March, 2013

...now browsing by month

 

ད་འདི་ལྟར་ག་ཚོད་ཅིག་འགྲོ་རྒྱུ་ཡིན་ནམ།

Monday, March 25th, 2013

ཁ་སང་སྤྱི་ཟླ་གསུམ་པའི་ཚེས་༢༤ཉིན། མི་གཅིག་དང་། དེ་རིང་ཚེས་༢༥ཉིན་མི་ཞིག་གིས་ཨ་མདོ་ས་ཁུལ་དུ་རང་ལུས་མེར་བསྲེགས་བཏང་འདུག   ཁོང་ཚོས་”བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ལ་ཕེབས་སུ་འཇུག་དགོས། “ཟེར།  རྒྱ་ནག་གཞུང་གིས་ཁོང་ཚོས་དགོས་འདུན་ལ་དགེ་མཚན་ལྡན་པའི་ཡ་ལན་ཞིག་སྤྲོད་ངེས་ཡིན་ནམ། བོད་མིའི་སྒྲིག་འཛུགས་ཀྱིས། “རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་བྱས་པ་ཡིན་ན། བོད་མིས་རང་ལུས་མེར་སྲེག་མཚམས་འཇོག་ངེས་རེད།”ཟེར།རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་བྱེད་རྒྱུ་ཚབ་ཏུ་དེ་བས་ལྡོག་ཏེ།  སྡུག་ཕྱོགས་ཀྱི་ཡ་ལན་སྤྲོད་བཞིན་འདུག ད་མུ་མཐུད་དུ་སྲེག་རྒྱུ་ཡིན་ནམ། ཉེ་ཆར་ང་རང་རང་ལུས་མེ་བསྲེགས་ནས་འདས་གྲོངས་སུ་གྱུར་བའི་མི་སྣ་ཅིག་གི་ཨ་མར་ཐུག་བྱུང་། ཁོ་མོས་ང་ལ་འཐམ་ནས་ངུས་བྱུང་། སྐར་མ་ཁ་ཤས་རིང་ལ་ངུས་བྱུང་། “ཁྱོད་ཐོན་དང་ངམ།” ཟེར་བ་ཙམ་ལས་ཚིག་གཅིག་ཀྱང་ཁ་ནས་ཐོན་མ་བྱུང་། ངས་ཀྱང་ཁོ་མོར་འཐམ་རྗེས་ལག་གཉིས་ཀྱིས་འགྲམ་པ་བསྐྱོར་ནས། “ད་མ་ངུ།” ཟེར་བ་ཙམ་ལས་ཚིག་གཅིག་ཀྱང་ཁ་ནས་ཐོན་མ་སོང་།  མིག་ལས་མིག་ཆུ་ཡང་ཐོན་མ་བྱུང་།  ངས་ཁོང་མོའི་མིག་ཆུ་འདྲེས་པའི་མིག་མདངས་ལས། སྐྱོ་སྡུག་དང་། སེམས་ཁྲལ།  ཞེད་སྣང་། ཐེ་ཚོམ  མགོ་འཐོམ་ཡོད་པའི་སྣང་བརྙན་མཐོང་བྱུང་།

ཤི་བའི་རྣམ་ཤེས་དང་། གསོན་པོའི་བླ་སྲོག་འཁོར་བའི་གནས་འདིར་ངེད་ཕ་བུ་གཉིས་ཀྱང་གསོན་པོར་སླེབས་སོང་།

ཤི་བའི་རྣམ་ཤེས་དང་། གསོན་པོའི་བླ་སྲོག་འཁོར་བའི་གནས་འདིར་ངེད་ཕ་བུ་གཉིས་ཀྱང་གསོན་པོར་སླེབས་སོང་།

ད་ཅི་ཞིག་བྱེད་དགོས་སམ། ང་ཞེད་སྣང་འདུག  རང་ལུས་མེ་སྲེག་གི་ཚ་རླབས་འདི་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་ནམ། ད་འདི་ལྟར་ག་ཚོད་ཅིག་འགྲོ་རྒྱུ་ཡིན་ནམ།

མེ་ལྕེའི་ཀློང་དུ་༧རྒྱལ་བའི་མཚན་ནས་འབོད།།

ས་ལ་འགྱེལ་ཁར་མི་རིགས་རང་དབང་འབོད།།
ཚེ་སྲོག་མེ་ལ་འཐིམས་པའི་རྣམ་ཤེས་ཀྱིས།།

མི་མངོན་དབྱིངས་ནས་བོད་ལ་ཅེར་ནས་འདུག།