ན་རོ་པ་དང་ཤམ་བྷ་ལ།

འབྲི་མཁན། དཔལ་ལྡན་རྒྱལ། on October 7th, 2009
ཨ་རིའི་ལྷོ་ནུབ་ཀྱི་ཉིག་མེ་སི་ཁོ་མངའ་སྡེའི་ནང་ཡོད་པའི་ཨ་སྦུ་ཁོར་ཁའེ་གྲོང་ཁྱེར་ནས་གནམ་གྲུར་བསྡད་དེ་ཆུ་ཚོད་གཅིག་དང་སྐར་མ་བཅུ་ཡི་རྗེས་སུ་ཁ་ལོ་ར་རྡོ་མངའ་སྡེའི་རྒྱལ་ས་གདན་ཝར་གནམ་ཐང་དུ་འབྱོར།་  དེ་ནས་རླངས་འཁོར་ཞིག་གླས་ནས་ལམ་ལ་ཆས་ཏེ་སྐར་མ་བཞི་བཅུའི་རྗེས་སུ་སྦའོ་རྡར་གྲོང་ཁྱེར་ནང་འབྱོར། 
img_0940

སྦའོ་རྡར་གྲོང་ཁྱེར། པར་པ་དཔལ་ལྡན་རྒྱལ།

ད་ཐེངས་གྲོང་ཁྱེར་འདིར་ཡོང་དོན་གཙོ་བོ་ནི་ས་ཁུལ་འདིའི་ནང་ཡོད་པའི་ན་རོ་བ་སློབ་གཉེར་ཁང་དང༌། ཤམ་བྷ་ལ་ཆོས་ཚོགས་བསྟི་གནས་ཁང་དུ་གནས་ཚུལ་རྒྱུས་ལོན་ཆེད་ཡིན།   སྦའོ་རྡར་གྲོང་ཁྱེར་ནང་དུ་མི་གྲངས་དགུ་ཁྲི་ཆིག་སྟོང་ལྷག་གནས་སྡོད་བྱས་ཡོད་པ་དང༌།  གྲོང་ཁྱེར་འདི་ནི་ཤེས་རིག་དང་སྒྱུ་རྩལ་གྱི་གྲོང་ཁྱེར་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཨ་རིའི་རྒྱལ་ཡོངས་སུ་ལྗང་མདོག་གི་གྲོང་ཁྱེར་ཐོག་མར་ངོས་འཛིན་བྱས་ཡོད་པས་ཁོར་ཡུག་སྲུང་སྐྱོབ་དང་། ཤིང་ནགས་འདེབས་འཛུགས་ཀྱིས་གྲོང་ཁྱེར་སྔར་ལས་ཀྱང་ལྗང་མདོག་ཅན་ཏུ་བསྒྱུར་གྱིན་ཡོད་པ་དང༌།  དེ་བཞིན་གྲོང་ཁྱེར་འདི་དང་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གཉིས་སྤུན་མཆེད་གྲོང་ཁྱེར་བསྒྲིགས་འདུག     གྲོང་ཁྱེར་འདིའི་ནུབ་ཕྱོགས་སུ་རི་མཐོ་ཞིང་ཤིང་ནགས་ཀྱི་བརྒྱན་པའི་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་རེད་ལ།   གྲོང་ཁྱེར་འདིར་འབྱོར་མ་ཐག་བོད་དུ་སླེབས་པ་ལྟ་བུའི་ཚོར་སྣང་བྱུང༌།

img_0973

ན་རོ་པ་མཐོ་སློབ། པར་པ་དཔལ་ལྡན་རྒྱལ།

  ཚེས་༥་ཉིན་ན་རོ་པ་མཐོ་སློབ་ཁང་དུ་བལྟ་བསྐོར་ལ་སོང་ནས་མཐོ་སློབ་དེའི་ཆོས་ལུགས་སློབ་གཉེར་སྡེ་ཚན་གྱི་འགན་འཛིན་དང་།  དགེ་རྒན་ཁ་ཤས་མཉམ་སློབ་གཉེར་ཁང་འདིའི་སྐོར་ལ་བཀའ་མོལ་བྱྱང༌། ན་རོ་པ་མཐོ་སློབ་ཁང་འདི་༡༩༧༤་ལོར་དྲུང་པ་ཆེན་པོ་ཆེས་གསར་འཛུགས་གནང་། དེང་སྐབས་སློབ་མ་གཅིག་སྟོང་ཆིག་བརྒྱ་ལྷག་ཡོད་པ་མ་ཟད།  སྡེ་ཚན་མི་འདྲ་བ་བཅུ་བཞི་ཡོད་འདུག   མཐོ་སློབ་ཁང་དེའི་ནང་།ནང་ཆོས་དང་དེང་རབས་སེམས་ཁམས་རིག་པ་ཟུང་འབྲེལ་གྱིས་སེམས་ཁམས་གསོ་བཅོས་སྐོར་ལ་སློབ་ཁྲིད་དང་གསོ་བཅོས་བྱེད་ཀྱི་ཡོད་པ་རེད་འདུག   མཐོ་སློབ་འདིའི་ནང་སྡེ་ཁག་མི་འདྲ་བ་བཅུ་བཞི་ཡོད་པ་ཚང་མའི་ནང་ཐུན་མོང་གིས་ཞི་གནས་སྒོམ་པའི་སློབ་ཚན་ངེས་པར་དུ་སྦྱངས་དགོས་པ་རེད་འདུག 

drungpa

ན་རོ་པ་མཐོ་སློབ་ཁང་གི་རྩིག་ངོས་སུ་བཀལ་ཡོད་དྲུང་པ་རིན་པོ་ཆེའི་སྐུ་པར།

 ན་རོ་པ་མཐོ་སློབ་ཁང་ནི་ཨ་རིའི་ནང་ཚད་ལྡན་གྱི་མཐོ་སློབ་ལག་འཁྱེར་སྤྲོད་ཐུབ་པའི་ནང་ཆོས་ཀྱི་ལྟ་བ་གཞིར་བཞག་ནས་སློབ་གཉེར་བྱེད་ས་ཁོ་ན་དེ་ཡིན་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་རེད།  ན་རོ་པ་མཐོ་སློབ་ནང་གི་དགེ་རྒན་དང་ལས་བྱེད་མང་ཤོས་ནང་བ་ཡིན་ནའང་ཚང་མ་ནང་པ་མ་རེད་ལ།     ནང་པ་མ་ཡིན་པའི་སློབ་མའང་མང་པོ་འདུག   

ཚེས་༦་ཉིན་གྲོང་ཁྱེར་དེའི་ཡོད་པའི་ཤམ་བྷ་ལ་ཆོས་ཚོགས་བསྟི་གནས་ཁང་དུ་བལྟ་བསྐོར་དུ་སོང་ཡིན། བསྟི་གནས་ཁང་དེའི་འགན་འཛིན་བུད་མེད་ཞིག་གིས་བསྟི་གནས་ཁང་དེ་ངོ་སྤྲོད་གནང་བྱུང༌།

img_0984

ཤམ་བྷ་ལ་ཆོས་ཚོགས་བསྟི་གན་ཁང༌།

བསྟི་གནས་འདི་ནི་༡༩༧༤་ལོ་དྲུང་པ་རིན་པོ་ཆེས་གསར་དུ་བཙུགས་པ་དང༌། དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་བསྟི་གནས་ཁང་འདིར་ཡན་ལག་ཆོས་ཚོགས་བརྒྱ་དང་ལྔ་བཅུ་ཙམ་ཡོད་པ་རེད།   དྲུང་བ་རིན་པོ་ཆེས་ནུབ་ཕྱོགས་སུ་ནང་ཆོས་སྤེལ་དུས་ཤམ་བྷ་ལའི་རིང་ལུགས་ཞེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ལྟ་གྲུབ་དང་ཉམས་ལེན་བྱེད་པའི་བྱེད་ཐབས་སྤྱད་ནས་ནང་ཆོས་ངོ་སྤྲོད་གནང་ཡོད་པར་བརྟེན་ནུབ་ཕྱོགས་པ་མང་པོ་ནང་ཆོས་ལ་བློ་ཁ་ཕྱོགས་འདུག དྲུང་བ་རིན་པོ་ཆེ་ནི་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ནང་ཆོས་ངོ་སྤྲོད་དང་དར་སྤེལ་གནང་བར་མཛད་རྗེས་ཆེན་པོ་ཡོད་མཁན་ཞིག་རེད། ཁོང་༡༩༨༧་ལོར་དགུང་ལོ་ཞེ་བདུན་ཐོག་དགོངས་པ་རྫོགས་འདུགདེང་སྐབས་དྲུང་པ་རིན་པོ་ཆེས་གསར་འཛུགས་གནང་པའི་ཤམ་བྷ་ལའི་རིང་ལུགས་ཀྱི་ལྟ་གྲུབ་དང་ལས་དོན་ཁོང་གི་སྲས་མི་ཕམ་རིན་པོ་ཆེ་ཡིས་རྒྱུན་འཛིན་བྱེད་བཞིན་འདུག

img_10381

ཁ་ལོ་ར་རྡོའི་གངས་རི། པར་པ་དཔལ་ལྡན་རྒྱལ།

དེ་རིང་སླེབས་པའི་ས་ཁུལ་འདི་ནི་སྤྱི་ལོ་༡༩༥༠་དང་༦༠་ནང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་མི་བཅུ་ཕྲག་ཁ་ཤས་ལ་དམག་དོན་སྦྱོང་བརྡར་སྤྲད་པའི་ས་ཁུལ་དེ་ཡིན་པས།  ངས་སེམས་སུ་བོད་མི་དེ་དག་གི་སྣང་བརྙན་འཆར་བ་དང༌།  ཁོང་ཚོའི་སྙིང་སྟོབས་ནི་གངས་རི་འདི་དག་ལས་ཀྱང་་མཐོ་ངེས་ཡིན་བསམ། དམག་སྦྱོང་སྤྲད་པའི་བོད་མི་དེ་དག་བོད་ནང་དུ་གཡུགས་ཏེ་རྒྱ་དམག་ལ་ཕར་རྒོལ་བྱས་ཡོད་། བོད་མི་དེ་དག་ལས་ཁ་ཤས་ཚེ་འདས་སུ་གྱུར་བ་དང༌། ཁ་ཤས་བཙོན་དུ་ཚུད། ཁ་ཤས་བཙན་བྱོལ་དུ་འབྱོར་ཡོད།

img_1078

ཁ་ལོ་ར་རྡོའི་གངས་རི། པར་པ་དཔལ་ལྡན་རྒྱལ།

ངས་ཁ་ལོ་ར་རྡོ་གངས་རི་མཐོང་མ་ཐག་ཨ་རིའི་ནང་སྤྱི་འབངས་ཐོབ་ཐང་བརྩོན་ལེན་བྱེད་མཁན་སློབ་དཔོན་ཁིན་གྱིས་རྒྱལ་ས་ཝ་ཞིན་ཏུན་དུ་་༡༩༦༤་ ལོར་ང་ལ་རྨི་ལམ་ཞིག་ཡོད་ཞེས་པའི་གསུང་བཤད་གྲགས་ཅན་དེའི་ནང་དུ། ཁ་ལོ་ར་རྡོའི་བྲག་རིའི་སྟེང་ནས་རང་དབང་གི་ཅོང་བརྡ་སྒྲོག་པར་སྨོན་ཞེས་གསུངས་ཡོད་པ་དེ་ཡིད་ལ་འཁོེར།  ངོ་མ་དེང་སྐབས་ཨ་རིའི་རི་བོ་ཡོད་ཚད་ཀྱི་སྟེང་ནས་རང་དབང་གི་ཅོང་བརྡ་བསྒྲགས་ནས་ཤ་གདངས་ནག་པའི་མི་ཞིག་ཨ་རིའི་སྲིད་འཛིན་དུ་གྱུར་ཡོད་པ་ནི་སློབ་དཔོན་ཁིན་གྲི་རྨི་ལམ་མངོན་དུ་འགྱུར་ཡོད་པ་རེད་སྙམ་ནས་སེམས་ལ་དགའ་ཚོར་ཞིག་སྐྱེས།

hh

གདན་ཝར་གནམ་ཐང་དུ་ཡོད་པའི་གོང་ས་མཆོག་གི་སྐུ་པར། པར་པ་དཔལ་ལྡན་རྒྱལ།

 



4 Comments so far ↓

  1. ཀླུ་སྨྱོན། says:

    རེད་ཡ། དཔའ་རྒོད་དེ་དག་རླུང་རྟའི་གཟི་འོད་བཞིན་ཡལ་སོང་། ཁ་བའི་ལྡོག་འོད་བཞིན་ཡལ་སོང་། ཡིན་ན་ཡང་། ལོ་རྒྱུས་ཀྱི་ལྟེབས་ཁུག་ནས་ནམ་ཡང་ཡལ་བ་མེད།

  2. བོད་ཁྲག says:

    རེད་ཡ། ངོ་མ་མེས་པོ་དམ་པ་འདི་ཚོའི་ཞབས་རྗེས་མཐོང་ཐེངས་རེ། སྔ་མ་སྐྱེས་མང་ན། གཞུག་མ་འཆི་མི་ཐུབ། ཅེས་པའི་གཏམ་དཔེ་འདི་དྲན་ཡོང་།

  3. འདིར་ཕེཔས་པར་བཀའ་དྲིན་ཆེ།

  4. འདིར་ཕེབས་་པ་ཐུགས་རྗེ་ཆེ་

བསམ་ཚུལ་འབྲི་རོགས།





*