ང་རང་ཨ་རིའི་རྒྱལ་སའི་གྲོང་ཁྱེར་ནང་དུ་བསྡད་ནས་ལོ་བཅུ་གཅིག་ལྷག་འགོར་ཡོད་ལ། དེའི་རིང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བལྟ་བསྐོར་དུ་གྲོགས་པོ་སུ་འདྲ་ཞིག་ཡོང་ནའང་། རང་གི་ཐུབ་ཚོད་ཀྱིས་གྲོང་ཁྱེར་འདིའི་ནང་ཁྲིད་ནས་ཤེས་ཚོད་ཀྱིས་འགྲེལ་བཤད་རེ་རྒྱག་གིན་ཡོད། དེ་རིང་ངས་འདི་ནས་གྲོང་ཁྱེར་འདིའི་ནང་ཕེབས་མ་མྱོང་ཡང་ཟིན་བྲིས་འདིའི་ནང་ཕེབས་བཞིན་པའི་གྲོགས་པོ་ཚོར་གྲོང་ཁྱེར་འདིའི་ནང་གི་གནས་ཁ་ཤས་པར་རིས་དང་ལྷན་དུ་ངོ་སྤྲོད་མདོར་བསྡུས་རེ་བྱེད་ངེས་ཡིན།

ཨ་རིའི་གྲོས་ཚོགས་ཁང༌། པར་པ་དཔལ་ལྡན་རྒྱལ།
ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཁང། གྲོས་ཚོགས་འོག་མའི་ནང་མི་འཐུས་མི་༤༣༥་ཡོད། ལས་ཡུན་ལོ་གཉིས་ཡིན། གྲོས་ཚོགས་གོང་མའི་ནང་འཐུས་མི་བརྒྱ་ཐམ་པ་ཡོད། ལས་ཡུན་ལོ་དྲུག་ཡིན། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སུ་རུང་བསྐྱར་དུ་འདེམས་པར་དགག་བྱ་མེད།

༢༠༠༧་ལོར་ཨ་རིའི་གྲོས་ཚོགས་ཀྱིས་གོང་ས་མཆོག་ལ་གསེར་གྱི་རྟགས་མའི་གཟེངས་རྟགས་ཕུལ་བའི་ཉིན་མོ། པར་པ་དཔལ་ལྡན་རྒྱལ།
གྲོས་ཚོགས་ལ་ཁྲིམས་བཟོ་ལྷན་ཁང་ཡང་ཟེར།གྲོས་ཚོགས་ཀྱིས་དབུས་གཞུང་གི་ཁྲིམས་གཞི་གཏན་འབེབས་བྱེད་ཀྱིན་ཡོད་ལ། གཏན་འབེབས་བྱས་པའི་ཁྲིམས་གཞི་དེ་ཨ་རིའི་མངའ་སྡེ་ལྔ་བཅུ་ཐམ་པ་དང༌། ཨ་རིའི་མི་ཡོངས་ལ་ཁྱབ། ཁྲིམས་ཀྱི་བྱེད་ནུས་ནི། མི་ཡོངས་རྫོགས་ཁྲིམས་ལུགས་ཀྱི་རྗེས་སུ་འབྲངས་དགོས་པ་དང་། སྲིད་གཞུང་དང་དབུ་ཁྲིད་ཀྱིས་ཁྲིམས་ལུགས་ལ་བརྩི་བཀུར་བྱེད་དགོས་པ། མི་སུ་ཡང་ཁྲིམས་ཀྱི་སྒང་ན་མེད་པ་དེ་ཡིན།

༢༠༠༧་ལོར་ཨ་རིའི་གྲོས་ཚོགས་ཀྱིས་གོང་ས་མཆོག་ལ་གསེར་གྱི་རྟགས་མའི་གཟེངས་རྟགས་ཕུལ་བའི་ཉིན་མོ། པར་པ་དཔལ་ལྡན་རྒྱལ།
ཨ་རིའི་སྲིད་འཛིན་གཉིས་པ་འཇོན་ཨ་ཀྲེམ(John Adams) གྱིས།“ང་ཚོའི་རྒྱལ་ཁབ་ནི་ཁྲིམས་ཀྱིས་སྐྱོང་བའི་སྲིད་གཞུང་ཅིག་ཡིན་པ་ལས་མིས་སྐྱོང་བའི་གཞུང་ཅིག་མིན།”ཞེས་གསུངས་ཡོད། མི་ཚང་མ་ཁྲིམས་ལུགས་གཅིག་མཚུངས་ཀྱིས་འཛིན་སྐྱོང་བྱས་པ་ཡིན་ན་མི་སྒེར་གྱི་ཐོབ་ཐང་དང་རང་དབང་ལ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་ལ། སྲིད་གཞུང་གིས་མི་ཁག་ཅིག་ཐོབ་ཐང་ལ་རྡོག་རོལ་གཏོང་མི་ཐུབ་པར་མི་ཚང་མ་གཅིག་མཚུངས་ཀྱི་ཡོད་པའི་འདྲ་མཉམ་གྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་དེ་རེད།