October, 2011

...now browsing by month

 

གསར་འགྱུར།

Tuesday, October 25th, 2011

༡ དཀར་མཛེས་དགོན་པའི་གྲ་པ་ཞིག་གིས་རང་ལུས་མེ་བསྲེགས་བཏང་ནས། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག ཚེས༢༥ཉིན་དཀར་མཛེས་དགོན་དུ། དུས་གཏོར་ཚོགས་ནས། གྲྭ་བ་དང་མི་མང་འཛོམས་ཡོད་སྐབས། རང་ལོ་༣༨་ཡིན་པའི་གྲ་བ་ཟླ་བ་ཚེ་རིང་ལགས་ཀྱིས། རང་གི་ལུས་སྟེང་དུ་རྡོ་སྣུམ་བླུགས་ནས་མེ་སྦར་ཏེ་མེ་ལྕེའི་ཁྲོད། རྒྱལ་བ་རིན་པོ་ཆེ། བོད་ལ་གདན་འདྲེན་ཞུ་དགོས་། བོད་ལ་རང་དབང་དགོས། མི་རིགས་འདྲ་མཉམ་དགོས། ཅེས་སྐད་འབོད་བྱས་ཡོད་པ་དང་། མེ་ཤུགས་ཆེན་འབར་ནས་ས་ལ་འགྱེལ་རྗེས། གྲ་པ་ཁག་གཅིག་གིས་ཁོང་སྨན་ཁང་དུ་སྐྱེལ་འདུག་ནའང། ཁོང་གི་རེ་འདུན་ལྟར་ཅུང་མ་འགོར་བར་ཕྱིར། དཀར་མཛེས་དགོན་པའི་ནང་ཁྲིད་ཡོང་འདུག་ལ། ས་གནས་སུ་རྒྱ་ནག་གི་ཉེན་རྟོག་དམག་མི་བཀྲམས་ནས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག ཉེ་བའི་ཟླ་བ་ཁ་ཤས་རིང་ཨ་མདོ་རྔ་བ་དང་། གསེར་རྟ་སོགས་བོད་ནང་ནས་མི་བཅུ་ཡིས་རང་ལུས་མེ་བསྲེགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་ཁྲོད་ཨ་ནེ་གཅིག་ཐེ་བའི་མི་ལྔ་འདས་འགྲོངས་སུ་གྱུར་ཡོད་པ་རེད།


༢ རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་། རྒྱ་གཞུང་གི་གཞུང་ཚབ་ཁང་དུ་ངོ་རྒོལ་སྐད་འབོད་བྱས་བར་བརྟེན། བོད་མི་ཁག་གཅིག་རྒྱ་གར་གྱི་ས་གནས་ཉེན་རྟོག་པ་བཀག་ཉར་བྱས་འདུག ཚེས་༢༤ ཉིན་རྡེ་རུ་རྡུན་ས་གནས་ནས་ཕེབས་པའི་དགེ་འདུན་པ་བཞི་དང་། ཅན་རྡི་སྒར་མཐོ་རིམ་སློབ་གྲ་ནས་ཡིན་པའི་བོད་རིགས་སློབ་མ་ཁག་ཅིག གློ་བུར་དུ་ཡོང་ནས། རྒྱ་ནག་གཞུང་ཚབ་ནང། ་འཛུལ་ཐབས་བྱེད་སྐབས་ས་གནས་རྒྱ་གར་གྱི་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་བཀག་ཉར་བྱས་འདུག་། ཡང་སུད་སིའི་གྲོང་ཁྱེར་ཇེ་ནེ་ཝའི་ནང་ཡོད་པའི་། མཉམ་སྦྲེལ་རྒྱལ་ཚོགས་མདུན་དུ་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་གཙོས་བའི་། བོད་མི་ཆིག་སྟོང་ལྷག་འདུ་འཛོམས་ཀྱིས། མཉམ་སྦྲེལ་རྒྱལ་ཚོགས་ལ། རྔ་བ་ཀིརྟི་དགོན་པའི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་ཆེད། རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ངེས་པར་གཏོང་དགོས་བའི་འབོད་སྐུལ་ཞུས་འདུག

༣ ཨ་མདོ་དྷཱི་ཚ་དགོན་པའི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་དང་། གཞོན་སྐྱེས་རྩོམ་པ་པོ་གཅོད་པ་ཀླུ་རྒྱལ་། སྨྱུག་མིང་ལ་མེ་ལྕེ་ཞེས་པ་གཉིས་འཛིན་བཟུང་བྱས་འདུག
ཚེས་ ༡༤ ཉིན་ཨ་མདོ་དྷཱི་ཚ་དགོན་པའི། དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ད་ལྟ་དགུང་གྲངས་ ༤༠ ལྷག་ཙམ་ཡིན་པ། ཁོང་མཚོ་ལྷོ་ཁྲི་ཀ་རྫོང་དུ་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་མི་སྣས་འཛིན་བཟུང་བྱས་ནས་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་འདུག དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ནི། ཤར་ཙོང་ཁ་སྐྱེས་རིའི་སྙིང་རྗེའི་རོགས་སྐྱོར་ཚོགས་པའི་། ཚོགས་གཙོ་གཞོན་ཡིན་པ་དང་། ཁོང་གིས་དབུལ་ཕོངས་སློབ་མ་དང་། རྒན་འཁོགས་བདག་མེད་རིགས་ལ་རོགས་སྐྱོར་གནང་བཞིན་ཡོད་པ་རེད། ཡང་བོད་ནས་གནས་ཚུལ་འབྱོརཔ་ལྟར་། ཚེས་༡༩ ཉིན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ། ལས་ཀ་བྱེད་བཞིན་པའི་། གཞོན་སྐྱེས་རྩོམ་པ་པོ་གཅོད་པ་ཀླུ་རྒྱལ་། སྨྱུག་མིང་ལ་མེ་ལྕེ་ཞེས་པ་ལན་ཀྲུའུ་གྲོང་ཁྱེར་ནང་གི་རང་ཁྱིམ་ནས་རྒྱ་ནག་བདེ་འཇགས་མི་སྣས་བཙན་ཁྲིད་བྱས་འདུག ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནང་མི་ལ་གསལ་བཤད་གང་ཡང་བྱས་མི་འདུག

༤ ལྷ་སར་གནས་སྡོད་རྫོགས་ཆེན་སྟོབས་ལྡན་ལགས་གཙོས་བའི། སྡེ་དགེ་ནས་ཡིན་པའི་མི་གྲངས་ཉི་ཤུ་ཙམ་གྱིས། བཀའ་ཁྲི་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དམ་པ་དེ་ཉིད། སྐུ་གཤེགས་ནས་ཉིན་ཞག་ཞེ་དགུ་ཚང་བའི་ཉིན་མོ་དང་བསྟུན་ནས། ཕྱི་ཚེས་༡༩ཉིན་ལྷ་ལྡན་གཙུག་ལག་ཁང་དུ། མཆོད་འབུལ་སྨོན་ལམ་ཞིག་གྲ་སྒྲིག་བྱས་ནས་འགོ་བཙུགས་མ་ཐག རྒྱ་མིའི་ཉེན་རྟོག་པ་དེ་གར་འབྱོར་ནས། བཀག་སྡོམ་བྱས་ཡོད་པ་མ་ཟད་། རྫོགས་ཆེན་སྟོབས་ལྡན་ལགས། མཆོད་འབུལ་གོ་སྒྲིག་བྱེད་མཁན་གཙོ་བོ་ཡིན་པར་རྩིས་ནས་ཁོང་འཛིན་བཟུང་བྱས་ཏེ། ད་བར་ས་གནས་གང་ཞིག་དུ་ཁྲིད་ཡོད་མེད་ཤེས་ཀྱི་མེད་པ་རེད།

གསར་འགྱུར།

Tuesday, October 11th, 2011

ཧྥ་རན་སི་གཙོས་བའི་ཕྱི་རྒྱལ་གྱི་སློབ་གྲ་ཆེན་མོ་ཁག་ཅིག་གི་བོད་ཡིག་སྦྱང་མཁན། སློབ་མ་ཁ་ཤས་ཀྱིས་རེ་སྐུལ་བཞིན། ཕྲན་གྱིས་བཤད་པའི་དྲ་བརྙན་གསར་འགྱུར་ཡིག་ཐོག་ཏུ་བཀོད་ནས་འདིར་བཞག་ཡོད།

༡ ཉེ་ལམ་རང་ལུས་མེར་སྲེག་བཏང་ནས། རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན། མཁའ་དབྱིངས་ལགས་དང་། ཆོས་འཕེལ་ལགས་གཉིས་འདས་གྲོངས་སུ་གྱུར་འདུག ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ཁང་གིས། གནས་ཚུལ་སྤེལ་བ་ལྟར་ན། མཁའ་དབྱིངས་ལགས་ཚེས་བརྒྱད་ཉིན་འདས་གྲོངས་སུ་གྱུར་ཡོད་པ་དང་། སྐུ་ཕུང་ཁོང་གི་ནང་མིར་རྩིས་སྤྲོད་བྱེད་དགོས་པའི། རེ་འདུན་ཤུགས་ཆེ་བཏོན་ཡོད་ནའང་། རྒྱ་གཞུང་གིས་དེ་ལ་ཉན་འཇོག་མ་བྱས་པར་ཉིན་དེར། ཁོང་གི་སྐུ་ཕུང་མེར་སྲེག་བཏང་བའི་རུས་ཐལ། ནང་མིར་སྤྲད་ཡོད་འདུག ཡང་ཚེས་༡༡ཉིན་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ ཆོས་འཕེལ་ལགས་འདས་གྲོངས་སུ་གྱུར་ནས་། སྐུ་ཕུང་མེར་སྲེག་བཏང་ནས་རུས་ཐལ་ཁོང་གི་ནང་མིར་སྤྲད་ཡོད་པ། བོད་ནས་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བྱུང་། རྒྱ་ནག་གི་འབྲེལ་ཡོད་ཚན་པས་འདས་གྲོངས་སུ་གྱུར་བ། ཁོང་གཉིས་ཀྱི་ཁྱིམ་དུ་བསྔོ་སྨོན་གསུངས་ཆེད། དགེ་འདུན་པ་ལྔ་ལས་མང་བ་དུས་གཅིག་ལ། གདན་འདྲེན་ཞུ་མི་ཆོག་པ་དང༌། རྔ་པ་མི་མང་སེམས་གསོ་བྱེད་དུ་འགྲོ་མི་ཆོག་པ་སོགས་དམ་དྲག་ཆེན་པོ་བྱེད་མུས་ཡིན་འདུག
༢ དབུས་བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ཚོ་དང་། བོད་དོན་རྒྱབ་སྐྱོར་བ་ཚོས། རྔ་པའི་མི་མང་ཚོར་གདུང་སེམས་མཉམ་སྐྱེད་ཀྱིས། བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་བཞིན། རྒྱལ་སྤྱིའི་སྟེང་གསལ་སྟོན་བྱེད་དགོས་པའི་འབོད་སྐུལ་བྱས་འདུག ཕྱི་ཚེས་ ༡༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས། གསལ་བསྒྲགས་ཞིག་སྤེལ་ཡོད་པའི་ནང་། བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་བཞིན། རྒྱལ་སྤྱིའི་སྟེང་གསལ་སྟོན་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས། སེལ་ཐབས་ཡོང་སླད་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཞིག་སྤེལ་ཡོད་པའི་ནང་། རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་སྤྱི་ཚོགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོགས་སྒེར་ཚང་མས། ནུས་པ་གཅིག་ཏུ་སྤུངས་ཏེ། བོད་ནང་ཛ་དྲག་གི་གནས་སྟངས་འདི་གང་མྱུར་སེལ་ཐབས་སུ། འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད། ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ནན་ཏན་ཞུ་བཞིན་ཡོད་ཞེས་བཀོད་འདུག། དེ་བཞིན་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཏུ་བོད་མི་དང་། བོད་དོན་རྒྱབ་སྐྱོར་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
༣ རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས། ལྷོ་ཨཕྷ་རི་ཀ་གཞུང་གིས་༧གོང་ས་མཆོག ཡི་ཤུའི་ཆོས་དཔོན་ཀྲུ་ཀྲུ་མཆོག། དགུང་ལོ་བརྒྱད་བཅུར་ཕེབས་པའི། འཁྲུངས་སྐར་གྱི་མཛད་སྒོར་ཆིབས་བསྒྱུར་སྐྱོང་རྒྱུར། ཐོང་ཆན་ཝི་ས་ཕུལ་མེད་ནའང་། ཚེས་ ༧ ཉིན་ཆོས་དཔོན་ཀྲུ་ཀྲུ་མཆོག་གི་འཁྲུངས་སྐར་ཉིན། རྣམ་པ་གཉིས་ཀྱི་དྲ་བརྙན་བརྒྱུད་ནས་བཀའ་མོལ་གནང་འདུག གོང་ས་མཆོག་གིས། ཆོས་དཔོན་ཀྲུ་ཀྲུ་མཆོག་ནི་བདེན་པ་གཙོ་བོར་འཛིན་ཅིང་། དཀོན་མཆོག་གི་བྱིན་གྱིས་རླབས་པ་ཞིག་ཡིན་པས། སྐུ་ཚེ་ཡུན་རིང་བཞུགས་དགོས་པའི་ཐུགས་སྨོན་གནང་འདུག ཡི་ཤུའི་ཆོས་དཔོན་ཀྲུ་ཀྲུ་མཆོག་གིས་གོང་ས་མཆོག་ལ། རྒྱ་ནག་གི་ངོས་ནས་གོང་ས་མཆོག་ལ། འཇིགས་སྣང་བྱེད་དགོས་དོན་ཇི་ཡིན་བཀའ་འདྲི་ཞུས་པར་། གོང་ས་མཆོག་གིས་ རྒྱ་ནག་གཞུང་གིས་ང་རང་བདུད་ཞིག་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད་ཅེས་དང་། སྟབས་མ་ལེགས་པ་ཞིག་ལ། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་དང་། སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་འགོ་ཁྲིད་ཚོས་། རྫུན་བཤད་རྒྱུ་ནི་ཁོང་ཚོའི་མི་ཚེའི་ནང་གི། ཆ་ཤས་ལྟ་བུ་ཞིག་ཆགས་ཡོད་སྟབས་ ངས་སྐད་ཆ་དྲང་པོ་བཤད་པ་དེས་རྒྱ་ནག་གི་དཔོན་རིགས་ཚོར་མི་བདེ་བ་བཟོ་གི་ཡོད་པ་རེད་ཅེས་བཀའ་ལན་གནང་འདུག

༤ བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་ཁྲི་གསར་པ་བློ་བཟང་སེང་གེ་ལགས་གིས། བོད་རྒྱ་འབྲེལ་མོལ་གྱི་ལས་དོན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཞིག་བསྐོངས་འདུག་། ཚེས་ ༡༠ ་ཉིན་བཀའ་ཁྲི་བློ་བཟང་སེང་གེ་ལགས་དབུ་བཞུགས་ཀྱིས། བོད་རྒྱ་འབྲེལ་མོལ་གྱི་ལས་དོན་བསྐྱར་ཞིབ་ཀྱི་ལྷན་ཚོགས་ཐེངས་ ༢༣་ པ་དེ། རྡ་རམ་ས་ལར་འཚོགས་ཡོད་ཅིང་། ལྷན་ཚོགས་དེའི་ཐོག་ ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས། ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་སོགས་ཚོགས་མི་རྣམས་ཚོགས་ཞུགས་བྱས་ཡོད་འདུག། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་བོད་གྲོིས་མོལ་ཐད། གོ་བསྡུར་བྱས་པའི་གནས་ཚུལ་ཞིབ་ཕྲ་གང་ཡང་བཀོད་མི་འདུག