December, 2014

...now browsing by month

 

བྱ་ཁྲུང་ཁྲུང་ཨེ་རེད།

Wednesday, December 17th, 2014

དེ་རིང་ཟླ་བ་ ༡༢ ཚེས་༡༧ ཉིན། འཇུ་མེ་ཁའི་Jamaica གླིང་ཕྲན་གྱི་མོན་ཐི་འགོ་ Montego Bay ས་གནས་སུ Holiday Inn SunSpree མགྲོན་ཁང་དུ་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ།  ནང་མི་ཚང་མ་མཚོ་འགྲམ་བརྒྱུད་ནས་སྤྲོ་འཆམ་དུ་སོང་བ་ཡིན།  མཛེས་སྡུག་ཡིད་དུ་འོང་ཞིང་། རྣ་བར་སྙན་པའི་རྒྱ་མཚོའི་རྦ་རླབས་དང་། གནམ་གཤིས་ཚ་བའི་ས་ཁུལ་དུ་སྐྱེས་ཡོད་པའི་མིང་མི་ཤེས་པ་དང་། སྔར་མཐོང་མ་མྱོང་བའི་ཤིང་སྡོང་དང་མཛེས་ལྗོངས་ལ་རོལ་སྐབས་ཡིད་ལ་བག་ཕེབས་ཀྱི་ཚོར་སྣང་བྱུང་། ང་ཚོའི་སྡོད་སའི་མཚོ་འགྲམ་གྱི་མགྲོན་ཁང་འདི་ནས་རྒྱ་མཚོར་བརྒལ་ནས་འགྲོ་ཐུབ་སར་གླིང་ཕྲན་ཞིག་འདུག  དེ་ནི་རང་བྱུང་གི་གླིང་ཕྲན་ཞིག་ཡིན་ནམ། ཡང་ན་མིས་བཟོས་གླིང་ཕྲན་ཞིག་ཡིན་པ་བརྗོད་དཀའ།  ང་ཚོ་རྒྱ་མཚོར་བརྒལ་ནས་གླིང་ཕྲན་དེར་སོང་ནས་བག་ཕེབས་ལྷོད་གཡེང་ངང་སྡོད་སྐབས།  དྲི་བ་འདོན་རྒྱུ་དགའ་བའི་ངའི་བུ་ཆུང་གིས། ཨ་ཕ། ཨ་ཕ་ཟེར་བཞིན་བྱ་དཀར་པོ་ཞིག་ལ་མཛུབ་མོ་འཛུགས་ནས།   བྱ་འདིའི་མིང་ག་རེ་རེད་ཟེར། ངའི་བུ་ཆུང་ལ། ཁ་རོགས་ཟེར་བཞིན། པར་ཆས་བཟུང་ནས་བྱ་དེའི་ཕྱོགས་སུ་རྒྱུགས་པ་ཡིན། བྱ་འདི་ཁྲུང་ཁྲུང་དཀར་མོ་ཨེ་རེད།

image

བྱ་དེ་ཁྲུང་ཁྲུང་དཀར་མོ།།  རྒྱ་མཚོའི་ཀློང་ལ་གཟིགས་པ།  གྲོགས་ལ་རེ་སྒུག་ཡིན་ནམ།། ཁ་ལ་ཟས་ཞིག་འདོད་དམ།།

འཇུ་མེ་ཁ Jamaica

Tuesday, December 16th, 2014

དེ ་རིང་ཟླ་བ་ ༡༢ ཚེས་༡༦ ཉིན། འཇུ་མེ་ཁའི་Jamaica གླིང་ཕྲན་གྱི་མོན་ཐི་འགོ་ Montego Bay ས་གནས་སུ Holiday Inn Sun Spree མགྲོན་ཁང་དུ་ཡུལ་སྐོར་སྣེ་ཤན་པར་སྒུག་ནས་སྡོད་སྐབས། ངའི་ཕ་ཡུལ་ཨ་མདོ་ས་ཁུལ་དུ་དེ་རིང་ཡང་ཕོ་གཞོན་ཞིག་གིས་རང་ལུས་མེ་བསྲེགས་བྱུང་ཞེས་པའི་གནས་ཚུལ་འབྱོར། སེམས་འཁྱག་སོས་སོབ་བྱུང་། གང་ལྟར་ང་ཚོ་གསོན་དགོས་ལ།  ཉིན་ལྟར་ང་ཚོ་འཚོ་དགོས། ངས་རང་གི་བཟའ་ཟླ་དང་བྱིས་པ་གཉིས་ལ་གནས་ཚུལ་འདིའི་སྐོར་ཅི་ཡང་མ་བཤད་པར་དེ་རིང་གི་འཚོ་བ་འགོ་ཚུགས་པ་ཡིན།

image

ཞོགས་པའི་ཆུ་ཚོད་དགུ་བའི་ཐོག་གནས་ཚང་མགྲོན་ཁང་ནས་མི་བཅོ་ལྔ་ཤོངས་པའི་རླངས་འཁོར་ཆུང་བ་ཞིག་ལ་བསྡད་ནས་ནས་འཚིག་ཇ་གྲགས་ཅན་ཐོན་ཡུལ Blue Mountain སྦི་ལོ་མོན་ཀྲོན་དང་།   དྲང་བདེན་མིན་པའི་འཛམ་གླིང་འདི་དཀྲུག་དཀྲུག་བཏང་ནས་ཉམས་ཆུང་ནུས་མེད་ཀྱི་མི་རྣམས་ལ་རང་ཉིད་ཀྱི་ཐོབ་ཐང་རྩོད་ལེན་ཆེད་བློ་སྤོབས་དང་། སྒུལ་ཤུགས་གནང་མཁན་གཞས་པ་གྲགས་ཅན་སྤ་སྦའུ་མར་ལེ་འཁྲུངས་ཡུལ་དང།  ཁོང་དུར་དུ་སྦས་ཡུལ་Nine Mile ཞེས་པའི་ས་གནས་སོགས་བརྒྱུད་ནས་གཡོན་ཕྱོགས་རྒྱ་མཚོ་དང་།  གཡས་ཕྱོགས་རི་ཡིན་པའི་གཞུང་ལམ་སྟེང་ཆུ་ཚོད་གཅིག་དང་ཕྱེད་ཀ་བསྐྱོད་རྗེས། Dunn River Fall ཞེས་པའི་རྦབ་ཆུ་ཡོད་སའི་ས་གནས་དེར་བསླེབས་། དེ་ནི་ཤིང་ནགས་་གི་དཀྱིལ་དུ་འབབ་བཞིན་པའི་རྦབ་ཆུ་ཞིག་རེད། གནས་དེ་རུ་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཕྲག་མང་པོ་ཐེམ་སྐས་ལྟ་བུའི་རྦབ་ཆུ་དེར་ཡར་འཛེགས་ནས་མཛེས་ལྗོངས་ལ་རོལ་བཞིན་འདུག ང་ཚོ་ཀྱང་ཡུལ་སྐོར་བཞིན་དག་འདྲ་བར་ཧ་ཅང་སྤྲོ་བོ་བྱུང་།

གནས་དེ་ནས་ཕྱིར་མགྲོན་ཁང་ཡོང་བའི་ཆུ་ཚོད་གཅིང་དང་ཕྱེད་ཀའི་རིང་གི་ལམ་བར་དུ། བཟའ་ཟླ་དང་།  བུ་མོ་གཉིས་གཉིད་ལ་རོལ་སོང་།  ལོ་དྲུག་སོན་ལ་ཉེ་བའི་བུ་ཆུང་གིས་། ཨ་ཕ། འཇུ་མེ་ཁ་ཆེན་པོ་རེད་དམ། མི་གྲངས་ག་ཚོད་ཡོད་པ་རེད་སོགས་དྲི་བ་མང་པོ་ཞིག་དྲིས་བྱུང་། སྟབས་ལེགས་པ་ཞིག་ང་ཚོ་ནང་མི་རྣམས་རྒྱལ་ཁབ་འདིར་གུང་གསེང་ལ་མ་ཡོང་གོང་། ངས་འཇུ་མེ་ཁའི་སྐོར་ཅུང་ཙམ་ལྟ་ཀློག་བྱས་པ་ཡིན། དེ་བས་ངས་བུ་ཆུང་དྲི་བ་ལན་འདེབས་རྒྱུར་དཀའ་ངལ་མེད་པར་འདི་ལྟར་ལན་འདེབས་བྱས་པ་ཡིན།

འཇུ་མེ་ཁ་གླིང་ཕྲན་ནང་མི་གྲངས་ས་ཡ་གཉིས་དང་འབུམ་བརྒྱད་ཡོད་པ་དང་། དེའི་ནང་མི་གྲངས་ས་གཅིག་ཙམ་རྒྱལ་ས་ཁིན་སེ་ཀྲོན་ནང་གནས་སྡོད་བྱས་ཡོད་པ་རེད།  གླིང་ཕྲན་རྒྱལ་ཁབ་འདིའི་ནང་གི་མི་གྲངས་བརྒྱ་ཆའི་དགུ་ཅུ་ཨ་ཧྥེ་རི་ཀའི་མིའི་རུས་བརྒྱུད་ཡིན་འདུག འཇུ་མེ་ཁ་ནི་མཐའ་ཕྱོགས་བཞི་མཚམས་བརྒྱད་རྒྱ་ཚོས་བསྐོར་ཡོད་པའི་གླིང་ཕྲན་ཞིག་ཡིན་ལ། གླིང་ཕྲན་འདིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༠༩༩༠ ཡོད་པ་རེད། གནའ་སྔ་མོར་གླིང་ཕྲན་འདི་སི་པན་གྱིས་བདག་བཟུང་བྱས་ཡོད་པ་དང་། ༡༦༦༥ ལོར་དབྱིན་ཇིས་དབང་བསྒྱུར་བྱས་ནས་གླིང་ཕྲན་འདིའི་མིང་ལ་འཇུ་མེ་ཁ་ཞེས་བཏགས་འདུག ༡༩༦༢ ལོའི་ཟླ་བ་བརྒྱད་པའི་ཚེས་གཉིས་ཉིན་དབྱིན་ཇིས་དབང་བསྒྱུར་ལས་རང་བཙན་ཐོབ་ཡོད་པ་རེད།

འཇུ་མེ་ཁ་རྒྱལ་ཁབ་དང་།  སྤ་སྤའུ་མར་ལེ་ལགས།

བཀྲ་ཤིས་བདེ་ལེགས། ང་ཚོ་ནང་མི་ཚང་མ་ཁྱེད་ལ་ལྟ་སྐོར་དུ་སླེབས་ཡོད།

དཀྲུག་དཀྲུག་གཏོང་རོགས། Stir It Up. http://youtu.be/y5sOzbD29GQ

ཡར་ལོངས་དང་། ཁྱེད་ཀྱི་ཐོབ་ཐང་གི་ཆེད་དུ་ཡར་ལོངས། Get up Stand Up. http://youtu.be/Sbh3xV_93dg