September, 2010

...now browsing by month

 

ལོ་བཅུ་བདུན་རྗེས་ཀྱི་ཐུག་འཕྲད།

Monday, September 13th, 2010

༼རང་ཡུལ་གད་པ་ཡིན་ཀྱང་སྐྱིད་༽ ཟེར་བ་ཅི་མ་བདེན།  ང་རང་མི་ལོ་བཅུ་བདུན་རིང་ས་མཐར་འཁྱམས་ནས།   གཞན་ཡུལ་འདྲ་མིན་དུ་གནས་སྡོད་འཚོ་བ་རོལ་ནའང་།   རང་ཡུལ་ཡིན་བསམ་པའི་ཚོར་བ་སྐྱེས་མ་མྱོང་། ག་དུས་ཡིན་ཀྱང་གངས་ཅན་བོད་ནི་ངའི་ཡུལ་ཡིན་བསམ་པའི་ཚོར་བ་རྡོག་རྡོག་ཞིག་སྙིང་གི་དཀྱིལ་དུ་གནས་ཡོད་པ་དེས་ང་ལ་ན་ཟུག་སྤྲདམྱོང་ལ།  སྦོབས་པ་འང་སྤྲད་མྱོང་།  ང་བོད་དང་ཁ་བྲལ་ནས་ལོ་ངོ་བཅུ་བདུན་རྗེས་ཏེ།  སྤྱི་ལོ་༢༠༠༦ ལོའི་སྤྱི་ཟླ༦ ནང་ཟི་ལིང་གནམ་ཐང་དུ་འབྱོར་དུས་ཕ་མ་གཉིས་དང་སྤུན་མཆེད་རྣམས་གཙོས་པའི་ཤ་ཉེ་རང་༤༠ ལྷག་གིས་ལག་ཏུ་ཁ་བཏགས་བཟུང་ནས་ང་ལ་སྒུག་འདུག  ངའི་ཕ་མ་གཉིས་༡༩༩༩ ལོར་ཨ་རིར་གཉེན་འཕྲད་དུ་ཕེབས་ནས་མཇལ་འཕྲད་ཀྱི་གོ་སྐབས་བྱུང་ཡོད། དེ་མིན་སྤུན་མཆེད་དང་གྲོགས་པོ་རྣམས་ངོ་ལོ་བཅུ་བདུན་རིང་མཐོང་མེད། ཟི་ལིང་གནམ་ཐང་དུ་ཕ་མ་གཉིས་གཙོས་པའི་ནང་མི་ཉེ་འབྲེལ་ཚང་མས་ང་འཐམས་ཏེ་མིག་ལས་མཆི་བ་བཞུར། ངའི་མིག་ནས་ཀྱང་རང་དབང་མེད་པར་མིག་ཆུ་བཞུར། ཨ་མས་ང་ལ་འཐམས་ནས་ངུ་ངག་གིས  ཨ་མའི་དཔལ་ལོ།   ཁྱོད་ཐོན་དང་ང་། ཟེར་བཞིན་ངའི་གདོང་དང་།  མགོ་ལ་ལག་པས་བྱིལ་བྱིལ་གནང་།

དགུང་ལོ་བརྒྱད་ཅུ་བརྒལ་པའི་ཨ་ཞང་གིས་ལག་གཉིས་ཀྱིས་ངའི་འགྲམ་པའི་གཡས་གཡོན་གཉིས་ལ་དམ་པོར་བསྡམས། བརྩེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པའི་མིག་ཟུང་གིས་ཐད་ཀར་ངའི་མིག་ནང་ལ་བལྟས་ནས། ང་ཚེ་འདིར་ཁྱེད་ལ་ཐུག་གི་མ་རེད་བསམ་ཡོད།  གཅེས་ཕྲུག ཁྱོད་ཐོན་དང་ང་། ཁྱོད་ཐོན་དང་ང་། ཟེར།

ཟི་ལིང་དུ་སླེབས་སྐབས་ང་རང་བོད་ལ་སླེབས་ཡོད་པའི་ཚོར་བ་གང་ཡང་སྐྱེས་མ་བྱུང༌། ལ་དམར་ཉག་ཁའི་ཁ་ལ༽སླེབས་དུས་ལ་ཙེ་དང་དར་ལྕོག་ཁྲོད་དུ་བསང་ཞིག་བཏང་བའི་སྐབས། ངོ་མ། ང་བོད་དུ་སླེབས་ཡོད་པའི་ཚོར་བ་ཐོག་མ་སྐྱེས་པ་དང་མཉམ་དུ་ངས་བོད་ཀྱི་ས་ཐོག་དུ་གངས་ཅན་བོད་ལ་ཕྱག་གསུམ་འཚལ་ནས་ཐོད་པ་ས་ལ་གཏུགས་ཡིན། 

 

གཤམ་གསལ་གྱི་བརྙན་པར་ཕྱོགས་བསྒྲིགས་འདི་ལ་གཟིགས་རོགས།

 

བོད་ཀྱི་གདོང་རིས།

Thursday, September 9th, 2010

འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག

Wednesday, September 1st, 2010

དེ་རིང་ངོ་དེབ་སྟེང་དུ་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བརྩམས་པའི་༼འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག༽ཅེས་པའི་སྙན་རྩོམ་འདི་གྱེར་འདོན་ཞིག་ལ་ཉན་རྗེས་སེམས་སུ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་སྐྱེས།

དོན་གྲུབ་རྒྱལ།

དོན་གྲུབ་རྒྱལ།

འདི་ནི་སྐུ་ཞབས་དོན་གྲུབ་རྒྱལ་གྱི་རང་མོས་སྙན་རྩོམ་ལེགས་ཤོས་ཞིག་ཡིན་ལ།  ༡༩༨༠ དཀྱིལ་ཙམ་ལ་ཁོང་གི་སྙན་རྩོམ་འདི་པར་སྐྲུན་མ་བྱས་གོང་། ངའི་སློབ་གཉེར་བྱེད་སའི་མཚོ་སྔོན་མི་རིགས་སློབ་གྲ་ཆེན་མོའི་བོད་རིགས་སློབ་མ་ཁག་ཅིག་གི་ལག་ཏུ་སྙན་རྩོམ་འདིའི་མ་ཡིག་ལག་བྲིས་ཞིག་རག་ཡོད་པ་དེ།  ང་ཚོས་ཕར་བཤུ་ཚུར་བཤུ་བྱས་ནས་སློབ་མ་མང་པོ་ཞིག་གིས་སྙན་རྩོམ་འདི་བློ་ངོར་ཀློག་ཐུབ་ཀྱིན་ཡོད།  སྙན་རྩོམ་གྱེར་འདོན་འདིར་ཉན་སྐབས། སྐུ་ཞབས་དོན་གྲུབ་རྒྱལ་དགོངས་པ་མ་རྫོགས་པའི་ཟླ་ཁ་ཤས་སྔོན་༡༩༨༥ ལོའི་དབྱར་ཁར།  ཁོང་མཚོ་སྔོན་མི་རིགས་སློབ་གྲ་ཆེན་མོའི་ནང་ཕེབས་ནས   ང་ཚོའི་འཛིན་གྲའི་དེང་རབས་རྩོམ་རིག་དགེ་རྒན་སངས་རྒྱས་རིན་ཆེན་གྱི་ཚབ་བྱས་ནས་དོན་གྲུབ་རྒྱལ་གྱིས་ལག་གཡས་བར་ས་སྨྱུག་བསྐོར་ཅིང་། ལག་གཡོན་པའི་མཛུབ་གུ་གཉིས་ཀྱི་བར་ཐ་མ་ཞིག་བཟུང་ནས་སློབ་ཁྲིད་ཐེངས་གཅིག་བྱས་བའི་རྣམ་པ་དེ་ཡང་མིག་ལམ་དུ་འཁོར་ལ།   ༼ང་ཚོ་བོད་མི་རིགས་ནི་གངས་སེང་གངས་དུ་འགྲེང་དང་འདྲ་ལ།   བོད་ཀྱི་རྩོམ་རིག་ནི་ཁྱུང་ཆེན་མཁའ་ལ་འཕུར་བ་མཚུངས།༽ཞེས་སློབ་ཁྲིད་འགོ་འཛུགས་པའི་སྐད་གདངས་དེའང་རྣ་ལམ་དུ་འཁོར།   སྐུ་ཞབས་དོན་གྲུབ་རྒྱལ་དགུང་ལོ་སོ་གཉིས་སྟེང་གྲོངས་པ་རེད་ཡ།

འབྲེལ་ཡོད་གནས་ཚུལ།

སྐུ་ཞབས་དོན་འགྲུབ་རྒྱལ་དང་ཁོང་གི་བརྩམས་ཆོས།