་པའི་བོད་ཅེས་པའི་ཚོགས་འདུར་དེར།  ཨ་རི་དང་། རྒྱ་གར།  ཧོང་ཀོང་ རྒྱ་ནག་སྐམ་ས་ཆེན་མོ་སོགས་ནས་ དགེ་རྒན་ཆེན་མོ་དང་ ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གི་མང་གཙོ་དང་། བོད་ཀྱི་གནད་དོན་སྐོར་ལ་གསུང་བཤད་གནང་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྐབས། ཚོགས་ཞུགས་ཡོངས་ནས་། ཕན་ཚུན་བསམ་ཚུལ་བརྗེ་རེས་དང་།  བགྲོ་གླེང་ལྷུག་པོ་གནང་ཡོད་པའི་སྐོར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག