February, 2011

...now browsing by month

 

ལྷོ་སོའུ་དན་རང་བཙན།

Friday, February 11th, 2011

ལྷོ་སོའུ་དན་མི་མང་གི་སེམས་གཏམ།
ཟླ་བ་གཉིས་པའི་ཚེས་༧ ཉིན་སོའུ་དན་གྱི་འོས་འདེམས་ལྷན་ཚོགས་ཀྱིས། ལྷོ་སོའུ་དན་གྱི་མི་མང་གི་བརྒྱ་ཆའི་༩༨.༨༣ གྱིས་ཡུལ་དེ་རང་བཙན་བྱེད་རྒྱུའི་འདོད་མོས་ཡོད་པའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་པ་རེད། འོས་འདེམས་ནང་ལྷོ་སོའུ་དན་གྱི་རང་བཙན་བྱེད་རྒྱུར་འདོད་མོས་ཡོད་པའི་འོས་ཤོག ༣༧༩༢༥༡༨ བྱུང་ཡོད་པ་ནི་འོས་ཤོག་ཡོངས་ཀྱི་བརྒྱ་ཆའི་༩༨.༨༣ ཟིན་ཡོད་པ་དང་། ལྷོ་བྱང་སོའུ་དན་གཉིས་གཅིག་གྱུར་བྱེད་རྒྱུར་འདོད་མོས་ཡོད་པའི་འོས་ཤོག ༤༤༨༨བྱུང་ཡོད་པ་ནི་འོས་ཤོག་ཡོངས་ཀྱི་བརྒྱ་ཆའི་ ༡.༡༧ ཟིན་ཡོད་པ་རེད།   ལྷོ་སོའུ་དན་རང་བཙན་བྱེད་རྒྱུ་ནི་མི་མང་གི་སེམས་སུ་ཡུན་རིང་ཉར་བའི་འདོད་འདུན་ཡིན་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས།   གསལ་བསྒྲགས་བྱས་མ་ཐག ལྷོ་སོའུ་དན་མི་སེར་ཞིག་གིས། ༼ང་ཚོ་ཚང་མ་དམག་འཁྲུག་ཁྲོད་འཚར་ལོངས་བྱུང་བ་ཡིན། ང་ཚོས་རང་ཉིད་ཀྱི་རང་དབང་ཞི་བདེའི་ངང་རོལ་རྒྱུ་བྱུང་བ་ནི་ཇི་འདྲའི་སྤྲོ་སྐྱིད་ལྡན་པ་ཞིག་རེད་ཨང་། ༽ ཞེས་དང་།  ཡང་བུད་མེད་ཅིག་གིས་། ༼འོས་འདེམས་ཀྱི་མཇུག་འབྲས་ནི་ང་ལ་རང་དབང་ཐོབ་པ་རེད། ད་ནི་ང་རང་རང་ཉིད་ཀྱི་རྒྱལ་ཁབ་ནང་དུ་མི་སེར་ཨང་རིམ་དང་པོ་ཆགས་པ་རེད་།༽ ཅེས་བརྗོད་འདུག།

སོའུ་དན་གྱི་ས་ཁྲ།

སོའུ་དན་གྱི་ས་ཁྲ།

ག་དུས་འོས་འདེམས་བྱས་པ་རེད།
ལོ་བཅུ་ཕྲག་ཁ་ཤས་རིང་ཨ་རབ་མི་རིགས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་སྲིད་གཞུང་དང་། ལྷོ་ཕྱོགས་གྱེན་ལོག་པའི་བར་དམག་བྱུང་ནས་ཡུལ་དེའི་མི་མང་རྣམས་དཀའ་སྡུག་དང་། ཞེད་སྣང་ངང་གནས་ཡོད་པ་རེད།  སྤྱི་ཟླ་དང་པོའི་ཚེས་༩ ནས་ཚེས་༡༥ བར་ཨ་ཧྥུ་རི་ཀའི་གླིང་ཆེན་ནང་ཡོད་པའི་སོའུ་དན་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཕྱེད་རང་སྐྱོང་གི་གནས་བབ་ངང་ཡོད་པའི་ས་ཁུལ་དེ།  རང་བཙན་བྱེད་རྒྱུའམ། ཡང་ན་སྔར་བཞིན་སོའུ་དན་གྱི་མངའ་འོག་ཏུ་འདུག་རྒྱུ ཡིན། དོན་གནད་འདིའི་ཐད་མི་མང་གིས་འོས་འཕངས་ཡོད་པ་རེད།

འོས་ཤོག་འཕེན་མཁན་སུ་ཡིན་ནམ།
ལྷོ་ཕྱོགས་སོའུ་དན་མི་མང་སུ་ཡིན་རུང་འོས་འཕེན་ཐོ་འགོད་དུས་ཡུན་ནང་ཐོ་བཀོད་བྱས་ཡོད་པ་རྣམས་དང་། ལྷོ་ཕྱོགས་སོའུ་དན་མི་མང་མང་ཆེ་ཤོས་ལྷོ་ཕྱོགས་ས་ཁུལ་དུ་གནས་སྡོད་བྱས་ཡོད་ནའང་། མི་མང་པོ་ཞིག་བྱང་ཕྱོགས་སོའུ་དན་དང་། རྒྱལ་ཁབ་གཞན་གྱི་ནང་སྐྱབས་བཅོལ་དུ་གནས་ཡོད་པའི་ལྷོ་ཕྱོགས་སོའུ་དན་མི་མང་ཚང་མར་འོས་འཕེན་གྱི་ཐོབ་ཐང་སྤྲད་ཡོད་པ་རེད།

རྒྱལ་ཁབ་འདི་ཆིག་སྒྲིལ་ངང་གནས་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ནམ།
རྩ་བའི་ཆ་ནས་ཨ་ཧྥུ་རི་ཀའི་གླིང་ཆེན་ནང་རྒྱལ་ཁབ་ཆེ་ཤོས་འདི་ཁ་ཁར་དབྱེ་དོན་ནི། ལྷོ་བྱང་གཉིས་བར་ཆོས་ལུགས་དང་། མི་རིགས་མི་འདྲ་བའི་འགལ་ཟླ་ལས་བྱུང་པ་ཞིག་རེད། སོའུ་དན་གྱི་བྱང་ཕྱོགས་ནི་ཁ་ཆེ་ཆོས་ལུགས་ལ་དད་པ་བྱེད་མཁན་ཨ་རབ་མི་རིགས་ཡིན་པ་དང་། ལྷོ་ཕྱོགས་ནི་ཨ་རབ་མི་རིགས་མ་ཡིན་པར་ཡི་ཤུའི་ཆོས་ལ་དད་པ་བྱེད་མཁན་ཡིན་པ་རེད།

ག་དུས་རང་བཙན་གྱི་རྒྱལ་ཁབ་ཞིག་ཆགས་སམ།
ད་ལོའི་ཟླ་བ་བདུན་པའི་ནང་ལྷོ་སོའུ་དན།   གཞུང་འབྲེལ་གྱིས་༼ལྷོ་སོའུ་དན་སྤྱི་མཐུན་རྒྱལ་ཁབ།༽ ཞེས་མིང་བཏགས་ནས་འཛམ་གླིང་འདིའི་སྟེང་རང་གི་བདག་དབང་རང་ལ་ཡོད་པའི་རྒྱལ་ཁབ་གསར་ཤོས་དེ་ཆགས་རྒྱུ་རེད།