གསར་འགྱུར་དཔྱད་རྩོམ།

...now browsing by category

 

དམངས་གཙོ་ཁེ་དབང་མེད་པའི་ཨ་རིའི་མི་སེར།

Friday, August 27th, 2010

ཕྲན་གྱི་ཟིན་བྲིས་ཀློག་མཁན་རྣམ་པ། ཁྱེད་རྣམ་པའི་སྐུ་བདེ། ཁམས་བཟང་། ཐུགས་རྒྱས་པའི་ངང་། ད་ལོའི་ཚ་གདུང་ཆེ་བའི་དབྱར་ཁའི་དུས་ཡུན་ལེགས་པོ་ཞིག་བསྐྱལ་ཡོད་པ་རེ་བ་ཡོད། དེ་རིང་ངས་ཁྱེད་རྣམ་པར་འཛམ་གླིང་སྟེང་དམངས་གཙོའི་ལམ་ལུགས་ཀྱི་མིག་དཔེ་ལྟ་བུར་ཆགས་ཡོད་པའི་ཨ་རིའི་རྒྱལ་ས་སྟེ། ཝ་ཞིན་ཏུང་གྲོང་ཁྱེར་ནང་གནས་སྡོད་བྱས་ཡོད་པའི་མི་སེར་རྣམས་ལ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་ཐོབ་ཐང་མེད་པའི་གནས་ཚུལ་ཞིག་བཤད་འདོད་བྱུང་། ཨ་རིའི་ནང་མངའ་སྡེ་ལྔ་བཅུ་ཡོད་པ་དེ་དག་གིས་ས་གནས་རླངས་འཁོར་གྱི་ཨང་རྟགས་ཡོད་པའི་ལྕགས་ལེབ་སྟེང་མངའ་སྡེ་སོ་སོའི་ཁྱད་ཆོས་མཚོན་པའི་མིང་ཚིག་རེར་བཀོད་ཡོད། དཔེར་ན། ཧྥུ་ལོ་རེད་རྡ་མངའ་སྡེ་ལ། ཉི་འོད་ཀྱི་མངའ་སྡེ་ཟེར་བ་ལྟ་བུ་རེད། རྒྱལ་ས་ཝ་ཤིན་ཏུང་གི་རླངས་འཁོར་གྱི་ཨང་རྟགས་ཡོད་པའི་ལྕགས་ལེབ་སྟེང་

dc13

འཐུས་ཚབ་མེད་པར་དཕྱ་ཁྲལ་མཇལ་བ། ཞེས་ཝ་ཞིན་ཏུང་གྲོང་ཁྱེར་གྱི་དམིགས་བསལ་ཁྱད་ཆོས་དེ་བཀོད་ཡོད། དེ་ནི་ཝ་ཞིན་ཏུང་གྲོང་ཁྱེར་ནང་གནས་སྡོད་བྱས་ཡོད་པའི་མི་སེར་རྣམས་ལ་དམངས་གཙོའི་ཁེ་དབང་གི་ཐོབ་ཐང་མེད་པ་གསལ་སྟོན་དང་།  ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ཞིག་ཀྱང་ཡིན།  ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་རྒྱལ་ས་ཝ་ཤིན་ཏུང་གནས་སྡོད་མི་སེར་འབུམ་དྲུག་ལྷག་ལ་འཐུས་ཚབ་མེད།  དེར་བརྟེན་ཨ་རིའི་དབུས་གཞུང་གིས་སྲིད་ཇུས་གཏན་འབེབས་བྱེད་སྐབས་རྒྱལ་སའི་མི་མང་གི་བསམ་ཚུལ་སླེབས་ཐུབ་ཀྱིན་མེད།    

ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱལ་ས་ཝ་ཤིན་ཏུང་གནས་སྡོད་མི་མང་གི་འཐུས་ཚབ་གཅིག་ཡོད། ཡིན་ནའང་ཁོང་ལ་གཞུང་གི་སྲིད་ཇུས་གཏན་འབེབས་བྱེད་རྒྱུར་འོས་འཕེན་པའི་ཐོབ་ཐང་མེད།

ཟུར་ཞུ།

དམངས་གཙོའི་གཞུང་ནི། འཛིན་སྐྱོང་གི་དབང་ཆ་མི་མང་གིས་སྤྲད་པའི་གཞུང་ཞིག་ཡིན་ལ། སྲིད་གཞུང་དེ་ནི་མི་མང་གི་ཆེད་དུ་མི་མང་གིས་སྐྱོང་བའི་མི་མང་གི་གཞུང་ཞིག་ཡིན། སྲིད་གཞུང་དེའི་མངའ་འོག་ཏུ་ཡོད་པའི་མི་སེར་རྣམས་ནི་གཞུང་དེ་དང་། སྲིད་གཞུང་དེའི་སྲིད་ཇུས་ཀྱི་སྒྲོམ་གཞི་བཟོ་མཁན་ཡིན་པས་མི་སེར་ཚོས་སྤྱི་ཚོགས་ཀྱི་གནད་དོན་དང་། གནས་བབ་ལ་རྒྱུས་མངའ་དང་ཤེས་རྟོགས་ཡོད་པའི་ངང་། རང་ཉིད་སྤྱི་ཚོགས་ཀྱི་ལས་དོན་བྱེད་སྒོ་ཁག་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་ཡིན། སྲིད་གཞུང་དེའི་སྐོར་རྒྱུས་ལོན་དང་ཤེས་རྟོགས་བྱས་པ་ཡིན་ན། རང་ཉིད་ཀྱི་ཐོབ་ཐང་དང་།  ལས་འགན་ངོས་ཟིན་པའི་ངང་སྲིད་གཞུང་དེའི་ཆབ་སྲིད་ཀྱི་བརྒྱུད་རིམ་ཁྲོད་རང་ཉིད་མཉམ་ཞུགས་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཡིན། དམངས་གཙོའི་གཞུང་ནི། ཚོགས་སྡེ་དང་། ལྟ་སྤྱོད་མཐུན་པའི་མི་མང་ཤོས་ཀྱི་དབང་ཆ་བཟུང་ནས་རུས་རྒྱུད།  ཆོས་ལུགས། རིག་གཞུང་སོགས་མི་འདྲ་བའི་གྲངས་ཉུང་གི་ཚོགས་སྡེ་ཁག་གི་བསམ་བློ་དང་། ཡུལ་སྲོལ་གོམས་གཤིས་ལ་ཁྱད་གསོད་དང་། སྣང་ཆུང་མི་བྱེད་པར་སྲིད་གཞུང་དེའི་མངའ་འོག་ཏུ་ཡོད་པའི་མི་ཚང་མའི་བསམ་ཚུལ་དང་། ཐོབ་ཐང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཐུབ་པའི་གཞུང་ཞིག་ཡིན་དགོས།

གནོད་འཚེ་དང་གོ་སྐབས། གོང་ས་མཆོག་ས་ཡོམ་གནོད་ཁུལ་དུ་ཆིབས་བསྒྱུར་གནང་ཐུབ་བམ།

Friday, April 23rd, 2010

གོང་ས་མཆོག་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་ལ་ཆིབས་བསྒྱུར་གནང་ནས་འདས་པོ་བསྔོ་སྨོན་དང་། གསོན་པོ་སེམས་གསོ་གནང་རྒྱུ་ནི། གནོད་ཁུལ་མི་མང་གི་རེ་འདོད་ཡིན་ལ། གོང་ས་མཆོག་གི་ཐུགས་འདོད་ཡང་ཡིན། ཡིན་ནའང་རེ་འདོད་དེ་ལེགས་འགྲུབ་ཡོང་མིན་ཕྱོགས་གཉིས་ཀར་ནུས་པ་གང་ཡང་མེད་པར་རྒྱ་ནག་གཞུང་གི་ལག་ཏུ་ཡོད།
ས་གཡོ་ཐེངས་གཅིག་གི་མི་སྟོང་ཕྲག་མང་པོའི་ཚེ་སྲོག་འཕྲོག་པ་དང༌། མི་ཁྲི་ཕྲག་མང་པོར་བློ་ཡིད་འདས་པའི་འཇིགས་སྣང་སྤྲད་བྱུང་ལ། མི་འབུམ་ཕྲག་མང་པོའི་སེམས་རྒྱུད་ལ་བྱམས་དང་སྙིང་རྗེ་སྐྱེས་རུ་བཅུག་སོང༌། img_2588
ས་ཡོམ་གྱི་གོད་ཆག་བྱུང་མ་ཐག་ས་གནས་མི་མང་གིས་འཐུས་ཚབ་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་། སྲིད་བློན་ཝུན་ཅ་པའོ་གཉིས་ཀྱི་མཚན་ཐོག་ཏུ་ཡི་གེ་ཞིག་བྲིས་ནས།  གོང་ས་མཆོག་གནོད་ཁུལ་ལ་ཕེབས་སུ་འཇུག་དགོས་པའི་རེ་སྐུལ་ཞུས་འདུག་ལ། གནོད་ཁུལ་དུའང་མི་མང་གིས་ཀྱང་ས་འོག་ནས་མི་རོ་བསྔོག་བཞིན། “རྒྱལ་བ་བསྟན་རྒྱ་མཚོ།”ཞེས་མཚན་ནས་འབོད་བཞིན། གོང་ས་མཆོག་ལ་གསོལ་འདེབས་དང༌། མི་མང་གི་སྡུག་བསྔལ་སེལ་ཐུབ་རྒྱུར་རེ་བ་བཅིངས་ཡོད། གོང་ས་མཆོག་གིས་ཀྱང་ཚེས་༡༧་ཉིན་གསར་འགོད་ལྷན་ཚོགས་ཞིག་ཐོག་ “མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་བྱ་རྒྱུ་ཙམ་ལས། ས་ཁད་ཀྱིས་འགྱངས་པས་དངོས་སུ་རོགས་ཕན་བྱ་ཐབས་དབེན།” ཞེས་ཐུགས་ཕམ་དང་མཉམ་དུ་གནོད་ཁུལ་ལ་ཕེབས་ཐུབ་རྒྱུ་ཐུགས་རེ་གནང་ཡོད། གོང་ས་མཆོག་གིས་“། ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ།”གསུངས་ཡོད།
ཁུངས་ལྡན་གནས་ཚུལ་ལྟར་ན།  གོང་ས་མཆོག་གི་ངོས་ནས་རྒྱ་ནག་གཞུང་ལ་ཐད་ཀར་འབྲེལ་བ་གནང་ནས་ཁོང་གནོད་ཁུལ་ཏུ་ཕེབས་ཐུབ་རྒྱུར་རེ་སྐུལ་གནང་ཡོད་པ་རེད།
ཚེས་༢༠་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡི་ལ་པེ་ཅིན་དུ། གསར་འགོད་པ་ཞིག་གིས་གོང་ས་ཏ་ལའི་བླ་མ་གནོད་ཁུལ་ལ་ཕེབས་འདུན་ཡོད་པའི་ཐད་དྲི་བ་འདྲི་སྐབས། “ང་ཚོས་ས་གནས་ཀྱི་ཆོས་ལུགས་དང༌།  གོམས་སྲོལ་ལ་བརྩི་བཀུར་བྱེད་རྒྱུ་མ་ཟད། ད་ལྟའི་ཆར་གནོད་ཁུལ་དུ་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་བྱེད་བཞིན་ཡོད།”ཟེར་ཙམ་ལས། དྲི་བར་ཐད་ཀར་ལན་འདེབས་གང་ཡང་བྱས་མི་འདུག་ལ། གོང་ས་མཆོག་ལ་སྐྱོན་བརྗོད་དང༌། དམའ་འབེབས་ཀྱང་ཞུས་མེད། བྱེད་སྟངས་འདིར་བལྟས་ན། རྒྱ་ནག་གཞུང་གིས་ད་ཐེངས་ས་ཡོམ་གོད་ཆག་ལ་རོགས་སྐྱོར་བྱེད་མཁན་གྲྭ་བཙུན་གཙོས་པའི་བོད་མི་སྟོང་ཕྲག་མང་པོ་སྐྱེ་རྒུ་མདོར་འཛོམས་ནས་བརྩེ་སེམས་གཞི་གཅིག་ཏུ་འཁྱིལ་ཡོད་པའི་སྟོབས་ཤུགས། རྒྱ་རྒོལ་སྟོབས་ཤུགས་སུ་མི་འགྱུར་བ་གཙོར་བཟུང་ནས་བྱས་ལས་ཀ་བྱེད་བཞིན་ཡོད་པ་རེད།
གོང་ས་མཆོག་གནོད་ཁུལ་ཏུ་ཕེབས་ཐུབ་རྒྱུ་ས་གནས་མི་མང་རེ་བ་ཡིན་ནའང༌། རྒྱ་ནག་གཞུང་ལ་མཚོན་ན།  བོད་ཀྱི་མདུན་ལམ་ཐག་གཅོད་བྱེད་མིན་གྱི་གནད་འགག་ཅན་གྱི་གནད་དོན་ཞིག་ཡིན།
རྒྱ་ནག་གཞུང་གིས་འདས་པའི་ལོ་ཁ་ཤས་རིང་བོད་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་བལྟས་ན། ད་ཐེངས་ཡང་“བོད་རེ་བསཕོངས། རྒྱ་དོགས་པས་ཕོངས།”ཅེས་པ་བཞིན་གནོད་ཁུལ་མི་མང་གཙོས་པའི་བོད་མི་མང་གི་རེ་འདོད་འགྲུབ་ཐུབ་མིན་བློ་དོགས་བྱེད་འོས་པ་ཞིག་ཡིན།
རྒྱ་ནག་གཞུང་ཡིད་ཆེས་ཡོད་ཀྱང་མེད་ཀྱང༌། “གོང་ས་མཆོག་ནི་རྒྱལ་ཁབ་ཁ་བྲལ་དང༌། བོད་ཀྱི་སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱོན་བཟོ་མཁན་ཞིག་རེད།”ཅེས་པ་ནི། ཁོང་ཚོས་གོང་ས་མཆོག་ལ་འཛིན་པའི་སྲིད་ཇུས་རེད། དེ་བས་གོང་ས་མཆོག་གནོད་ཁུལ་ལ་ཕེབས་སུ་བཅུག་མིན་རྒྱ་ནག་གཞུང་ལ་མཚོན་ན། མ་འོངས་པར་གོང་ས་མཆོག་དང་། བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་མིན་གྱི་གནད་དོན་ཡིན། གལ་ཏེ་རྒྱ་ནག་གཞུང་ལ་གོང་ས་མཆོག་དང༌། བོད་ཀྱི་གནད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་འདོད་ཡོད་ན།
ད་ཐེངས་གོང་ས་མཆོག་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་ཆིབས་བསྒྱུར་གནང་དུ་བཅུག་ནས་འདས་པོར་བསྔོ་སྨོན་དང་། གསོན་པོར་སེམས་གསོ་གནང་ནས་བོད་མི་མང་གི་སྐབས་ཐོག་གི་སེམས་སྡུག་བསྔལ་སེལ་རྒྱུ་དང་། མ་འོངས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྲིད་ཇུས་ལ་འགྱུར་བ་གཏོང་བའི་གོ་སྐབས་ཡག་ཤོས་ཞིག་ཡིན།dscf85381
གལ་ཏེ་རྒྱ་གཞུང་གིས་སྡུག་བསྔལ་དང༌། མྱ་ངན་ཁྲོད་ཡོད་པའི་བོད་མི་མང་གི་འཕྲལ་གྱི་གདུང་སེམས་སེལ་རྒྱུ་དང་། ཕུགས་སུ་བོད་དོན་ཐག་གཅོད་བྱེད་རྒྱུའི་འདོད་པ་ཡོད་ཚེ།  བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ལྟར། ས་ཡོམ་གྱི་་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་བདུན་ཚིགས་བདུན་པ་སྟེ། དགོང་ཞག་བཞི་ཅུ་ཞེ་དགུ་ཚང་པའི་ཉིན་མོ་ནི། བོད་ཟླ་བཞི་བའི་ཚེས་༢༠་དང་སྤྱི་ཟླ་དྲུག་པའི་ཚེས་༢་ལ་འཁེལ་ཡོད། ཉིན་དེར་གནོད་འཚེ་ཕོག་ཡུལ་ཏུ་གོང་ས་མཆོག་གིས་འདས་པོར་བསྔོ་སྨོན་དང་། གསོན་པོར་སེམས་གསོ་གནང་རྒྱུའི་གོ་སྐབས་སྤྲད་ནས་བོད་ཀྱི་གནད་དོན་ནམ། བོད་མིའི་འཐབ་རྩོད་ལ་སྣང་ཆུང་མི་བྱེད་པར་བསྐྱར་ཞིབ་ཀྱིས།་ལྷག་བསམ་རྣམ་དག་གིས་བོད་དོན་ཐག་གཅོད་ཀྱི་ལམ་སུ་ཞུགས་རྒྱུ་གོ་སྐབས་ལེགས་ཤོས་དེ་ཡིན།

འབྲུག་སྐད་ཞི་བའི་ཁ་བ།

Thursday, March 18th, 2010

ཨ་ཀྱྭ་རིན་པོ་ཆེ་ཡིས་ཁོང་གི་སྐུ་ཚེ་ལོ་རྒྱུས། འབྲུག་སྐད་ཞི་བའི་ཁ་བ། རྒྱ་ནག་གི་དབང་བསྒྱུར་འོག་ལོ་ངོ་བཞི་བཅུའི་རིང་གི་བོད་ཀྱི་བླ་མ་ཞིག་གི་གནས་ཚུལ་ཞེས་པའི་དེབ་དེ་དབྱིན་ཡིག་ནང་པར་བསྐྲུན་འགྲེམས་སྤེལ་བྱས་འདུག དེང་སྐབས་ཨ་ཀྱྭ་རིན་པོ་ཆེ་ཨ་རིའི་གྲོང་ཁྱེར་ཁག་ནང་སོང་ནས་རང་རྣམ་སྐོར་གྱི་དེབ་དེ་དྲིལ་བསྒྲགས་དང༌། གཏམ་བཤད།བགྲོ་གླེང་སོགས་གནང་བཞིན་ཡོད་པ་རེད།

arjia
དེབ་དེའི་ནང་དུ་རྒྱ་ནག་གཞུང་གིས་བུ་རྒྱལ་མཚན་ནོར་བུ་པན་ཆེན་ཡང་སྲིད་དུ་འོས་འདེམས་བྱུང་རྗེས། ཕྱིར་པེ་ཅིན་དུ་ཕེབས་པའི་གནམ་གྲུའི་ནང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་བློན་ཆེན་ཡེ་ཞའོ་ཝན་གྱི་ཨ་ཀྱ་རིན་པོ་ཆེ་དང༌། འཇམ་དབྱངས་བཞད་པ་རིན་པོ་ཆེ་རྣམ་གཉིས་ཟུར་དུ་བསྐོངས་ནས་བཀལ་མོལ་བྱས་ཡོད་པའི་སྐོར་བཀོད་དོན།  ཡེ་ཞའོ་ཝན་གྱིས་སྤོབས་ཉམས་དང་བཅས་བཤད་རྒྱུར “གསེར་བུམ་དཀྲུག་འདོན་སྐབས།  ང་ཚོས་ཡང་སྲིད་ངོ་མ་ཡོང་ཆེད་མཚན་བྱང་གཅིག་གི་འོག་ཏུ་ཤིང་བལ་བཞག་ནས་མཐོ་རུ་བཏང་ཡོད།” ཟེར སྐབས་དེར་ང་ཚོ་ཧང་སངས་བྱུང༌། ང་ཚོ་ཡང་གནད་དོན་འདིའི་ཐད་དོགས་པ་ཡོད་ནའང༌། བརྒྱུད་རིམ་འདི་འདྲའི་རྫུན་བཟོ་ཞིག་ཡིན་པར་བདེན་དབང་བྱེད་པའི་རེ་བ་བྱས་མེད། ངའི་གཟུགས་པའི་བ་སྤུ་ལངས་བྱུང༌། ཡིན་ནའང་འཇམ་དབྱངས་བཞད་པ་རིན་པོ་ཆེ་དང་། ངེད་གཉིས་ཀྱིས་མགོ་བོ་མར་གུག་ནས་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཅི་ཡང་མ་གོ་ཁུལ་བྱས་ནས་ཁུ་སིམ་མེར་བསྡད་པ་ཡིན། དེ་ནས་ངེད་གཉིས་ཕྱིར་རང་རང་གི་རྐུབ་སྟེགས་ཡོད་སར་འགྲོ་སྐབས་འཇམ་དབྱངས་བཞད་པ་རིན་པོ་ཆེས་ཡིད་མ་ཆེས་བའི་ངང་མགོ་བོ་གཡུགས་གཡུགས་གནང་ནས་དབུགས་རིང་ཞིག་འཐེན་རྗེས། “ ངེད་གཉིས་ལ་ངལ་གསོ་དུས་ཚོད་ཅུང་ཙམ་འདུག” གསུངས་བྱུང༌ཞེས་བཀོད་འདུག  དེབ་འདིའི་ནང་འདི་འདྲའི་གནད་འགག་ཅན་གྱི་གནས་ཚུལ་མང་པོ་བཀོད་འདུག ཉེ་ལམ་ཨ་རིའི་རྒྱལ་ས་ཝ་ཞིན་ཏུན་ལ་ཕེབས་ནས་དེབ་དེའི་སྐོར་ལ་གཏམ་བཤད་སོགས་མཛད་འཆར་ཆེ་བའི་ཁྲོད་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲ་འཇུག་ཁང་དུ་ཆེད་དུ་གདན་འདྲེན་གྱིས་བཅར་འདྲི་ཞུས་ཡོད་པར་གཟིགས་རོགས་ཞུ།

 

 

རྒྱ་བོད་འབྲེལ་མོལ་ལ་ཡང་བསྐྱར་གོ་ནོར་ཐེབས་འདུག

Friday, February 5th, 2010

བོད་རྒྱའི་འབྲེལ་མོལ་ཐེངས་དགུ་བའི་སྐབས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་སྒྲོམ་གཞི་འོག་ནས“བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།”ཞེས་པའི་ཡིག་ཆ་དེ་གཞི་ལ་བཞག་ནས་གྲོས་མོལ་བྱེད་ཐུབ་པའི་རེ་བ་བཅིངས་ཡོད་ནའང༌།རྒྱ་ནག་གཞུང་གིས་ཡིག་ཆ་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཡོད་པས་རྒྱལ་ཁབ་ཀྱི་བདག་དབང་སྐོར་ལ་སྐད་ཆ་བྱེད་རྒྱུ་གང་ཡང་མེད་ཞེས་ལན་འདེབས་བྱས་འདུག  

gyariའདས་པའི་ལོ་ཉི་ཤུ་དང་།དམིགས་བསལ་འདས་པའི་དགུའི་རིང་བཀའ་བློན་ཁྲི་བས་ནུས་ཤུགས་གང་ཡོད་ཐོིན་ནས་བོད་རྒྱ་ནག་ནས་ཁ་བྲལ་རྒྱུ་མིན་པ་དང༌།རྒྱ་ནག་གི་རྩ་ཁྲིམས་འོག་བོད་དོན་ཐག་གཅོད་བྱེད་འདོད་པ་དེ་དོན་དངོས་ཡིན་པ་རྒྱ་ནག་གཞུང་ལ་བདེན་དཔང་སྤྲོད་གང་ཐུབ་བྱས་པའི་རྗེས། བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་བའི་སྐབས་བཙན་བྱོལ་བོད་གཞུང་གིས་“བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།”ཞེས་པ་རྒྱ་ནག་གཞུང་ལ་སྤྲད་ཡོད་པ་རེད།ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཡིག་ཆ་དེ་རྒྱ་ནག་གི་རྩ་ཁྲིམས་དང་འགལ་འདུག་ཟེར་ནས་ངོས་ལེན་བྱས་མི་འདུགད་ནི་བཙན་བྱོལ་བོད་གཞུང་གིས་མུ་མཐུད་དུ་རྒྱ་ནག་གཞུང་ལ་སྤྲད་པའི་“བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།”ཡིག་ཆ་དེ་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པ་ཞིག་ཡིན་ཚུལ་རྒྱ་ནག་གཞུང་ལ་འགྲེལ་བརྗོད་ཁྲོད་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བའི་དུས་ཡུན་མཇུག་རྫོགས་རྒྱུ་ཡིན་ནམ།?

ཁིན་གྱི་འཁྲུངས་སྐར། ང་ལ་རྨི་ལམ་ཞིག་ཡོད།

Tuesday, January 19th, 2010

ཟླ་བ་འདིའི་ཚེས༡༨་ཉིན་ནི་ཨ་རིའི་རྒྱལ་ཡོངས་སུ་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་གི་འཁྲུངས་སྐར་གུང་གསེང་དགའ་སྟོན་ཉིན་མོ་ཡིན། ཨ་རིའི་ནང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ནི་༡༩༢༩ལོའི་ཟླ་བ་བདུན་པའི་ཚེས་༡༥་ཉིན་སྐུ་འཁྲུངས།  ༡༩༨༣་ལོར་ཨ་རིའི་གྲོས་ཚོགས་ཀྱིས་མང་མོས་ཐག་གཅོད་ལྟར།  ཨ་རིའི་སྲིད་འཛིན་རོ་ནོ་རྡུ་རུས་རྒན་གྱིས་ལོ་ལྟར་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བའི་ཉིན་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ལ་བརྩི་བཀུར་མཚོན་ཆེད་རྒྱལ་ཡོངས་གུང་གསེང་ལ་གཏན་འབེབས་བྱས་པའི་ཁྲིམས་གཞི་མཚན་རྟགས་བཀོད།  ༡༩༨༦་ལོ་ནས་བཟུང་ལོ་ལྟར་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་ཡོངས་སུ་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་གི་འཁྲུངས་སྐར་གུང་གསེང་དགའ་སྟོན་རོལ་བཞིན་ཡོད། 
སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བརྟན་པོའི་ངང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་ལ།  ༡༩༦༣ལོའི་ཟླ་བ་ ༨་ཚེས་༢༨་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱལ་ཡོངས་ཐང་ཆེན་དུ་མི་གྲངས་ཉིས་འབུམ་ལྷག་གིས་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་ཆེད་ཞི་བའི་གོམ་བགྲོད་གནང་སྐབས།  སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིས་ ༼ང་ལ་རྨི་ལམ་ཞིག་ཡོད།༽ཅེས་པའི་གསུང་བཤད་གནང་ཡོད།  གསུང་བཤད་འདི་ནི་ཕལ་ཆེར་སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིི་སྙན་གྲགས་ཆེ་ཤོས་ཀྱི་གསུང་བཤད་དེ་ཡིན་ལ།

ང་ལ་རྨི་ལམ་ཞིག་ཡོད་ཅེས་པའི་གསུང་བཤད་བོད་ཡིག་ཐོག་གཟིགས་རོགས།

བོད་རྒྱའི་གྲོས་མོལ་གྱི་ཁོར་ཡུག་ལ་བསྐྱར་དུ་བལྟ་བ།

Monday, January 11th, 2010

བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་འདོད་འདུན་ཏེ། གཞིས་བྱེས་ལྷན་འཛོམས་ཀྱི་དགའ་སྤྲོའི་ཉིན་མོ་ཞིག་ཤར་བའི་རེ་བ་ཇེ་ཆུང་དུ་འགྲོ་བཞིན་༢༠༠༩་ལོ་མཇུག་རྫོགས་པ་དང་། ༢༠༡༠ ལོ་འདི་ནི་བོད་ཀྱི་གནད་དོན་སེལ་ཆེད་བོད་དང་རྒྱ་ཕྱོགས་གཉིས་ཀྱི་ཆེས་མཐོ་སྐུ་ཚབ་རྣམ་གཉིས་བར་ཁ་རྩོད་ཞིག་དང་མཉམ་དུ་འགོ་ཚུགས་སོང༌། ཚིག་རྩོད་གཙོ་བོ་གཅིག་གི་བོད་ཕྱོགས་ཀྱིས་བཤད་ན། རྒྱ་ནག་གཞུང་གིས་གོང་ས་ཏ་ལའི་བླ་མའི་བོད་རང་བཙན་རྩོད་ཀྱིན་མེད་པ་ངོས་ལེན་བྱས་སོང་ཟེར་ལ། རྒྱ་ནག་ཕྱོགས་ནས་ “ཏཱ་ལའི་བླ་མས་བོད་རང་བཙན་བྱེད་པའི་རེ་འདོད་མེད་”ཅེས་པའི་སྐད་ཆ་ཞིག་རྩ་བ་ནས་བཤད་མ་མྱོང་བ་ཟེར་བ་དེ་རེད།

8th_round_china_1

བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་པ་གནང་བཞིན་པ།

༢༠༠༢ལོ་ནས་བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་བྱུང་ནས་༢༠༠༨་ལོའི་སྤྱི་ཟླ་བ་བཅུ་གཅིག་པའི་བར་དུ་། འབྲེལ་མོལ་གྱི་རྣམ་པ་ཡར་རྒྱས་དང་རྒྱ་ནག་ཕྱོགས་ནས་བོད་ཀྱི་བསམ་ཚུལ་ལ་ཉན་འཇོག་བྱེད་པ་སོགས་བརྗོེད་ནས་བོད་མི་རྣམས་ཀྱི་སེམས་སུ་རེ་བ་ཞིག་སྤྲད་ཡོད་པ་རེད། ཡིན་ནའང་༢༠༠༨་སྤྱི་ཟླ་བཅུ་གཅིག་པའི་ནང་བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བཙན་བྱོལ་བོད་གཞུང་གིས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ འདིར་གཟིགས)

སྤྲད་པ་དེའི་ཐད་། བོད་ཕྱོགས་ནས་གསལ་བསྒྲགས་གང་ཡང་མ་བྱས་གོང།  རྒྱ་ནག་ཕྱོགས་ནས་ལོའི་དེའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ཉིན་པེ་ཅིན་ཏུ་བོད་རྒྱའི་འབྲེལ་མོལ་སྐོར་ལ་སྔར་བྱུང་མ་མྱོང་གསར་འགོད་ལྷན་ཚོགས་བསྡུས་ཏེ། “ང་ཚོས་ཏ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ཆེད་གྲོས་མོལ་བྱས་པ་ལས་བོད་དོན་ཟེར་བ་ཞིག་ལ་གྲོས་མོལ་ནམ་ཡང་བྱས་མེད། ༡༩༨༠ནང་དུ་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་བོད་ས་ཡོངས་ལ་ཆེས་མཐོའི་རང་སྐྱོང་ཟེར་བ་ཡོང་ཐབས་མེད་པ་གསལ་བོར་བཤད་ཡོད་ཅེས་གསར་འགོད་ལྷན་ཚོགས་ཐོག་བརྗོད་ནས་བོད་ཀྱི་གནད་དོན་ཟེར་བ་མེད་ཚུལ་བརྗོད་ཡོད། རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

གནས་ཆེན་མཐོ་སྒང་།

Tuesday, December 1st, 2009

གནས་ཆེན་མཐོ་སྒང་ཞེས་པའི་བརྙན་འཕྲིན་འདིའི་ནང་མདོ་དབུས་མཐོ་སྒང་སྟེང་འཚོ་གནས་བྱེད་བཞིན་པའི་བོད་ཀྱི་འབྲོག་པ་ཚོས་། ལོ་ངོ་སྟོང་ཕྲག་རིང་གི་བོད་ཀྱི་སྲོལ་རྒྱུན། བེམ་པོ་བྱ་ལ་གཏོར་བ་དང་། བེམ་པོ་ཆུ་ལ་གཡུགས་པའི་གནས་ལུགས་ངོ་སྤྲོད་གནང་ཡོད་ལ། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཀྱིས་བོད་ཀྱི་སྲོལ་རྒྱུན་དེ་དག་ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་ཡོད་པ་གསལ་སྟོན་བྱས་འདུག

མཐའ་མཇུག་གི་སྦྲ་ནག

Wednesday, November 18th, 2009

མཐའ་མཇུག་གི་སྦྲ་ནག་ཅེས་པའི་བརྙན་འཕྲིན་འདིའི་ནང་མདོ་དབུས་མཐོ་སྒང་སྟེང་འཚོ་གནས་བྱེད་བཞིན་པའི་བོད་ཀྱི་འབྲོག་པ་རྣམས་ཀྱི་འཚོ་བའི་འགྱུར་ལྡོག་བསྟན་ཡོད།ལོ་སྟོང་ཕྲག་མང་པོར་ཞི་བདེ་བག་ཕེབས་ངང་སྦྲ་ནག་ནང་འཚོ་གནས་བྱེད་བཞིན་པའི་འབྲོག་པ་དེ་དག་རྒྱ་ནག་གཞུང་གིས་ས་གནས་གཅིག་ལ་སྤོར་དུ་འཇུག་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གནས་ཚུལ་ལྟར་ན། མཐོ་སྒང་འདིའི་སྟེང་འཚོ་གནས་བྱེད་བཞིན་པའི་འབྲོག་པ་བརྒྱ་ཆའི་བརྒྱད་ཅུ་ཐམ་པ་༢༠༡༠་ནང་འབྲོག་དམངས་གྲོང་བརྡལ་ཅན་ཏུ་བསྒྱུར་བ་ཞེས་པའི་ལས་འཆར་འོག་ས་གནས་གཅིག་ལ་གནས་སྤོར་བྱེད་རྒྱུ་ཡིན་པ་རེད།

རྫ་ཆུའི་འབྱུང་ཁུངས།

Wednesday, November 18th, 2009

རྫ་ཆུའི་(Mekong)འབྱུང་ཁུངས་ཞེས་པའི་བརྙན་འཕྲིན་འདིའི་ནང་དུ། རྫ་ཆུའི་འབབ་རྒྱུད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་སོགས་ཀྱི་ཐད་མཐོ་སྒང་འདིའི་སྟེང་འཚོ་བཞིན་པའི་འབྲོག་པ་རྣམས་ལ་གནས་ཚུལ་བཅར་འདྲི་བྱས་འདུག འབྲོག་པ་འདི་དག་གི་ཡབ་མྱེས་རྣམས་མཐོ་སྒང་འདིའི་སྟེང་ལོ་ངོ་སྟོང་ཕྲག་མང་པོ་འཚོ་གནས་བྱས་ཡོད་པ་རེད།
རྫ་ཆུ་འམ་མེ་ཁོངས་གཙང་པོ་ནི་འཛམ་གླིང་སྟེང་གི་ཆུ་བོ་འབབ་རྒྱུན་རིང་ཤོས་ཨང་བཅུ་པ་ཡིན་ལ།གཙང་པོ་འདི་བོད་ནས་རྒྱ་ནག དེ་ནས་འབར་མ། ཐའེ་ལན། ལོའོ། ཁོམ་སྦོ་ཀྲི་ཡ། ཝི་ཏི་ནམ་བཅས་ནང་སྤྱི་ལེ་བཞི་སྟོང་སུམ་བརྒྱ་ལྔ་བཅུའི་རིང་ཚད་བརྒྱུད་ནས་རྒྱ་མཚོར་འབབ་ཀྱིན་ཡོད།

རྒྱ་ནག་གཞུང་གིས་སྟངས་འཛིན་འོག་གི་བོད་ཀྱི་རྩོམ་པ་པོ།

Thursday, November 5th, 2009

གསལ་བཤད།  དེ་རིང་དུས་ཁོམ་ཞིག་དང་བསྟུན་ནས་ཡིག་ཚགས་རྙིང་བ་བསྔོག་འདོན་བྱེད་སྐབས་༡༩༩༩་ལོར་ཕྲན་གྱིས་། ཨེ་ཤ་ཡ་རང་དབང་རླུང་ཁང་དུ་དབུས་སྐད་ནང་རྩོམ་རིག་སྒྱུ་རྩལ་གྱི་དགའ་ཚལ་ཞེས་པའི་ལེ་ཚན་ཞིག་གཙོ་སྐྱོང་བྱེད་སྐབས་བོད་ནང་གི་རྩོམ་པ་པོའི་སྐོར་ལེ་ཚན་ཞིག་བཟོས་ཡོད་པ་རྙེད་བྱུང་བས་ཟིན་བྲིས་ནང་བཀོད་པ་ཡིན།

ཆར་རྗེས་ཀྱི་མྱུ་གུ་འབུས་པ་ལྟར་དར་ཁྱབ་ཕྱིན་པའི་བོད་ཀྱི་དེང་རབས་རྩོམ་རིག་དེ་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་འཕེལ་ཕྱོགས་སྐོར་ལ་བསྐྱར་ཞིབ་དང་འབྲེལ། ངོ་སྤྲོད་ཕྲན་བུ་ཞུ་རྒྱུ་ཡིན། བོད་ནང་ལ་མཚོན་ན། ལོ་རབས་བརྒྱད་ཅུ་འགོ་བཙུགས་པ་ནས་བཟུང་གཞོན་སྐྱེས་མང་པོ་ཞིག་གིས་རང་རང་གི་སེམས་གྱི་ཚོར་བ་དང༌། དགའ་སྡང་ཆགས་གསུམ་ལ་སོགས་རྩོམ་རིག་གི་ལམ་ལ་བརྟེན་ནས་མཚོན་པར་བྱས་ཏེ། རྩོམ་ཡིག་འབྲི་སྲོལ་གསར་བ་ཞིག་འགོ་ཚུགས་ཡོད་པ་མཁས་དབང་མང་པོའི་དགོངས་པ་གཅིག་མཐུན་དུ་འདུག་ནའང༌། འོན་ཀྱང་ང་ཚོའི་རྩོམ་སྲོལ་གསར་བ་དེའི་ངོ་བོ་དང་གྲུབ་སྟངས་ཀྱི་ཆ་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། བོད་ནང་ཡོད་པའི་རྩོམ་རིག་གི་དུས་དེབ་རྣམས་རྒྱ་ནག་གཞུང་གིས་སྟངས་འཛིན་དང་བཀོད་ཇུས་འོག་པར་བསྐྲུན་དང་འགྲེམས་སྤེལ་བྱེད་དགོས་གྱུར་ཡོད་པ་མ་ཟད། དུས་དེབ་དེ་དག་གི་རྩོམ་སྒྲིག་ལས་འཁུར་བྱེད་མཁན་ཡང་རྒྱ་ནག་གཞུང་གིས་བློ་ལ་འབབ་པའི་མི་ཞིག་ཐད་ཀར་འདེམས་བསྐོ་བྱས་ཡོད་པ་གསལ་བོ་རེད། དེང་སྐབས་བོད་ནང་དུ་རྩོམ་རིག་དང་འབྲེལ་བའི་དུས་དེབ་རྣམ་གྲངས་ཕལ་ཆེར ༥༠ ལྷག་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དང༌།དེ་བས་དུས་དེབ་དེ་དག་གི་ནང་ཐོན་པའི་རྩོམ་གྱི་རྣམ་པ༌། སྒྱུ་རྩལ། ཚིག་སྦྱོར་དང་ཡི་གེ་དག་ཆ་གང་ཅིའི་ཐད་ཚད་མཐོན་པོར་སླེབས་ཡོད་པ་སྨྲས་མ་དགོས་ནའང༌། རྩོམ་དེ་དག་གི་བསྟན་བྱ་སྟེ། ནང་དོན་དངོས་ལ་བལྟ་སྐབས་རྩོམ་པ་པོའི་བསམ་འདུན་ལ་ཚད་བཀག་དང་སྟངས་འཛིན་བྱས་ཡོད་པ་གསལ་བོར་ཤེས་ཐུབ། གནས་ཚུལ་དེས་རྐྱེན་པས་རྩོམ་པ་པོ་གང་མང་ཞིག་གིས་ཐབས་ལམ་གཞན་ཞིག་བརྒྱུད་ནས་སོ་སོའི་སེམས་ཀྱི་སྣང་ཚུལ་ངོ་མ་དེ་རྩོམ་རིག་གི་ལམ་ནས་སྟོན་ཐབས་སུ། སློབ་གྲྭ་ཆེན་མོའི་སློབ་ཕྲུག་དང༌། དགོན་སྡེ་ཁག་གི་གྲྭ་བས་རྩོམ་རིག་གི་དུས་དེབ་འགྲེམས་སྤེལ་བྱས་ཡོད་པ་དང།    དཔེར་ན་སྐུ་འབུམ་དགོན་པའི་གྲྭ་བ་ཁག་གཅིག་གིས་༡༩༩༥ ལོར {ཙོང་ལ་རིང་མོའི་དགོད་སྒྲ།}   ཞེས་པའི་རྩོམ་རིག་དུས་དེབ་ཞིག་འགྲེམས་སྤེལ་བྱས་ནས་ཟླ་བ་ཁ་ཤས་ཕྱིན་རྗེས་རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་པར་དུས་དེབ་འགྲེམས་སྤེལ་བྱས་པ་ནག་ཉེས་བཙུགས་ཏེ དུས་དེབ་དེ་གའི་རྩོམ་སྒྲིག་པ་གྲྭ་བ་དམ་ཆོས་འཛིན་བཟུང་བྱས་ཡོད་པ་རེད། དེ་ཡང་ཙོང་ལ་རིང་མོའི་དགོད་སྒྲ་ཞེས་པའི་དུས་དེབ་དེའི རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »