March, 2012

...now browsing by month

 

ཤིང་བཟའ་རིན་པོ་ཆེ་ལ་བཅར་འདྲི།

Thursday, March 29th, 2012

 

 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་ནས།  ད་ལོའི་བོད་ཀྱི་ལོ་སར་ཚེས་ ༡ ཉིན་ཏེ།    སྤྱི་ཟླ་གཉིས་པའི་ཚེས ༢༢ ཉིན་ནས་འགོ་འཛུགས་བྱས་ནས།   ཨ་རིའི་ནིག་ཡོག་གྲོང་ཁྱེར་ནང་ཡོད་པའི་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་གསུམ་གྱིས་།  མཉམ་འབྲེལ་རྒྱལ་ཚོགས་ལ་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་རྒྱུས་ལོན་ཆེད།  ཞིབ་འཇུག་ཚོགས་ཆུང་འཕྲལ་དུ་བོད་ནང་ལ་གཏོང་དགོས་པ་སོགས།  དགོས་འདུན་དོན་ཚན་ལྔ་བཏོན་ནས་།  དུས་ངེས་མེད་རིང་ཟས་བཅད་ངོ་རྒོལ་བྱས་ཡོད་པ་རེད།  ད་ཐེངས་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཁྲོད་ཞུགས་མཁན་བོད་མི་གསུམ་ནི།   ཨ་མདོ་མགོ་ལོག་ར་རྒྱ་དགོན་པའི་དགོན་བདག་  ཤིང་བཟའ་རིན་པོ་ཆེ་དང་།   ཨ་རིའི་ནང་གཏན་སྡོད་བྱེད་མཁན།  རྡོ་རྗེ་རྒྱལ་པོ་ལགས།   རྒྱ་གར་ཧ་བྷ་པོ་ས་གནས་ནས་ཡིན་པའི་  ཡེ་ཤེས་བསྟན་འཛིན་ལགས་བཅས་རེད།  ཁོང་གསུམ་གྱིས་རྒྱལ་ཚོགས་མདུན་དུ་ཟས་བཅད་ངོ་རྒོལ་བྱས་ནས།  ཉིན་གྲངས་སུམ་ཅུ་འགོར་བའི་ཉིན་མོ་སྟེ།   སྤྱི་ཟླ་གསུམ་པའི་ཚེས་༢༣་ཉིན།  མཉམ་འབྲེལ་རྒྱལ་ཚོགས་གྱི། སྤྱི་ཁྱབ་དྲུང་ཆེའི་སྐུ་ཚབ།  དངོས་སུ་ ཟས་བཅད་ངོ་རྒོལ་བྱེད་མཁན་ཚོར་། མཇལ་འཕྲད་གནང་ནས་།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས། ཁོང་རྣམ་པའི་དགོས་འདུན་རྣམས།    སྒྲུབ་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་པ་ཁས་ལེན་བྱས་རྗེས།  ད་ཐེངས་ཀྱི་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་ཡོད་པ་རེད།

 

ལྷ་མོ་འཚོ་མཉམ་དུ་གླེང་མོལ།

Friday, March 23rd, 2012

རྒྱ་ནག་གཞུང་གིས་བོད་ནང་བོད་མི་མང་པོ་ཞིག་ལ། རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་བྱས་ནས་བཙོན་འཇུག་བྱས་ཡོད་པའི་ཁྲོད།   སློབ་གྲའི་དགེ་རྒན་དང་།  རྩོམ་པ་པོ།   གློག་བརྙན་བཟོ་མཁན་སོགས་ཤེས་ཡོན་ཅན་གྱི་མི་སྣ་མང་པོ་ཞིག་བཙོན་འཇུག་བྱས་ཡོད་པ་རེད།      དེའི་ཁྲོད་ཀྱི་གཅིག་ནི།   འཇིགས་བྲལ་ ཞེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན། དོན་གྲུབ་དབང་ཆེན་ལགས་རེད།     དོན་གྲུབ་དབང་ཆེན་ལགས་གྱིས་ ༢༠༠༨ ལོར་རྒྱལ་སྤྱིའི་ཨོ་ལེམ་ཕི་ཁི། ལུས་རྩལ་འགྲན་ཚོགས་རྒྱ་ནག་ཏུ་མ་འཚོགས་གོང་།    བོད་མི་ཁག་ཅིག་ལ་བསམ་ཚུལ་དྲིས་པའི་དངོས་བྱུང་གློག་བརྙན།  འཇིགས་བྲལ་  ཞེས་པ་བཟོ་བསྐྲུན་བྱས་པར་བརྟེན།  རྒྱ་ནག་གཞུང་གིས་ཁོང་ལ་  རྒྱལ་ཁབ་ཁ་བྲལ་གྱི་    ཉེས་འཛུགས་བྱས་ནས་ ༢༠༠༩ ལོའི ་ཟླ་བ༡༢ཚེས ༢༨ཉིན་ཟི་ལིང་།  གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་  གསང་བའི་ངང་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་ཡོད་པ་རེད།    དོན་གྲུབ་དབང་ཆེན་ནི་ཨ་མདོ་བ་ཡན་ནས་ཡིན་པ་དང་།   ད་ལྟ་ལོ་༣༨་རེད་ལ༌།  ཁོང་གི་བཟའ་ཟླ་ལྷ་མོ་འཚོ་དང་ཕྲུ་གུ་བཞི། རྒྱ་གར་རྡ་རམ་ས་ལར་གནས་སྡོད་བྱས་ཡོད་པ་རེད།   དེང་སྐབས་ དོན་གྲུབ་དབང་ཆེན་་གྱི་གཟའ་ཟླ་ལྷ་མོ་འཚོ་ལགས་ཡོ་རོབ་དང་།  ཨ་རི་སོགས་ཕེབས་ནས་ཁོང་གི་གཟའ་ཟླ་གཙོིས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས། རྒྱ་ནག་གི་བཙོན་ཁང་ནས་།  གློད་གྲོལ་ཆེད།  རྒྱལ་སྤྱིའི་  སྤྱི་ཚོགས་གིས་ རོགས་རམ་ཡོང་བའི་འབོད་སྐུལ་བྱེད་བཞིན་ཡོད་པ་རེད།  ད་ཐེངས་ལྷ་མོ་འཚོ་ཨ་རིར་ནང་ཕེབས་ཡོད་པའི་སྐབས་འདིར།  ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་ནང་དུ།  ཕེབས་ནས་ང་ལ་བཅར་འདྲིའི་གོ་སྐབས་གནང་པར་ཐུགས་རྗེ་ཆེ།

 

 

རང་སྐྱོན་ངོས་ལེན་བྱེད་དགོས་པའི་བརྡ་ཐོ།

Tuesday, March 13th, 2012

·         ཁམས་ནང་ཆེན་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་། ད་ལོའི་སྤྱི་ཟླ་གཉིས་པའི་ཚེས་བརྒྱད་ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོ། ཉེན་རྟོག་ལས་ཁུངས་ལ་ཡོང་ནས་རང་སྐྱོན་ངོས་ལེན་བྱེད་དགོས་པའི་བརྡ་ཐོ་ཞིག་བཀྲམས་འདུག

nangchen

འཇིགས་མེད་མགོ་རིལ་འཛིན་བཟུང་བྱས་པའི་བརྡ་ཐོ།

Tuesday, March 13th, 2012

  འཇིགས་མེད་ལགས་འཛིན་བཟུང་བྱས་པའི་བརྡ་ཐོ།  ༢༠༠༨ལོར་རང་ཉིད་བློས་བཏང་གིས་བོད་མིའི་བདེ་སྡུག་རླུང་འཕྲིན་དང་། བརྙན་འཕྲིན་ཁག་ནང་བརྗོད་མཁན། བླ་བྲང་དགོན་པའི་གྲ་བ་འཇིགས་མེད། མིང་གཞན་འཇིགས་མེད་མགོ་རིལ་འཛིན་བཟུང་བྱས་པའི་བརྡ་ཐོ། རྒྱ་ནག་གཞུང་འབྲེལ་ཡིག་ཆ།

རྒྱལ་ཚོགས་ཀྱི་མདུན་དུ་ཟས་བཅད་ངོ་རྒོལ།

Monday, March 5th, 2012

 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་ནས།   ཨ་རིའི་ནིག་ཡོག་གྲོང་ཁྱེར་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་གསུམ་གྱིས་།  མཉམ་འབྲེལ་རྒྱལ་ཚོགས་ལ་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཤེས་རྟོགས་སླད་ཞིབ་འཇུག་ཚོགས་ཆུང་འཕྲལ་དུ་བོད་ནང་གཏོང་དགོས་པ་སོགས་དགོས་འདུན་དོན་ཚན་ལྔ་བཏོན་ནས་།  དུས་ངེས་མེད་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག