ཕྱིར་སྡོད་གནས་སུ་འབྱོར།

འབྲི་མཁན། དཔལ་ལྡན་རྒྱལ། on October 11th, 2009

འདས་པའི་བདུན་ཕྲག་གསུམ་རིང་ཨ་རིའི་ཤར་ལྷོ་ནུབ་བྱང་གི་མངའ་སྡེ་དྲུག་གི་ནང་སོང་ནས་གྲོང་གསེབ་ཀྱི་འཕྲོད་བསྟེན་ལས་དོན་བྱེད་ཐབས་དང་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུ་ཡོད་པའི་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་ཁང་ཁག་ཅིག་ལ་བལྟ་བསྐོར་དུ་སོང་ནས་གནས་ཚུལ་ཅུང་ཙམ་རྒྱུས་ལོན་རྗེས་ཚེས་༡༠ཉིན་སན་ཕྭན་སེ་སི་ཁའོ་གྲོ་ཁྱེར་ནས་གནམ་གྲུར་བསྡད་དེ་ཆུ་ཚོད་ལྔ་དང་སྐར་ཉི་ཤུའི་རྗེས་སུ་ཕྱིར་རང་གི་སྡོད་གནས་ཝ་ཞིན་ཏུན་ལ་འབྱོར་ཡོད།

img_00531

སྲིད་འཛིན་ཝ་ཞིན་ཏུན་གྱི་དྲན་རྟེན་རྡོ་རིང༌།

ད་ཐེངས་བལྟ་བསྐོར་སྐབས་ལས་བྲེལ་ཆེན་པོའི་ངང་ཨ་རིའི་གྲོང་ཁྱེར་ཆེན་པོ་ཙམ་མ་ཡིན་པར།  གྲོང་བརྡལ་དང་གྲོང་གསེབ་ཁག་ཏུ་གནས་པའི་མི་རིགས་འདྲ་མིན་གྱི་འཚོ་བ་གནས་སྟངས་སོགས་ལ་ཤེས་རྟོགས་དང་སློབ་སྦྱོང་ལེགས་པོ་བྱུང༌། བདུན་ཕྲག་གསུམ་རིང་གི་བལྟ་བསྐོར་སྐབས་བུ་ཆུང་ཉི་ཟླ་ཧ་ཅང་དྲན་ལ་བུ་ཆུང་གི་ཨ་མ་ཡང་དྲན་པ་བཤད་ག་ལ་དགོས། ངའི་སྙིང་གི་བུ་ཆུང་སྐྱེས་བ་ནས་བཟུང་ཉིན་གཅིག་ལ་ཡང་ཁ་བྲལ་མ་མྱོང་ལ། ཁོང་འཇིག་རྟེན་འདིར་སླེབས་སྐབས་ཀྱི་ངུ་ངག་དང་པོ་དང༌། མིག་ཐོག་མར་ཕྱེས་ནས་ཀེམ་ཀེམ་གཡོ་བའི་ངང་འཇིག་རྟེན་ལ་ཐོག་མར་བལྟ་བའི་ངང་ཚུལ། ཁ་འགུལ་ནས་ཝོམ་ཝོམ་ཟེར་བ་སོགས་ཁ་ནས་སྐད་སྒྲ་ཐོག་མ་སྒྲོག་པ། ཡིད་དུ་འོང་བའི་ངོ་གདོང་གི་འཛུམ་མདངས་ཐོག་མ། ལག་པ་འགུལ་ནས་ཆ་དངོས་ལ་སྙོབ་པ།  རྐང་བ་འགུལ་ནས་ཨ་ཕའི་བྲང་ཁར་གཞུ་པ།    ཨོང་ཙོག་ལ་བསྡད་ནས་ཧ་ཧ་ཞེས་བགད་མོ་དགོད་པ།  སོགས་ངས་རེ་རེ་བཞིན་མཐོང་བ་དེས་ང་ལ་དགའ་སྤྲོ་ཚད་མེད་སྦྱིན། ཡིན་ནའང་ད་ཐེངས་བདུན་ཕྲག་གསུམ་རིང་ཕྱོགས་བསྐྱོད་ཀྱིས་ཕྱིར་ནང་དུ་སླེབས་སྐབས་ངའི་བུ་ཆུང་ཉི་ཟླ་གོག་ནས་འགྲོ་བཞིན་འདུག་ངའི་བུ་ཆུང་འདི་ཐེངས་དང་པོར་གོག་ནས་འགྲོ་བའི་རྣམ་འགྱུར་མཐོང་མ་ཐུབ་པར་བློ་ཕམ་བྱུང༌།  བུ་ཆུང་ཉི་ཟླ་ཡིས་གོམ་པ་ཐེངས་དང་པོར་སྤོ་བ་དེ་ངས་ངེས་པར་དུ་མཐོང་ཐུབ་པ་བྱེད་རྒྱུར་བུ་ཆུང་ཁོང་ཁས་ལེན་བྱས་པ་ཡིན།

img_1226


4 Comments so far ↓

  1. གཙགས་བུ། says:

    ཕ་རྒན་རྒྱང་རིང་ཡུལ་ལ་བསྐོར།
    མ་ལོས་ཁྱིམ་དུ་བུ་ཆུང་གཉོར།
    ཉི་ཟླས་མིག་ཟུང་གདངས་ཚུལ་དེ།
    ཕ་མ་ལྷན་དུ་འཛོམས་རྟགས་རེད།།

  2. ཀླུ་སྨྱོན། says:

    ཉིད་ཀྱིས་ཨ་རིའི་གདོད་མིའི་མི་རིགས་ཀྱི་སྐོར་ནས་ས་གནས་རང་དུ་བསྐྱོད་དེ་དངོས་བྲིས་སྤེལ་བར་ཐུགས་རྗེ་ཆེ་ལགས། ཨོ། ཉིད་ཀྱི་རིགས་སྲས་སྙིང་རྗེ་བོ་དེ་ང་ཚོའི་མ་འོངས་པའི་སྐྱེད་ཚལ་མཛེས་པར་བྱེད་པའི་མེ་ཏོག་ཅིག་ཏུ་འགྱུར་བའི་སྨོན་ལམ་འདེབས།

  3. མགོན་པོ་ཕྱག་གཉིས་པ། says:

    བཀྲ་ཤིས་བདེ་ལེགས། དཔལ་ལྡན་རྒྱལ།
    བཟའ་མགོ་ལེ་འཛོམས་པའི་བཀྲ་ཤོག
    ཡུམ་དུམ་པ། ཁྱོས་ཞ་ཡས་སྙིང་རྗེ་ཟིག་ལས་ཡོད་ག ད་ཞ་ཡས་གཉིས་པ་དེ་ནམ་ཡིན།

  4. ཨ་རོ་ཕྱག་གཉིས་པ།
    ཁྱེད་ཀྱི་བཀྲ་ཤིས་ཁ་གཡང་ལ་ཐུགས་རྗེ་ཆེ། ཞ་ཡས་གཉིས་པ་དེ་ནམ་ཡོང་མིན་ཚོད་གི་ཐིག་དཀའ་གི་ཡ།

བསམ་ཚུལ་འབྲི་རོགས།





*