གནས་བསྐོར་ཟིན་ཐོ།

...now browsing by category

 

གྲོགས་དམ་པ། ཁྱེད་རང་ཕེབས་སོང་།

Monday, April 8th, 2013

གྲོགས་དམ་པ། བློས་ཐུབ་ཀྱི་གྲོགས་པོ་ལགས།

ཁྱེད་རང་ཕེབས་སོང་། ཁྱེད་རང་དངོས་སུ་ཕེབས་སོང་བའི་གནས་ཚུལ་ཐོས་དུས། ང་རང་ཐའེ་ལན་གྱི་རྒྱལ་ས་སྦེན་ཁོག་གི་རྒྱལ་སྤྱིའི་གནམ་ཐང་ཉེ་འཁྲིས་ཀྱི་མགྲོན་ཁང་ཞིག་ཏུ་ཡོད། གྲོགས་པོ་ལགས། ཁྱེད་རང་ཕེབས་རྒྱུ་ཡིན་པ། ཁྱེད་དང་ངེད་གཉིས་ཀྱིས་སྔོན་མ་ནས་ཤེས་ཡོད་པ་ཁྱེད་ཀྱིས་ཀྱང་མཁྱེན་གསལ་རེད། ཡིན་ནའང་ཁྱེད་ཉིད་དངོས་སུ་ཕེབས་སོང་བའི་གནས་ཚུལ་དེ་མདའ་མོ་བཞིན་ངའི་སྙིང་ལ་ཕོག་བྱུང་། ངས་མིག་གཉིས་བཙུམ་ནས་མ་ཎི་འདོན་སྐབས། སྤྲིན་ནག་མཁྲིགས་པའི་ལུང་ཁུག་དོག་མོ་ཞིག་ནས་ཁྱེད་ཀྱི་སྨིན་མ་མཐུག་པའི་མིག་ཟུང་ལས་ལྷད་མེད་ཀྱི་བརྩེ་མདངས་མངོན་བཞིན་ང་ལ་བལྟས་འདུག ངས་ཁྱེད་ཀྱི་མཚན་ནས་ཐེངས་ཁ་ཤས་བོས་ནའང། ཁྱེད་ཀྱིས་ནམ་རྒྱུན་གྱི་འཛུམ་མདངས་དེ་བསྟན་ནས། ཅི་ཡང་མ་བཤད་པར་སྤྲིན་ནག་མཁྲིགས་པའི་ལུང་ཁུག་དོག་མོ་དེ་བརྒྱུད་ནས་ཕེབས་སོང་། ངས་སེམས་ཁྲལ་དང་བཅས་ཁྱེད་ཀྱི་རྗེས་དེད་ནས་ཡོང་བ་ཡིན། ཅུང་མ་འགོར་བར། སྤྲིན་ནག་མཁྲིགས་པའི་ལུང་ཁུག་དོག་མོ་དེ་ལས་བརྒལ་ནས། མཛེས་སྡུག་ལྡན་པའི་མཐའ་ཡས་པའི་རྩྭ་ཐང་ཞིག་དུ་སླེབས་བྱུང་། ངས་མུ་མཐུད་ནས་ཁྱེད་ལ་བལྟས་བསྡད་པ་ཡིན། ཁྱེད་ཀྱི་ཁ་ཕྱིར་འཁོར་ནས་ངེད་གཉིས་ཀྱི་བཤད་ཚར་མེད་པའི་བོད་ཀྱི་མདུན་ལམ་དང་། སོ་སོའི་མི་ཚེའི་སྐོར་མུ་མཐུད་དུ་གླེང་མོལ་བྱེད་རྒྱུའི་རེ་བ་བྱས་པ་ཡིན། ཡིན་ནའང་ཁྱེད་ཀྱིས་ཁ་ཕྱིར་མ་འཁོར་བར་མུ་མཐུད་དུ་མཐའ་ཡས་པའི་རྩྭ་ཐང་སྟེང་ཕེབས་སོང་། ག་ལེར་ཕེབས་སོང་། ཁྱེད་ཀྱི་གཟུགས་བརྙན་དེ་མེ་ཏོག་སྣ་མང་བཞད་ཅིང་། རི་དྭགས་སེམས་ཅན་བག་ཡངས་ངང་གནས་པའི་རྩྭ་ཐང་དེེར་ཐིམས་ནས་ངའི་མིག་ལམ་ནས་ཡལ་སོང་། ངས་མིག་ཕྱེས་དུས་མིག་ཆུ་རྡོག་རྡོག་ཞིག་མཁུར་ཚོས་བརྒྱུད་ནས་ངའི་མདུན་དུ་ཡོད་པའི IPad སྟེང་ལ་ཟེགས་འདུག

image

༡༩༩༥ ལོར་རྡ་ས། ཆབ་བྲག་ལྷ་མོ་སྐྱབས། མགོན་པོ་ཚེ་རིང་། དཔལ་ལྡན་རྒྱལ། རྡོ་རྗེ་ཚེ་བརྟན།

གྲོགས་དམ་པ། བློས་ཐུབ་ཀྱི་གྲོགས་པོ་ལགས།

ལོ་ངོ་ཉེར་ལྔའི་སྔོན་ལ། གནའ་མཁར་ཟི་ལིང་དུ། ངེད་ཚོས་ལོ་ངོ་ཉི་ཤུར་སོན་པའི་གཞོན་ནུའི་སྣང་བ་མཐོན་པའི་ལ་རྒྱ་དང་། སྤོབས་པ་ཆེན་པོས་རང་ཉིད་ཀྱི་བྲང་ཁོག་ཁུ་ཚུར་གྱིས་རྡུང་བཞིན་མི་རིགས་ཀྱི་མདུན་ལམ་གླེང་བ་ངེད་གཉིས་ཀྱིས་ག་ལ་བརྗེད།

ལོ་ངོ་ཉི་ཤུའི་སྔོན་ལ། བཙན་བྱོལ་བའི་ལྟེ་གནས་རྡ་རམ་ས་ལར་ངེད་གཉིས་ཀྱིས་བོད་ཕྲུག་ཁྱིམ་སྡེར་འགྲོ་སའི་ལམ་ཁར་ཡོད་པའི་དུར་ས་དེ་རུ། ཆང་འཐུང་ཞོར་སྙན་ངག་འབྲི་བཞིན་དོན་དངོས་དང་། རྟོག་འཆར་མཉམ་བསྲེས་ངང་འཚོ་བ་བསྐྱལ་བའི་གནས་སྟངས་དེ་ངེད་གཉིས་ཀྱིས་ག་ལ་བརྗེད།

ནུབ་ཕྱོགས་སླེབས་ནས་། རྟོག་འཆར་དང། དོན་དངོས་ཀྱི་དབྱེ་བ་ཕྱེས་ནས། འདས་ཟིན་པའི་འཚོ་བར་གླེང་བཞིན། གཅེས་ཕྲུག་གཉིས་བང་དུ་བཟུང་ནས་འདོད་བློ་ཅུང་་ཚིམས་པའི་འཚོ་བར་རོལ་རྒྱུའི་གོ་སྐབས་ཤིག་བྱུང་བ་ངེད་གཉིས་ཀྱིས་ག་ལ་བརྗེད།

ལྷག་པར་དུ། ༢༠༡༡ ལོའི་སྤྱི་ཟླ་བཅུ་བའི་ནང་། ང་ཚོ་གྲོགས་པོ་ཁ་ཤས་ས་ཐག་རིང་པོ་ནས་ཆེད་མངགས་ཁྱེད་ལ་འཚམ་འདྲིར་ཡོང་བའི་རྗེས་ནས་ད་ལྟའི་བར་གྱི་ལོ་གཅིག་ལྷག་གི་རིང་། ཁ་པར་བརྒྱུད་ནས་བོད་རྒྱའི་འབྲེལ་ལམ་དང་། མི་རིགས་འདིའི་མདུན་ལམ་གླེང་ཞོར། མི་ཚེའི་རིན་ཐང་སྐོར་རྒྱུན་དུ་གླེང་མོལ་བྱས་པ་ངེད་གཉིས་ཀྱིས་ག་ལ་བརྗེད།

སྐྱེས་བར་མགོ་རྔ་ཡོད་ཀྱང་། འཆི་བར་་མགོ་རྔ་མེད་ཅེས་པ་ལྡོག་ཐབས་ཡོད་ན། ཁྱེད་ཉིད་དི་ལྟར་ཕེབས་དོན་མེད། ང་དུས་བརྟན་དུ་ཁྱེད་དང་མཉམ་དུ་ཡོད། གྲོགས་པོ་ལགས། ངའི་མི་ཚེ་ནང་ཁྱེད་ལྟ་བུའི་གྲོགས་པོ་ཞིག་ཡོད་པ་ངའི་བསོད་ནམས་དང་བདེ་སྐྱིད་ཡིན་ལགས།

ཁྱེད་ཀྱི་གྲོགས་པོ་དཔལ་ལྡན་རྒྱལ་གྱིས།

ཨ་རིའི་རང་བཙན་ཉིན་མོ།

Tuesday, July 10th, 2012

ཟླ་བ་བདུན་པའི་ཚེས་བཞི་ཉིན་ནི།  ཨ་མི་རི་ཀར་དབྱིན་ཇུའི་དབང་འཛིན་འོག་ནས་རང་བཙན་ཐོབ་པའི་ཉིན་མོ་ཡིན་པས།   ཉིན་དེར་ཨ་རིའི་རྒྱལ་ཡོངས་སུ་གཞུང་གི་ལས་ཁུངས་ཚང་མ་གུང་གསེང་བཏང་ནས་།     རང་བཙན་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་པ་རེད།

རྒྱལ་ས་ཝ་ཞིན་ཏོན་དུ།

རྒྱལ་ས་ཝ་ཞིན་ཏོན་དུ།

སྔོན་ཆད་ཨ་མི་རི་ཀའི་གླིང་ཆེན་འདིའི་ནང་།   ས་སྐྱེས་རྡོ་སྐྱེས་ཀྱི་གདོད་མིའི་མི་རིགས་གནས་སྡོད་བྱས་ཡོད་ནའང་།   ༡༤༩༠ནང་ཡོ་རོབ་ནས་མི་དཀར་པོ། ཨ་མི་རི་ཀི་གླིང་ཆེན་འདིར་ཡོང་ནས་  རིམ་བཞིན་དབང་བསྒྱུར་བྱས་ཏེ།   དབྱིན་ཇུའི་རྒྱལ་ཁབ་ཀྱི་དབང་འོག་ཏུ་གནས་ཡོད་པ་དང་།   དེ་ནས་ ༡༧༧༥ ལོར། ཨ་རིའི་མི་མང་གིས་དབྱིན་ཇུའི་སྲིད་གཞུང་ལ་༼དཔྱ་ཁྲལ་སྤྲོད་འདོད་མེད་༽ ཞེས་།  ཨ་རིའི་གསར་བརྗེ་ལས་འགུལ་འགོ་ཙུགས་ནས་   ཨ་རིའི་མི་མང་གིས་དབྱིན་ཇུའི་དབང་འཛིན་པར་ངོ་རྒོལ་བྱས་ཏེ།   ༡༧༧༦ ལོར་ཨ་རིར་རང་བཙན་ཐོབ་ནས་ལོ་དེའི་ཟླ་བ་བདུན་པའི་ཚེས་༤ ཉིན།  རང་བཙན་གསལ་བསྒྲགས་བྱས་ཡོད་པ་རེད།    དེ་ནས་བཟུང་ཨ་རིའི་མི་མང་གིས།  ལོ་ལྟར་ཟླ་བ་བདུན་པའི་ཚེས་༤་ཉིན།   རང་བཙན་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་པ་རེད།   ལྷག་པར་དུ་༡༩༤༡་ལོར་།    ཨ་རིའི་གཞུང་གིས།  རང་བཙན་ཉིན་མོ་ལོ་ལྟར་ཟླ་བ་བདུན་པའི་ཚེས་ ༤ ཉིན་ ཨ་རིའི་རྒྱལ་ཡོངས་སུ་  གཞུང་གི་ལས་ཁུངས་ཚང་མ་གུང་གསེང་ཡིན་པ་གཏན་འབེབས་བྱས་ཡོད་པ་རེད།   ཨ་རིས་རང་བཙན་ཉིན་མོ་སྲུང་བརྩི་བྱེད་སྟངས་ནི།  རྒྱལ་ཡོངས་རང་བཞིན་གྱི་མཛད་སྒོ་སོགས་མེད་ནའང་།   གཞུང་གི་འགྲོ་སོང་བཏང་ནས་ས་གནས་སོ་སོར་ཤོག་སྦག་རྒྱག་པ་དང་།  རོལ་དབྱངས་འདུ་འཛོམས་བྱེད་པ།  རྒྱས་སྤྲོས་མ་ཡིན་པར་ནང་མི་དང་།  གྲོགས་པོ་རྣམས་ལྷན་འཛོམས་ཀྱིས་རང་བཙན་ཉིན་མོ་སྲུང་བརྩི་བྱེད་སྲོལ་ཡོད་པ་རེད།

བློ་བཟང་རམས་པ།

Tuesday, June 7th, 2011
བློ་བཟང་རམས་པ།

བློ་བཟང་རམས་པ།

ཚེས་༥སྟེ། རེས་གཟའ་ཉི་མའི་ཉིན་ཝ་ཤིན་ཏུང་གྲོང་ཁྱེར་སྲང་ལམ་ ༡༨ སྟེང་། ལོ་ན་གཉིས་དང་ཕྱེད་ཀར་སོན་པའི་བུ་ཆུང་ཉི་ཟླ་དང་། ངེད་གཉིས་དཔེ་དེབ་རྙིང་བ་བཙོང་སའི་ཚོང་ཁང་ཞིག་ཏུ་སོང་བ་ན།  ༼ལྷ་ས་ནས་ཕེབས་པའི་སྨན་པ།༽  བློ་བཟང་རམས་པས་བརྩམས་ཞེས་པའི་དེབ་རྙིང་ཞིག་མཐོང་།  དེབ་འདིས་ངའི་ཡིད་ཀྱི་དྲན་པ་ལོ་བཅུ་བཞི་ཡར་སྔོན་དུ་ཕྱིར་འཁྲིད་བྱས་སོང༌། དེ་ནི་༡༩༩༤་ལོའི་དབྱར་ཁའི་ཉིན་ཞིག་ལོན་དོན་གྲོང་ཁྱེར་ནང་དུ་དགོང་དྲོ་གསོལ་ཚིགས་ཞིག་གི་སྐབས་སུ།   ལོ་ན་བཞི་བཅུ་ཡས་མས་ལ་སོན་པའི་དབྱིན་ཇུའི་བུད་མེད་ཞིག་གིས།  “ངས་བློ་བཟང་རམས་པས་བརྩམས་པའི་སྦྱན་མིག་གསུམ་པ་དང༌། ལྷ་ས་ནས་ཕེབས་པའི་སྨན་པ་ཅེས་པའི་བོད་སྐོར་གྱི་དེབ་གཉིས་བཀླགས་མྱོང་།  བོད་ནི་མཛེས་སྡུག་ཡིད་ཏུ་འོང་བའི་གནས་ཞིག་རེད། ཡིན་ནའང་བོད་མི་ཞིག་ལ་མཇལ་བ་ཐོག་དང་པོ་ཡིན་པས་ཧ་ཅང་དགའ་བོ་བྱུང་།”  ཟེར། 

dr1  དེ་ནི་ངའི་བློ་བཟང་རམས་པ་ཞེས་པའི་མིང་འདི་གོ་བ་ཐོག་མ་ཡིན།  དེ་ནས་ངས་བློ་བཟང་རམས་པའི་སྐོར་ལ་ཉམས་འཇོག་བྱས་པ་ཡིན། ཁོང་ནི་དབྱིན་ཇུ་བ་ཞིག་ཡིན་པ་ལས་བོད་པ་མ་རེད། ཁོང་གི་དབྱིན་ཇུའི་མིང་ལ་Cyril Henry Hoskin (8 April 1910 – 25 January 1981)ཟེར་བ་དང་།   བོད་ལ་ཕེབས་མྱོང་མེད་ནའང་། བོད་པའི་གྲྭ་བ་ཞིག་ལ་བརྫུས་ནས་བོད་ནང་གི་གནས་སྟངས་སྐོར་གྱི་དེབ་ཁ་ཤས་བརྩམས་འདུག དེབ་དེ་དག་གིས་སྤྱི་ལོ་༥༠་དང་༦༠་ནང་འཛམ་གླིང་དང་ཁེར་ཆད་དུ་གནས་པའི་བོད་གྱི་རྣམ་པ།    གསང་བ་ལྐོག་གྱུར་ལྟ་བུའི་འཛམ་གླིང་མི་མང་དཀྱུས་མ་ཚོར་ངོ་སྤྲོད་བྱས་འདུག
དེ་རིང་དཔེ་དེབ་རྙིང་བ་བཙོང་ས་དེ་རུ  ༼ལྷ་ས་ནས་ཕེབས་པའི་སྨན་པ།༽  བློ་བཟང་རམས་པས་བརྩམས་ཞེས་པའི་དེབ་དེ་ངས་བསམ་བློ་ཅི་ཡང་གཏོང་མ་དགོས་བར་རང་བཞིན་གྱིས་ཉོས་ཡོང་བ་ཡིན།

ཁ་བ་ཁྲོད་ཀྱི་ཝ་ཤིན་ཏུང༌།

Tuesday, February 9th, 2010

ཚེས་༥ཉིན་གྱི་དགོང་མོ་ནས་ཚེས་༦་ཉིན་གང་བོར་ཨ་རིའི་རྒྱལ་ས་ཝ་ཤིན་ཏུང་ལ་ཁ་བ་ཆེན་པོ་བབས། གྲོང་ཁྱེར་ནང་དུ་ཨིན་ཀྲི་ཉེར་བཞི་བབས་སོང༌། གྲོང་ཁྱེར་འདིའི་ནང་ཁ་བ་འབབ་ཚད་ཀྱི་ཟིན་ཐོ་གཏོར་མེད་ཀྱང༌། ལོ་རྒྱུས་ནང་གི་ཁ་བ་འབབ་ཚད་ཆེ་ཤོས་ཞིག་རེད།  དབུས་གཞུང་གི་ལས་ཁུངས་ཚང་མ་རེས་གཟའ་ཟླ་བ་ནས་ལྷག་པ་བར་ཛ་དྲག་གི་གུང་གསེང་བཏང་བྱུང༌། གཟའ་ཕུར་བུའི་ཉིན་ཀྱང་ལས་ཁུངས་སུ་འགྲོ་ཐུབ་མིན་ཐེ་ཚོམ་གྱི་གནས་སུ་འདུག ང་ཁ་བ་ལ་དུངས་བས།ཚེས་༧་ཉིན་པར་ཆས་ལག་ཏུ་བཟུང་ནས་ཝ་ཤིན་ཏུང་གྲོང་ཁྱེར་ནང་བསྐོར་བ་ཐེངས་གཅིག་བརྒྱབ་པ་ཡིན། ངོ་མ་འགྲོ་བསྐྱོད་ལས་སླ་བོ་མི་འདུག   རླངས་འཁོར་ཁ་ཤས་ལམ་དཀྱིལ་དུ་འགག་འདུག ང་རང་བོད་དུ་ཡོད་སྐབས་ཀྱང་ཁ་བ་འདི་འདྲའི་མཐུག་པོ་མཐོང་མ་མྱོང༌། ངའི་རླངས་འཁོར་ཀྱང་ལམ་དཀྱིལ་དུ་འགག་སྐབས། མི་སེམས་བཟང་ཁ་ཤས་མཉམ་རུབ་ཀྱིས་རོགས་རམ་འོག་ནས་ཐར་བྱུང༌།ངས་ཉེན་ཁར་མ་འཛེམས་པར་ཁ་བ་མཐུག་པོའི་ཁྲོད་གྲོང་ཁྱེར་འདིའི་ནང་བསྐོར་བསྐྱོད་བྱེད་དོན་ནི། ཁ་བའི་མེ་ཏོག་གིས་རྒྱན་པའི་གྲོང་ཁྱེར་འདིའི་རྣམ་པ་པར་རྒྱག་ཆེད་ཡིན། དེ་བས་པར་ཁག་ཅིག་ཟིན་བྲིས་ཀློག་མཁན་རྣམ་པའི་སྤྱན་ལམ་དུ་འབུལ་ཡོད།

img_2225

  རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

ཕྱིར་སྡོད་གནས་སུ་འབྱོར།

Sunday, October 11th, 2009

འདས་པའི་བདུན་ཕྲག་གསུམ་རིང་ཨ་རིའི་ཤར་ལྷོ་ནུབ་བྱང་གི་མངའ་སྡེ་དྲུག་གི་ནང་སོང་ནས་གྲོང་གསེབ་ཀྱི་འཕྲོད་བསྟེན་ལས་དོན་བྱེད་ཐབས་དང་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུ་ཡོད་པའི་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་ཁང་ཁག་ཅིག་ལ་བལྟ་བསྐོར་དུ་སོང་ནས་གནས་ཚུལ་ཅུང་ཙམ་རྒྱུས་ལོན་རྗེས་ཚེས་༡༠ཉིན་སན་ཕྭན་སེ་སི་ཁའོ་གྲོ་ཁྱེར་ནས་གནམ་གྲུར་བསྡད་དེ་ཆུ་ཚོད་ལྔ་དང་སྐར་ཉི་ཤུའི་རྗེས་སུ་ཕྱིར་རང་གི་སྡོད་གནས་ཝ་ཞིན་ཏུན་ལ་འབྱོར་ཡོད།

img_00531

སྲིད་འཛིན་ཝ་ཞིན་ཏུན་གྱི་དྲན་རྟེན་རྡོ་རིང༌།

ད་ཐེངས་བལྟ་བསྐོར་སྐབས་ལས་བྲེལ་ཆེན་པོའི་ངང་ཨ་རིའི་གྲོང་ཁྱེར་ཆེན་པོ་ཙམ་མ་ཡིན་པར།  གྲོང་བརྡལ་དང་གྲོང་གསེབ་ཁག་ཏུ་གནས་པའི་མི་རིགས་འདྲ་མིན་གྱི་འཚོ་བ་གནས་སྟངས་སོགས་ལ་ཤེས་རྟོགས་དང་སློབ་སྦྱོང་ལེགས་པོ་བྱུང༌། བདུན་ཕྲག་གསུམ་རིང་གི་བལྟ་བསྐོར་སྐབས་བུ་ཆུང་ཉི་ཟླ་ཧ་ཅང་དྲན་ལ་བུ་ཆུང་གི་ཨ་མ་ཡང་དྲན་པ་བཤད་ག་ལ་དགོས། ངའི་སྙིང་གི་བུ་ཆུང་སྐྱེས་བ་ནས་བཟུང་ཉིན་གཅིག་ལ་ཡང་ཁ་བྲལ་མ་མྱོང་ལ། ཁོང་འཇིག་རྟེན་འདིར་སླེབས་སྐབས་ཀྱི་ངུ་ངག་དང་པོ་དང༌། མིག་ཐོག་མར་ཕྱེས་ནས་ཀེམ་ཀེམ་གཡོ་བའི་ངང་འཇིག་རྟེན་ལ་ཐོག་མར་བལྟ་བའི་ངང་ཚུལ། ཁ་འགུལ་ནས་ཝོམ་ཝོམ་ཟེར་བ་སོགས་ཁ་ནས་སྐད་སྒྲ་ཐོག་མ་སྒྲོག་པ། ཡིད་དུ་འོང་བའི་ངོ་གདོང་གི་འཛུམ་མདངས་ཐོག་མ། ལག་པ་འགུལ་ནས་ཆ་དངོས་ལ་སྙོབ་པ།  རྐང་བ་འགུལ་ནས་ཨ་ཕའི་བྲང་ཁར་གཞུ་པ།    ཨོང་ཙོག་ལ་བསྡད་ནས་ཧ་ཧ་ཞེས་བགད་མོ་དགོད་པ།  སོགས་ངས་རེ་རེ་བཞིན་མཐོང་བ་དེས་ང་ལ་དགའ་སྤྲོ་ཚད་མེད་སྦྱིན། ཡིན་ནའང་ད་ཐེངས་བདུན་ཕྲག་གསུམ་རིང་ཕྱོགས་བསྐྱོད་ཀྱིས་ཕྱིར་ནང་དུ་སླེབས་སྐབས་ངའི་བུ་ཆུང་ཉི་ཟླ་གོག་ནས་འགྲོ་བཞིན་འདུག་ངའི་བུ་ཆུང་འདི་ཐེངས་དང་པོར་གོག་ནས་འགྲོ་བའི་རྣམ་འགྱུར་མཐོང་མ་ཐུབ་པར་བློ་ཕམ་བྱུང༌།  བུ་ཆུང་ཉི་ཟླ་ཡིས་གོམ་པ་ཐེངས་དང་པོར་སྤོ་བ་དེ་ངས་ངེས་པར་དུ་མཐོང་ཐུབ་པ་བྱེད་རྒྱུར་བུ་ཆུང་ཁོང་ཁས་ལེན་བྱས་པ་ཡིན།

img_1226

སན་ཕྭན་སེ་སི་ཁའོ་གྲོང་ཁྱེར།

Thursday, October 8th, 2009

ཚེས་༨་ཉིན་གདན་ཝར་གྲོང་ཁྱེར་ནས་གནམ་གྲུར་བསྡད་དེ་ཆུ་ཚོད་གཉིས་དང་ཕྱེད་ཀ་ལྷག་གི་རྗེས་སུ་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་སན་ཕྭན་སེ་སི་ཁའོ་ནང་འབྱོར། སན་ཕྭན་སེ་སི་ཁའོ་གྲོང་ཁྱེར་ནི་ཨ་རིའི་ནུབ་ཕྱོགས་ཕྱོགས་སུ་ཡོད་ལ། གྲོང་ཁྱེར་འདིའི་ནང་མི་གྲངས་འབུམ་བརྒྱད་དང་ཁྲི་དགུ་ཙམ་ཡོད་པ་རེད།   གྲོང་ཁྱེར་གྱི་ཁོར་ཡུག་མཛེས་སྡུག་ལྡན་ཞིང་མི་རིགས་སྣ་འཛོམས་ཡིན་པས་རྒྱལ་སྤྱིའི་རང་བཞིན་གྱི་་གྲོང་ཁྱེར་ཞིག་རེད།   

img_1151

སན་ཕྭན་སེ་སི་ཁའོ་གྲོང་ཁྱེར། པར་པ་དཔལ་ལྡན་རྒྱལ།

གྲོང་ཁྱེར་འདིའི་འདབས་སུ་རྒྱ་མཚོ་ཡོད་ལ།  སྒང་དུ་རི་བོ་ཡོད་ཅིང་དབྱར་དགུན་མེད་པར་གནམ་གཤིས་དྲོད་གྲང་སྙོམས།   གྲོང་ཁྱེར་འདིའི་འཁྲིས་སུ་འཛམ་གླིང་གི་དེང་རབས་འཕྲུལ་རིག་གི་བསྟི་གནས་སི་ལི་ཁོན་ལུང་གཤོངས་ཡང་ཡོད་པ་རེད། ས་ཁུལ་འདི་རུ་བོད་མི་ཆིག་སྟོང་ཙམ་གནས་སྡོད་བྱས་ཡོད་པ་རེད།་ ལས་བྲེལ་གྱིས་མདོར་བསྡུས་ཙམ་ལས་འབྲི་མ་ཐུབ།

ན་རོ་པ་དང་ཤམ་བྷ་ལ།

Wednesday, October 7th, 2009
ཨ་རིའི་ལྷོ་ནུབ་ཀྱི་ཉིག་མེ་སི་ཁོ་མངའ་སྡེའི་ནང་ཡོད་པའི་ཨ་སྦུ་ཁོར་ཁའེ་གྲོང་ཁྱེར་ནས་གནམ་གྲུར་བསྡད་དེ་ཆུ་ཚོད་གཅིག་དང་སྐར་མ་བཅུ་ཡི་རྗེས་སུ་ཁ་ལོ་ར་རྡོ་མངའ་སྡེའི་རྒྱལ་ས་གདན་ཝར་གནམ་ཐང་དུ་འབྱོར།་  དེ་ནས་རླངས་འཁོར་ཞིག་གླས་ནས་ལམ་ལ་ཆས་ཏེ་སྐར་མ་བཞི་བཅུའི་རྗེས་སུ་སྦའོ་རྡར་གྲོང་ཁྱེར་ནང་འབྱོར། 
img_0940

སྦའོ་རྡར་གྲོང་ཁྱེར། པར་པ་དཔལ་ལྡན་རྒྱལ།

ད་ཐེངས་གྲོང་ཁྱེར་འདིར་ཡོང་དོན་གཙོ་བོ་ནི་ས་ཁུལ་འདིའི་ནང་ཡོད་པའི་ན་རོ་བ་སློབ་གཉེར་ཁང་དང༌། ཤམ་བྷ་ལ་ཆོས་ཚོགས་བསྟི་གནས་ཁང་དུ་གནས་ཚུལ་རྒྱུས་ལོན་ཆེད་ཡིན།   སྦའོ་རྡར་གྲོང་ཁྱེར་ནང་དུ་མི་གྲངས་དགུ་ཁྲི་ཆིག་སྟོང་ལྷག་གནས་སྡོད་བྱས་ཡོད་པ་དང༌།  གྲོང་ཁྱེར་འདི་ནི་ཤེས་རིག་དང་སྒྱུ་རྩལ་གྱི་གྲོང་ཁྱེར་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཨ་རིའི་རྒྱལ་ཡོངས་སུ་ལྗང་མདོག་གི་གྲོང་ཁྱེར་ཐོག་མར་ངོས་འཛིན་བྱས་ཡོད་པས་ཁོར་ཡུག་སྲུང་སྐྱོབ་དང་། ཤིང་ནགས་འདེབས་འཛུགས་ཀྱིས་གྲོང་ཁྱེར་སྔར་ལས་ཀྱང་ལྗང་མདོག་ཅན་ཏུ་བསྒྱུར་གྱིན་ཡོད་པ་དང༌།  རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

ཨ་རིའི་གདོད་མའི་མི་ཡི་གནས་ཚུལ་ཟུར་ཅིག

Friday, October 2nd, 2009
img_05681
ཨ་སྦུ་ཁོར་ཁའེ་གྲོང་ཁྱེར།

ཚེས་༢༩་ཉིན་ཨིན་རྡིས་ཡ་ན་མངའ་སྡེའི་རྒྱལ་ས་ཨིན་རྡིས་ཡ་ན་པོ་ལི་ཟེ་གྲོང་ཁྱེར་ནས་གནམ་གྲུར་བསྡད་ནས་ཆུ་ཚོད་གསུམ་དང་ཕྱེད་ཀ་ལྷག་གི་རྗེས་སུ Albuquerque ཨ་སྦུ་ཁོར་ཁའེ་གྲོང་ཁྱེར་དུ་འབྱོར་། ཨ་སྦུ་ཁོར་ཁའེ་གྲོང་ཁྱེར་ནི་ཨ་རིའི་ལྷོ་ནུབ་ཀྱི་ཉིག་མེ་སི་ཁོ་མངའ་སྡེའི་ནང་གི་ཡོད་ལ། གྲོང་ཁྱེར་འདིའི་ནང་དུ་མི་ལྔ་འབུམ་ཉིས་ཁྲི་ཙམ་ཡོད་འདུག མངའ་སྡེའི་འདིའི་ནང་ཨ་རིའི་གདོད་མའི་མིའམ་ས་སྐྱེས་རྡོ་སྐྱེས་ཀྱི་མི་གྲངས་ལྡ་ཁྲི་ལྷག་རང་བཙན་ལྟ་བུའི་གནས་སྟངས་འོག་ས་ཁུལ་ཁག་བཞིའི་ནང་གནས་སྡོད་བྱས་ཡོད། ཨ་རིའི་གདོད་མའི་མི་རྣམས་ནི་བོད་མིའི་གདོང་དབྱིབས་དང་གཟུགས་བྱད་འདྲ་བོ་ཡིན་ལ། ས་ཁུལ་འདིར་ཡོད་པའི་གདོད་མའི་མི་ཡི་ལག་ཤེས་ནི་འཐག་ཐག་པ་དང༌། དངུལ་བཟོ། དེབཞིན་ས་རྫ་བཟོ་བ་སོགས་ཀྱི་ལག་ཤེས་ལ་སྙན་གྲགས་ཡོད་པ་རེད་།

img_06421

ཨ་རིའི་གདོད་མའི་མི་ཡིས་བཟོས་པའི་ས་རྫ།

ད་ཐེངས་ཡུལ་བསྐོར་ཁྲོད་གཙོ་བོར་ས་གནས་དེར་ཡོད་པའི་ཨ་རིའི་གདོད་མའི་མི་ཡི་འཕྲོད་བསྟེན་གནས་སྟངས་སྐོར་ལ་རྒྱུས་ལོན་བྱས་པ་ཡིན། ཟླ་བ་བཅུ་བའི་ཚེས༡་ཉིན་ Laguna Reservation ཨ་རིའི་གདོད་མའི་རུས་རྒྱུད་ལ་གུ་ན་ཚོ་ཁག་གི་རྒྱལ་ཕྲན་ནང་བལྟ་བསྐོར་དུ་ཕྱིན་པ་ཡིན། རང་བཙན་ལྟ་བུར་གནས་ཡོད་པའི་རྒྱལ་ཕྲན་འདིའི་ནང་དུ་ཨ་གུ་ན་རུས་རྒྱུད་ཀྱི་མི་གྲངས་བརྒྱད་སྟོང་ལྔ་བརྒྱ་གྲོང་ཚོ་དྲུག་གི་ནང་གནས་སྡོད་བྱས་ཡོད་པ་དང༌། རྒྱལ་ཕྲན་འདིའི་སྲིད་སྐྱོང་བ་གཞོན་པ་དང༌། གྲོས་ཚོགས་འཐུས་མི་ལོ་ཉེར་ལྔ་གནང་མྱོང་བའི་ སྐུ་ཞབས་སི་ཐན་ལོ་ཟེར་རོ་ཁྱིམ་དུ་སོང་ནས་ཁོང་ཚོའི་སྐད་ཡིག་རྒྱུད་འཛིན་བྱེད་ཕྱོགས་ཐད་ལ་བཀའ་མོལ་བྱུང། སྐུ་ཞབས་ལོ་ཟེར་རོ་ཡི་དབུ་སྐྲ་སླས་མ་གཉིས་སུ་སླས་ནས་ཕྲག་གཡས་གཡོན་ནས་མདུན་ངོས་སུ་དཕྱངས་འདུག་ལ། ཁོང་གིས་ཁོང་ཚོའི་སྲོལ་རྒྱུན་གྱི་ཇ་དཀར་ཡོལ་གང་ངའི་མདུན་དུ་བཞག་ནས་གསུང་རྒྱུར། ང་ཚོའི་རུས་རྒྱུད་ཚོ་ཁག་ རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

བོད་དང་སོག་པོའི་ནང་པའི་རིག་གཞུང་བསྟི་གནས་ཁང་།

Tuesday, September 29th, 2009

ཚེས་༢༧་ཉིན་ཉིག་ཡོག་གྲོང་ཁྱེར་ནས་མི་བཞི་བཅུ་ཙམ་གཤོངས་པའི་གནམ་གྲུ་ཆུང་ཆུང་ཞིག་ལ་བསྡད་ནས་ཆུ་ཚོད་གཉིས་དང་སྐར་མ་བཅུ་ཡི་རྗེས་སུ  Indiana་ཨིན་རྡིས་ཡ་ན་མངའ་སྡེའི་རྒྱལ་ས་Indianapolis ཨིན་རྡིས་ཡ་ན་པོ་ལི་ཟེ་གྲོང་ཁྱེར་གནམ་ཐང་དུ་འབྱོར་སོང༌།  དེ་ནས་རླངས་འཁོར་ཞིག་གླས་ནས་ཆུ་ཚོད་གཅིག་ལྷག་གི་རྗེས Bloomington སྦོ་ལོམ་མིན་ཀྲོན་གྲོང་ཁྱེར་དུ་འབྱོར།  མི་གྲངས་བདུན་ཁྲི་ཙམ་ཡོད་པའི་གྲོང་ཁྱེར་འདིའི་ནང་དུ་བོད་དང་སོག་པོའི་ནང་པའི་རིག་གཞུང་བསྟི་གནས་ཁང་ཡོད་ལ།་   ང་རང་བསྟི་གནས་ཁང་ལ་བལྟ་བསྐོར་དང༌། བསྟི་གནས་ཁང་དེའི་འགན་འཛིན་ཨ་ཀྱ་རིན་པོ་ཆེ་མཇལ་འཕྲད་བྱུང༌།

gate

བོད་དང་སོག་པོའི་ནང་པའི་རིག་གཞུང་བསྟི་གནས་ཁང་གི་སྒོ་ཆེན།

 བསྟི་གནས་ཁང་འདི་ནི་༡༩༧༩་ལོར་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་ཡིས་གསར་བསྐྲུན་གནང་ནས་བོད་ཀྱི་ཆོས་དང་རིག་གཞུང་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དར་ཁྱབ་དང་གོ་རྟོགས་སྤེལ་ཡོད་པ་རེད་ལ།   ༢༠༠༥་གོང་ས་རྒྱལ་བ་རིན་པོ་ཆེ་ཡིས་ཐད་ཀར་ཨ་ཀྱ་རིན་པོ་ཆེ་རིག་གཞུང་བསྟི་གནས་ཁང་དེའི་འགན་འཛིན་དུ་བསྐོ་བཞག་གནང་པ་དང༌།  དེ་ནས་བཟུང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཟེར་བ་ བོད་དང་སོག་པོའི་ནང་པའི་རིག་གཞུང་བསྟི་གནས་ཁང་ཞེས་མིང་བསྒྱུར་གནང་པ་རེད།

kubum

སྐུ་འབུམ་བྱམས་བརྩེ་གླིང༌།

  བསྟི་གནས་འདི་གསར་བསྐྲུན་གནང་མཁན་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་༢༠༠༨་ལོའི་ཟླ་བ་དགུ་བའི་ནང་དགོངས་པ་རྫོགས།   ད་ཐེངས་ང་རང་ཅུང་འབྲེལ་འདྲིས་ཡོད་པའི་སྟག་འཚེར་རིན་པོ་ཆེའི་གཟིམ་ཁང་དུ་བཅར་སྐབས་ རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

ཉིག་ཡོག་གྲོང་ཁྱེར་དང་བོད།

Saturday, September 26th, 2009
ཚེས༢༤ནས༢༦བར་ང་རང་ཉིག་ཡོག་གྲོང་ཁྱེར་ནང་ཡོད་པའི་ཀོམ་ལོམ་པི་ཡ་སློབ་གྲ་ཆེན་མོའི་བོད་ཀྱི་ནང་ཆོས་ལ་མཁས་པ་སློབ་དཔོན་ཐར་མིན་ལ༌ཐུག་འཕྲད་དང༌།  དེ་བཞིན་བོད་ཀྱི་ཁང་པ་དང་། རོ་པིན་འགྲེམས་སྟོན་ཁང་གི་འབྲེལ་ཡོད་མི་སྣར་ཐུག་འཕྲད་ཀྱིས་གནས་ཚུལ་རྒྱུས་ལོན་དང༌།  ལྟ་བསྐོར་དུ་སོང་བ་ཡིན། གནས་ཚུལ་ཞིབ་ཚགས་འབྲི་རྒྱུར་དུས་ཁོམ་མ་བྱུང་བས་པར་གྱི་ལམ་ནས་གནས་ཚུལ་ངོ་སྤྲོད་བྱེད་འདོད་བྱུང༌། ཉིག་ཡོག་གྲོང་ཁྱེར་ནང་མི་གྲངས་ས་ཡ་བརྒྱད་དང་འབུམ་གསུམ་ལྷག་གནད་སྡོད་བྱས་ཡོད་པའི་འཛམ་གླིང་གི་གྲོང་ཁྱེར་ཆེ་ཤོས་ཞིག་ཡིན་པ་མ་ཟད།   འཛམ་གླིང་གི་དཔལ་འབྱོར་དང༌།་རིག་གཞུང་གི་ལྟེ་གནས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  གྲོང་ཁྱེར་འདིའི་ནང་དུ་བོད་རིགས་མི་གྲངས་དྲུག་སྟོང་ཙམ་ཡོད།
 
 
img_0132
རོ་པིན་འགྲེམས་སྟོན་ཁང་ནི་བོད་གཙོས་པའི་ཧི་མ་ལ་ཡ་རི་བརྒྱུད་ཀྱི་རིག་དངོས་འགྲེམས་སྟོན་ཁང་ཞིག་ཡིན།
img_0175
བོད་ཁང་ནང་ཡོད་པའི་མ་ནི་འཁོར་ལོ།

བོད་ཁང་ནང་ཡོད་པའི་མ་ནི་འཁོར་ལོ།

img_0196

བྲེལ་ཟིང་ཆེ་བའི་ཉིག་ཡོག་ཁྲོམ་གཞུང་དུ་གོང་ས་མཆོག་གི་སྐུ་པར།

བྲེལ་ཟིང་ཆེ་བའི་ཉིག་ཡོག་ཁྲོམ་གཞུང་དུ་གོང་ས་མཆོག་གི་སྐུ་པར།

img_0337

རང་དབང་ལྷ་མོ།་༡༨༨༥ལོར་ཕ་རན་སིས་ཨ་རིར་རང་དབང་ཐོབ་ནས་ལོ་བརྒྱ་འཁོར་བའི་དྲན་རྟེན་ལེགས་སྐྱེས་སུ་ཕུལ་བ་དང༌། གནས་འདི་ནི་འཛམ་གླིང་གི་རང་དབང་མཚོན་པའི་གནས་ཞིག་ཏུ་གྱུར་ཡོད་པས་ལོ་ལྟར་ཡུལ་བསྐོར་བ་ས་ཡ་མང་པོ་གནས་འདིར་ཕེབས་བཞིན་ཡོད།

 

img_0110

ཉིག་ཡོག་གྲོང་ཁྱེར་གྱི་མཚན་མོའི་ཡུལ་ལྗོངས།