དཀའ་རྙོག་འདི་ནི་ཨ་རི་ཁོ་ནའི་དཀའ་རྙོག་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་དཀའ་རྙོག་རེད།

འབྲི་མཁན། དཔལ་ལྡན་རྒྱལ། on October 16th, 2009

བསྒྱུར་མཁན་གྱི་གསལ་བཤད། མ་ཁེམ་ཨེ་ཀེསི་ནི།དུས་རབས་འདིའི་ནང་ཨ་རིའི་ནང་དུ་ཤ་མདངས་དཀར་པོའི་མི་ཚོས་ཤ་མདངས་ནག་པོའི་མི་རྣམས་བྲན་གཡོག་ཏུ་བཀོལ་ཏེ། མི་ཆོས་དང་འགལ་བའི་མནར་གཅོད་དང་གཉའ་གནོན། བཤུ་གཞོག་བྱེད་སྐབས་ཤ་མདངས་ནག་པོའི་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ལ་སྣེ་ཁྲིད་བྱེད་མཁན་གྱི་དཔའ་བོ་ཞིག་ཡིན་པ་དང༌། ཁོང་གིས་ནི་འཛམ་གླིང་འདིར་ཡོད་པའི་x1མི་ཚང་མས་ཕན་ཚུན་ལ་སྤུན་ཟླའི་འདུ་ཤེས་འཛིན་དགོས་པའི་ལྟ་བ་རྨང་གཞིར་བཞག་ཏེ། མི་ཡི་རིན་ཐང་ནི་ཤ་མདངས་དང་གཟུགས་དབྱིབས་བལྟས་ནས་ཐག་གཅོད་མི་བྱེད་པར།  དེ་ན་ཀུན་སྤྱོད་དང༌། བསམ་བློ་འཁྱེར་ཕྱོགས་དང་དེར་ལག་བསྟར་བྱེད་སྟངས་ལ་བལྟས་ནས་མིའི་རིན་ཐང་ཐག་གཅོད་བྱེད་དགོས་པར་ཡིད་ཆེས་ཆེན་པོའི་ངང་ཤ་མདངས་ནག་པོའི་མི་རྣམས་བྲན་གཡོག་ལས་ཐར་བར་མཛད་རྗེས་རླབས་ཆེན་བཞག་ཡོད་པ་རེད།    

དུས་རབས་འདིའི་དུས་སྟོད་དུ་ཨ་རིའི་ནང་ཤ་མདངས་ནག་པོའི་མི་རྣམས་ལ་འཕྲད་པའི་དཀའ་ངལ་དང༌། དེང་སྐབས་རང་རེའི་བོད་མི་རྣམས་རྒྱའི་མནར་གཅོད་དང་བཤུ་གཞོག་འོག་ཏུ་ཡོད་པ་གཉིས་ཇི་བཞིན་གྱི་འདྲ་མཚུངས་ཡིན་པ་བརྗོད་པར་དཀའ་མོད། འོན་ཀྱང་དོན་རྐྱེན་འདི་གཉིས་བར་ལ་འདྲ་ས་མང་པོ་ཞིག་ཡོད་པ། ཕྲན་གྱི་བསམ་པར་དུས་རབས་འདིའི་ནང་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་དཔའ་བོ་མ་ཁེམ་ཨེ་ཀི་སེ་མཆོག་གི་མཇུག་མཐར་གྱི་གསུང་བཤད་ “དཀའ་རྙོག་འདི་ནི་ཨ་རིའི་ཁོ་ནའི་དཀའ་རྙོག་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་དཀའ་རྙོག་རེད། ” ཞེས་པ་འདི་བོད་ཡིག་ནང་བསྒྱུར་ནས་བོད་མི་རྣམས་ལ་དཔྱད་ཞིབ་ཚུལ་དུ་ཕུལ་བ་ལགས། དོན་སྒྲུབ་སར་བགེགས་མང་ཟེར་བ་བཞིན་བློ་ཕམ་པ་ཞིག་ལ་མ་ཁེམ་ཨེ་ཀི་སེ་མཆོག་གིས་གསུང་བཤད་འདི་གནང་ཏེ་ཉིན་ལྔའི་རྗེས་སུ་དམ་པ་གང་ཉིད་ལྐོག་གསོད་བཏང་བ་རེད། 

དཀའ་རྙོག་འདི་ནི་ཨ་རི་ཁོ་ནའི་དཀའ་རྙོག་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་དཀའ་རྙོག་རེད།

    མ་ཁམ་ཨེ་ཀེ་སི་ (Malcolm X)
དཔལ་ལྡན་རྒྱལ་གྱིས་དབྱིན་ཡིག་ནས་བོད་བསྒྱུར་ཞུས།

སྤུན་ཟླ་རྣམ་པ། ཐོག་མར།  དེ་རིང་དགོང་དྲོ་ཁྱེད་རྣམ་པ་འདིར་ཕེབས་པ་དང༌། ཁྱད་པར་དུ་ང་རང་རོ་ཆེ་སུ་ཐར  (Rochester) ལ་མགྲོན་ འབོད་གནང་སྟེ། དེ་རིང་དགོང་མོ་ང་ཚོ་ཚང་མ་ཐུན་མོང་གི་དོ་སྣང་ཡོད་པའི་གནད་དོན་ཐད་བགྲོ་གླེང་ཆུང་ཆུང་ཞིག་གནང་ཐུབ་པར་ཐུགས་རྗེ་ཆེ་ཞུ།ང་རང་འདིར་ཡོང་པའི་རྒྱུ་མཚན་ནི། འཛམ་གླིང་འདིའི་སྒང་གི་ཤ་མདངས་ནག་པོའི་མིའི་གསར་བརྗེའི་ལས་འགུལ་སྐོར་ལ་བགྲོ་གླེང་བྱེད་རྒྱུའི་ཆེད་དུ་ཡིན། དེ་ཡང་ཨ་ཧྥེ་རི་ཁའི(Africa)་གླིང་ཕྲན་ནང་གི་ཤ་མདངས་ནག་པོའི་མིས་་གསར་བརྗེ་བྱུང་སྟངས་དང༌། གསར་བརྗེ་འདིས་ཤ་ མདངས་ནག་པོའི་མིའི་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ཐེབས་སྟངས་སྐོར། གཞན་ཡང་ཨ་རི་ནང་གི་མི་ནག་པའི་གསར་བརྗེ་བྱུང་སྟངས་ཙམ་མ་ཡིན་པར་ཧྥ་རན་སི་དང༌། (France) དབྱིན་ཇུའི་(Britain) ལུང་པ།  སྔོན་མར་མི་སེར་སྤེལ་མཁན་ཡིན་པའི་རྒྱལ་ཁབ་གཞན་དག་ནང་དུ་བྱུང་པའི་བྱུང་སྟངས་ཀྱང་བརྗོད་རྒྱུ་ཡིན། 

ཕལ་ཆེར་ཁྱོད་རང་ཚོ་མང་ཆེ་ཤོས་ཀྱིས་བདུན་ཕྲག་སྔོན་མའི་ནང་དུ་ང་རང་ཕ་རེ་སི་འགྲོ་ཐབས་བྱས་ཀྱང༌།ང་རང་ཧྥ་རན་སི་ལ་བཏང་མེད་པའི་སྐོར་གསར་ཤོག་ནང་ཀློག་ཡོད་ངེས་རེད།ཕ་རེ་སི་(Paris)ནི་རང་དབང་ཆེ་ཤོས་ཀྱི་ལུང་པ་ཞིག་ཡིན་པས་མི་ཚང་མ་རང་དབང་ངང་འགྲོ་ཆོག་པའི་ལུང་པ་ཞིག་རེད། ཧྥ་རན་སེ་ལ་དཀའ་རྙོག་ཆེན་པོ་ཡོད་པ་དེ་ཁྱབ་་བསྒྲགས་ཤུགས་ཆེན་བྱེད་ཐུབ་མེད་པ་དང༌། དབྱིན་ཇུའི་ལུང་པར་དཀའ་རྙོག་ཡོད་པ་དེ་ཡང་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཐུབ་ཡོད་པ་མ་རེད། དེ་ནི་ཨ་རིའི་ནང་གི་དཀའ་རྙོག་དེ་ལ་ཁྱབ་བསྒྲགས་ཤུགས་ཆེན་བྱུང་བས་རྐྱེན་ཀྱིས་རེད།

ཡྀྀན་ནའང་ཤ་མདངས་ནག་པོའི་མི་རྣམས་ཀྱིས་རྒྱལ་ཁབ་འདི་དག་གི་ནང་དུ་འདྲ་མཚུངས་ཀྱི་དཀའ་རྙོག་ཡོད་པ་ཤེས་གི་ཡོད་པ་མ་རེད།ཁྱེད་དང་ང་ནང་དུ་ཚུད་ཡོད་པའི་འཐབ་རྩོད་འདིའི་ངོ་བོ་ཤེས་རྟོགས་ཡོང་བའི་ཆེད། ང་ཚོས་ཤེས་དགོས་པ་ནི་ས་གནས་རིམ་པའི་འཐབ་རྩོད་ཀྱི་ངོ་བོ་ཙམ་མ་ཡིན་པར། རྒྱལ་ཁབ་རིམ་པ་དང༌། རྒྱལ་སྤྱིའི་རིམ་པའི་འཐབ་རྩོད་ཀྱི་ངོ་བོ་ཤེས་དགོས་པ་དེ་རེད། དེང་སང་ལུང་པ་འདིའི་ནང་གི་ཤ་མདངས་ནག་པོའི་མིའི་དཀའ་རྙོག་ནི་ཨ་རིའི་ནང་གི་ཤ་མདངས་ནག་པོའི་མི་ཁོ་ནའི་དཀའ་རྙོག་ཙམ་མ་ཡིན དཀའ་རྙོག་འདི་ནི་སྣེ་འཛིངས་ཆེ་བ་ཞིག་ཆགས་པ་དང༌། དཀའ་རྙོག་འདིའི་ནང་དུ་ཤུགས་བསྟན་མང་པོ་ཞིག་ཡོད་པར་བརྟེན། ང་ཚོས་མཐོང་རྒྱ་ཆེན་པོས་ངང་ཞིབ་འཇུག་བྱེད་དགོས། དེ་ནི་འཛམ་གླིང་དང་རྒྱལ་སྤྱིའི་སྟེང་གི་གོང་འོག་འབྲེལ་སྟངས་ལ་བལྟས་ན། དཀའ་རྙོག་འདིའི་ངོ་བོ་ཤེས་ཐུབ། དེ་མིན་རྒྱའ་སྤྱིའི་སྟེང་གི་དཀའ་རྙོག་འབྲེལ་སྟངས་ཧ་མ་གོ་ཚེ། ས་གནས་ཀྱི་གནད་དོན་ཀྱང་ཧ་གོ་ཐུབ་གི་མ་རེད། རྒྱལ་སྤྱི་སྟེང་གི་དཀའ་རྙོག་འབྲེལ་སྟངས་རྣམས་ཧ་གོ་ཚེ་ཁྱེད་ཀྱི་གནས་ཚུལ་འདིའི་སྐོར་གསལ་བོ་ཤེས་ཐུབ་པ་དང༌། མཐོང་སྟངས་གསར་བ་ཞིག་མཐོང་ཐུབ་ངེས་རེད། 

 ང་ཚོས་ང་ཚོར་དྲི་བ་ཞིག་འདྲི་དགོས་རྒྱུ་ནི། འཛམ་གླིང་གི་མི་ཚང་མ་འགྲོ་བསྐྱོད་ཆོག་པའི་ལུང་པ་ཧྥ་རན་སི་ནང་དུ་ཨ་རིའི་མི་ནག་ཕལ་བ་ཞིག་འགྲོ་བསྐྱོད་མི་ཆོག་པ་ག་རེ་ཡིན་ནམ། དེའི་རྒྱུ་མཚན་ནི་རྒྱལ་ཁབ་འདི་གསུམ་ལ་དཀའ་རྙོག་འདྲ་མཚུངས་ཡོད་པས་རྐྱེན་གྱིས་རེད། ཁོང་ཚོའི་དཀའ་ངལ་ནི་ནུབ་ཕྱོགས་པས་ཁྱེད་དང་ང་གཉིས་ཤེས་རྟོགས་བྱུང་ཐུབ་ཡོད་པ་མ་རེད། ཡིན་ནའང་ང་ཚོ་འཛམ་གླིང་འདིའི་ཐོག་གྲངས་ཉུང་མིན སྦར་གཟེལ (Brazil)  ལ་ཆ་བཞག་ན་མི་གྲངས་ཀྱི་གཉིས་ཆའི་གཅིག་ཤ་མདངས་ནག་པོ་ཡིན་པ་དང༌། མི་དེ་དག་ནི་ཨ་ཧྥེ་རི་ཁའི་ཡུལ་མི་ཡིན་པ་དང༌། ཁོང་ཚོ་ལ་ཨ་ཧྥེ་རི་ཁའི་ཡབ་མྱེས་དང༌། ཨ་ཧྥེ་རི་ཁའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པ་རེད།སྦར་གཟེལ་གཅིག་པོ་ཙམ་མ་ཡིན་པར།  ལ་ཏིན་ཨ་མེ་རི་ཁ་དང༌། (Latin America,) ཁ་རི་པན་(Caribbean,) ཨ་རི་(America) བཅས་ན་ཡོད་ པའི་མི་རྣམས་ལའང་ཨ་ཧྥ་རེ་ཀའི་འབྱུང་ཁུངས་ཡོད་པ་རེད།

ང་ཚོ་མང་པོ་ཞིག་གི་ཨ་ཧྥེ་རི་ཁ་བ་ནི་ཨ་རི་ཡོད་པའི་ཤ་མདངས་ནག་པོའི་མི་རྣམས་ཡིན་པར་བསམ་བློ་འཁོར་གྱིན་ཡོད་པ་རེད། ཨ་རི་ལ་ཨ་རི་ལྷོ་ཕྱོགསདང༌། བྱང་ཕྱོགས། དབུས་ཀྱི་ས་ཁུལ་བཅས་ཡོད། ཨ་རི་ལྷོ་ཕྱོགས་སུ་ཡོད་པའི་མི་སུ་ཡིན་ཡང་ཨ་ཧྥེ་རི་ཁའི་རུས་རྒྱུད་ཡོད་པ་རྣམས་ཨ་ཧྥེ་རི་ཁ་བ་ཡིན་པ་དང༌། ཁ་ན་ཌ་ཐེ་བའི་ཨ་རི་བྱང་ཕྱོགས་སུ་ཡོད་པའི་མི་སུ་ཡིན་ཡང་ཨ་ཧྥེ་རི་ཁའི་ཟུངས་ཁྲག་ཡོད་པ་རྣམས་ཨ་ཧྥེ་རི་ཁ་བ་རེད། ཨ་རིའི་དབུས་ཀྱི་ས་ཁུལ་དུ་ཡོད་པའི་མི་སུ་ཡིན་ཡང་ཨ་ཧྥེ་རི་ཁའི་རུས་རྒྱུད་ཡོད་པ་རྣམས་ཨ་ཧྥེ་རི་ཁ་བ་ཡིན་པ་མ་ཟད། ཁ་ར་པན་ནང་དུ་འང་ ཨ་ཧྥེ་རི་ཁ་བ་ཡོད་པ་རེད། དེར་བརྟེན་ངས་ཨ་ཧྥེ་རི་ཁ་བའི་ཐད་ལ་སྐད་ཆ་བཤད་སྐབས་ཨ་རིའི་ནང་དུ་ཡོད་པའི་ཨ་ཧྥེ་རི་ཁ་བའི་མི་གྲངས་ས་ཡ ༢༢ ཁོ་ན་མ་ཡིན་པར། ཨ་མེ་རི་ཁའི་གླིང་ཕྲན་ནང་ལྷོ་བྱང་གང་སར་ཡོད་པའི་མི་སུ་ཡིན་ཡང་འདས་པའི་ལོ་རྒྱུས་ཁྲོད་དུ་ང་ཚོར་ཐུན་མོང་གི་ཤུལ་འཛིན་དང༌། ཐུན་མོང་གི་འབྱུང་རྩ་ཡོད་པའི་ཨ་ཧྥེ་རི་ཁ་རྣམས་ཀྱི་ཆེད་དུ་སྐད་ཆ་བཤད་ཀྱི་ཡོད།དེང་སྐབས་འཛམ་གླིང་གི་ནུབ་ཕྱོགས་ས་ཁུལ་འདི་ཤུགས་རྐྱེན་མི་འདྲ་བཞི་ཐེབས་པའི་ཁྱབ་ཁོངས་སུ་འདུས་ཡོད་པ་སྟེ།དེ་ནི་སི་པན་(Span)ཀྱིས་མི་སེར་སྤེལ་ཡུལ་ དུ་སྒྱུར་བའི་ས་ཁུལ་དང༌། ཧྥ་རན་སིས་མི་སེར་སྤེལ་ཡུལ་དུ་སྒྱུར་མྱོང་བའི་ས་ཁུལ། དབྱིན་ཇིས་མི་སེར་སྤེལ་ཡུལ་དུ་སྒྱུར་མྱོང་བའི་ས་ཁུལ། ང་ཚོ་སྟེ་ཨ་རི་ནང་དུ་ཡོད་པ་བཅས་ས་ཁུལ་རྣམས་རེད།སི་པན་ཀྱིས་མི་སེར་སྤེལ་དུ་སྒྱུར་བའི་ས་ཁུལ་ནི་ལ་དིན་ཨ་མི་རི་ཁ་ཡིན་པ་དང༌། གནས་དེ་རུ་ཨ་ཧྥེ་རི་ཁའི་རུས་རྒྱུད་ཡིན་པའི་ཤ་མདོག་ནག་པོའི་མི་མང་པོ་ཡོད་པ་རེད།  ཧྥ་རན་སིས་མི་སེར་སྤེལ་དུ་སྒྱུར་མྱོང་བའི་ས་ཁུལ་ནི་ནུབ་ཕྱོགས་ཨིན་རྡུ་མི་(West Indian)རྣམས་གནས་པའི་ས་ཁུལ་དག་ལ་ངོས་འཛིན་བྱེད་ཀྱི་ཡོད། དབྱིན་ཇིས་མི་སེར་སྤེལ་དུ་སྒྱུར་མྱོང་བའི་ས་ཁུལ་ཁ་ན་ཌ་(Canada) དང་ནུབ་ཕྱོགས་ཨིན་རྡུ་མི་རྣམས་ཡིན་པ་དང༌། ང་ཚོ་སྡོད་ཡོད་སའི་ཨ་རི་ས་ཁུལ་བཅས་རེད ང་ཚོ་སྟེ་ཤ་མདངས་ནག་པོའི་མི་འམ། ཡང་ན་ཤ་མདངས་དཀར་པོའི་མི་མ་ཡིན་པ་རྣམས་རྣམ་པ་མི་འདྲ་བཞི་འཛམ་གླི་ང་གི་ནུབ་ཕྱོགས་ས་ཁུལ་དུ་གནས་ཡོད་པ་རེད།

སི་པན་གྱི་དཔལ་འབྱོར་ནུས་པ་ཞན་པས་རྐྱེན་གྱིས་སི་པན་གྱིས་མི་སེར་སྤེལ་ཡུལ་གྱུར་པའི་ས་ཁུལ་གྱི་ཤ་མདངས་ནག་པོའི་མི་མང་པོ་སི་པན་ནང་དུ་གནས་སྤོར་བྱས་མེད་པ་དང༌།ཡིན་ནའང་དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་འཚོ་བའི་གནས་ཚད་མཐོ་བོ་ཡིན་པས་ནུབ་ཕྱོགས་ཨིན་རྡུ་བ་འབོར་ཆེན་ཞིག་རྒྱལ་ཁབ་དེ་གཉིས་ནང་དུ་གནས་སྤོར་བྱས་ཡོད༌།དེ་ནས་ཁྱེད་དང་ང་ཨ་རིའི་ནང་གནས་འཆའ་བཞིན་པ་རེད།
དེར་བརྟེན་ཨ་རི་དང༌། དབྱིན་ཇི། ཧྥ་རན་སར་བཅས་གནའ་མཐུན་རྒྱལ་ཁབ་འདི་གསུམ་ལ་ཐུན་མོང་གི་དཀའ་རྙོག་ཡོད་པ་རེད། ཡིན་ནའང་ཁྱེད་དང་ང་ལ་གནའ་མཐུན་རྒྱལ་ཁབ་དེ་གསུམ་ལ་ཐུན་མོང་གི་དཀའ་རྙོག་ཡོད་པ་རྟོགས་ཐུབ་པར་གནས་ཚུལ་རྩ་བ་ནས་མཁོ་འདོན་བྱས་མེད། ཐུན་མོང་གི་དཀའ་རྙོག་དེ་སྣང་ཚུལ་གསར་བ་ཞིག་ཏུ་གྱུར་ཏེ་ཧྥ་རན་སི་་དང༌། དབྱིན་ཡུལ། ཨ་རི་བཅས་སུ་ཡོད་པའི་མི་ནག་པའི་བསམ་ཚུལ་ལ་འགྱུར་བ་འགྲོ་བཞིན་ཡོད་པ་རེད། དེ་ནི་ཨ་ཧྥེ་རི་ཁའི་གླིང་ཆེན་ནང་དུ་གནས་པའི་མི་རྣམས་ཀྱི་བསམ་ཚུལ་འགྱུར་བ་ཕྱིན་ཏེ་འདས་པའི་ལོ་བཅུ་དང་བཅུ་གཉིས་རིང་ལ་ཨ་ཧྥེ་རི་ཁའི་གསར་
བརྗེ་སྟེ།རྒྱལ་ཁབ་གང་མང་ཞིག་ལ་རང་བཙན་ཐོབ་ཡོད་པ་དེས་ནུབ་ཕྱོགས་སུ་ཡོད་པའི་ཤ་མདངས་ནག་པོའི་མི་རྣམས་ཀྱི་བསམ་ཚུལ་ལའང་ཤུགས་རྐྱེན་ཐེབས་ཡོད་པ་རེད། དེར་བརྟེན་ཁོ་ཚོ་དབྱིན་ཇུའི་ལུང་པར་གཞིས་འཆའ་སྐབས་དབྱིན་ཇི་ལ་དཀའ་རྙོག་ཅིག་བཏོན་གི་ཡོད་པ་དང༌། ཁོ་ཚོ་ཧྥ་རན་སིའི་ལུང་པར་གཞིས་འཆའ་སྐབས་ཧྥ་རན་སི་ལ་དཀའ་རྙོག་ཅིག་བཏོན་གི་ཡོད། ང་ཚོ་ཨ་རིའི་ནང་དུ་ཡོད་པ་རྣམས་གཉིད་སད་སྐབས་ཤ་མདངས་ནག་པོའི་མིའི་བསམ་ཚུལ་ཕྱི་ལ་མངོན་ཏེ། ཨ་རིའི་ཤ་མདངས་དཀར་པོའི་མི་རྣམས་ལ་དཀའ་རྙོག་ཞིག་བཏོན་ཡོང་གི་ཡོད་པ་རེད།

ཁྱེད་ཀྱིས་ཨ་རིའི་ནང་གི་ཤ་མདངས་དཀར་པོའི་མིའི་དཀའ་རྙོག་དེ་ནི་མཚུངས་མེད་ཞིག་རེད་བསམ་གྱི་མེད་དམ། ཧྥ་རན་སིའི་ནང་དེ་མཚུངས་ཀྱི་དཀའ་རྙོག་ཡོད་ལ།དབྱིན་ཇུའི་དུའང་དེ་དང་འདྲ་མཚུངས་ཀྱི་དཀའ་རྙོག་ཡོད་པ་རེད། མི་འདྲ་ས་ཞིག་ནི་ཨ་རིའི་ནང་དུ་ཤ་མདངས་ནག་པོའི་མིའི་འགོ་ཁྲིད་མང་པོ་ཐོན་ཏེ་དམག་འཐབ་ཀྱི་རྐྱེན་བསླངས་ཏེ་ཨ་རིའི་ནང་ཤ་མདངས་དཀར་པོའི་མི་རྣམས་སྐྲག་སྣང་སྐྱེས་
བཞིན་ཡོད་པ་དེ་རེད། ཡིན་ན་འང་ཉེ་ཆར་ཧྥ་རན་སིའི་ནང་དུ་ཨ་རི་་ཧྥེ་རི་ཁ་བ་དང༌། ནུབ་ཕྱོགས་ཀྱི་ཨིན་རྡིའི༌། ཨེ་ཤ་ཡའི་(Asia)མི་རྣམས་ཀྱིས་རང་ཉིད་ཀྱི་ སྒྲིག་འཛུགས་བཙུགས་པ་དེར་ཧྥ་རན་སིའཇིགས་སྣང་སྐྱེས་ཀྱི་ཡོད་པ་དང༌། གནས་ཚུལ་དེ་དང་འདྲ་མཚུངས་དབྱིན་ཇུའི་ལུང་པའི་ནང་དུ་བྱུང་ཡོད ། ནུབ་ཕྱོགས་ཀྱི་ཨིན་རྡི་བ་དང༌། ཨ་ཧྥེ་རི་ཁ་བ༌། ཨེ་ཤ་ཡའི་མི་རྣམས་ཀྱིས་རང་ཉིད་ཀྱི་སྒྲིག་འཛུགས་བཙུགས་དེ་ཕན་ཚུན་མཉམ་འབྲེལ་བྱེད་བཞིན་ཡོད་པ་དེས་དབྱིན་ཇུའི་ནང་ཧ་ཅང་གི་དཀའ་རྙོག་ཚབས་ཆེན་ཞིག་བཏོན་ཡོད་པ་རེད།    

དེར་བརྟེན། དེང་སྐབས་འཛམ་གླིང་འདིའི་སྟེང་དུ་ཇེ་ཆེར་འགྲོ་བཞིན་པའི་དཀའ་རྙོག་དེ་ཁྱེད་རྣམ་པའི་ཤེས་རྟོགས་ཡོང་ཆེད་ངས་ཁྱེད་རྣམས་ལ་དཀའ་རྙོག་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཤད་དགོས་པ་ཞིག་རེད། ཁྱེད་ཀྱིས་ཤ་མདངས་དཀར་པོའི་མི་དང་ནག་པོའི་བར་གྱི་དཀའ་རྙོག་དེ་ཤེས་རྟོགས་སླད། ས་གནས་རིམ་པ་ཙམ་མ་ཡིན་པར་རྒྱལ་ཁབ་རིམ་པ་དང༌། རྒྱལ་སྤྱིའི་རིམ་པའི་དཀའ་རྙོག་གི་འབྲེལ་སྟངས་ལ་བལྟས་ན།  ད་གཟོད་དཀའ་རྙོག་དེའི་ངོ་བོ་ཤེས་རྟོགས་ཐུབ།  ཁྱེད་ཀྱིས་ས་གནས་རིམ་པའི་དཀའ་རྙོག་འབྲེལ་སྟངས་ཁོ་ནར་བལྟས་ཚེ་ཁྱེད་ཀྱིས་དཀའ་རྙོག་འདིའི་ངོ་བོ་རྩ་བ་ནས་རྟོགས་མི་ཐུབ། དེ་རིང་དགོང་དྲོ་ང་རང་འདིར་ཡོང་བའི་དམིགས་ཡུལ་གཅིག་ནི་ཁྱེད་རྣམས་ལ་གནད་དོན་འདི་ཤེས་རྟོགས་ཡོང་བར་འགྲེལ་བརྗོད་བྱེད་ཆེད་ཡིན།
ཁྱེད་རང་མང་ཆེ་ཤོས་ཀྱིས་མཁྱེན་གསལ་བཞིན་ད་ལོ་དབྱར་ཁར་ང་རང་ཤ་མདངས་ནག་པོའི་མིའི་ཁ་ཆེ་ཆོས་ལུགས་ཀྱི་ལས་འགུལ་ལས་ཕྱིར་ཐོན་པ་ཡིན། ང་རང་་ཟླ་ལྔའི་རིང་ཤར་ཕྱོགས་དཀྱིལ་མ་དང༌། ཨ་ཧྥེ་རི་ཁའི་གླིང་ཆེན་ནང་བསྡད་པ་ཡིན། སྐབས་དེར་ང་རངཨེ་ཇིབ་དང༌། (Egypt) ཨ་ར་སྤེ་ཡ། (Arabia) ལེ་སྦ་ནོན། (Lebanon) ཁུ་ཝི་ཐི། (Kuwait) སུའུ་ཌན།  (Sudan) ཁན་ཡ།  (Kenya) ཨེ་ཐོ་ཕེ་ཡ།  (Ethiopia)ཟན་ཟེ་སྦར། (Zanzibar) ཐན་གཟའ་ནེ་ཡ།(Tanzania) ག་ན། (Ghana) དགེ་ནེ་ཡ།  (Guinea) ལི་པེ་རིཡ། (Liberia)  ཨོ་ཇེ་རི་ཡ། (Algeria) བཅས་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་བལྟ་བསྐོར་དུ་བསྐྱོད་པ་ཡིན།   ཟླ་བ་ལྔའི་བལྟ་བསྐོར་རིང་ང་ལ་ཨེ་ཇིབ་ཀྱི་སྲིད་འཛིན་ (Nasser) མཆོག་དང༌།ཐན་གཟའ་ནེཡའི་སྲིད་འཛིན (Jullius Nyerere)ཁན་ཡའི་ནང་དུ་སྐུ་ཞབས (Jomo Kenyatta) ཨོ་རྒན་ཌའི་ནང་དུ་སྐུ་ཞབ (Milton Obate)ན་ཇི་རི་ཝའི་ནང་དུ་སྐུ་ཞབས (Azikiwe Nkrumah) དགེ་ནེ་ཝའི་ནང་དུ་སྐུ་ཞབས་ (Sekou Toure) སོགས་ལ་མཇལ་འཕྲད་ཀྱིས་ཡུནརིང་བཀའ་མོལ་བྱེད་རྒྱུའི་གོ་སྐབས་བྱུང༌།

མི་འདི་དག་དང་མཉམ་དུ་བཀའ་མོལ་བྱེད་སྐབས་་གནས་ཚུལ་གང་མང་ཞིག་བརྗེ་ལེན་བྱས་པས་ངའི་བསམ་བློ་དང༌། ཚོར་སྣང་རྒྱ་བསྐྱེད་འབྱུང་བར་ཕན་ཐོགས་བྱུང༌།རང་འདིར་ཕྱིར་ལོག་པ་ནས་བཟུང༌། བློ་ཆུང་གུ་དོག་གི་བསམ་བློ་ཅན་ཏེ།སྒྲིག་འཛུགས་ཞིག་ཀྱི་ཁོངས་སུ་གཏོགས་པའི་མི་དེ་དག་ལ་རྩོད་གླེང་བྱེད་འདོད་མེད་པར་གྱུར། ཁྱེད་རང་ལ་ང་ཚོ་ནང་བཞིན་སྣེ་མང་གི་དཀའ་རྙོག་ཡོད་ཅིང༌། དཀའ་རྙོག་དེ་སེལ་ཐབས་བྱེད་སྐབས་མི་དེ་དག་གིས་ལམ་ལོག་དུ་ཁྲིད་པ་དང༌། ཡང་ན་དམིགས་ཡུལ་ཡོད་པ་ཞིག་ལ་སླེབས་ཐུབ་ཀྱི་མ་རེད།  

ང་རང་དེ་རིང་དགོང་མོ་འདིར་ཡོང་དོན་ནི་གཅིག་གིས་གཅིག་ལ་བརྡབས་སྐྱོན་གཏོང་བཞིན་པའི་ལས་འགུལ་འདི་དག་གི་སྐོར་གླེང་མོལ་བྱེད་ཆེད་མིན། ང་རང་འདིར་ཡོང་དོན་ནི་ང་ཚོ་མིག་མདུན་དུ་ཡོད་པའི་དཀའ་རྙོག་དངོས་ཀྱི་སྐོར་གླེང་མོལ་བྱེད་ཆེད་ཡིན།དེ་ཡང་བྱེད་སྤྲོས་མ་ཡིན་པའི་སྒོ་ནས་གླེང་འདོད་བྱུང༌། ངས་མི་མང་པོའི་མཉམ་དུ་གླེང་མོལ་བྱེད་སྐབས་བྱེད་སྤྲོས་དང༌། བྱེད་ཐབས། གོ་རིམ་མེད་པའི་སྒོནས་བཤད་ཀྱི་ཡོད། གང་ལ་ཟེར་ན།དོན་གནད་འདིའི་སྐོར་བྱེད་སྤྲོས་དང་གོ་རིམ་ཡོད་པའི་སྒོ་ནས་བཤད་ན་ཤ་མདོག་དང་རིགས་རུས་དབྱེ་འབྱེད་ནང་དུ་འཁོར་འགྲོ་གི་འདུག་དཀའ་རྙོག་འདི་ང་
ཚོས་མགོ་བརྩམས་པ་མ་ཡིན།ཁྱེད་རྣམ་པའི་མཁྱེན་གསལ་ལྟར། ང་ཚོ་ཨ་རི་ཡོང་སྐབས་དགའ་སྣང་དང་བཅས་ཏེ་ཡོང་བ་མིན། ང་ཚོས་དམ་བཅའ་དོར་ཏེ་འདོད་པ་མེད་བཞིན་དུ་ས་འདིར་ཁྲིད་ཡོང་བ་རེད།   གལ་ཏེ་ང་ཚོས་ཁོང་ཚོར་དཀའ་རྙོག་བཟོ་གི་ཡོད་ན་ང་ཚོར་ལས་འདེད་བྱེད་རྒྱུ་མེད། རྒྱུ་མཚན་ནི་ཁོང་ཚོས་ང་ཚོར་འདོད་པ་མེད་བཞིན་དུ་འདིར་ཁྲིད་ཡོང་བ་རེད། (ལག་པ་བརྡབས།)

ངས་དོན་གནད་འདིའི་སྐོར་བྱེད་སྤྲོས་མིན་པའི་སྒོ་ནས་གླེང་མོལ་བྱེད་དོན་གཅིག་ནི། མི་རྣམས་ཀྱིས་ཤ་མདོག་གཞིར་བཞག་ཏེ་གླེང་མོལ་བྱེད་སྐབས།ཁོང་ཚོ་ཕྱོགས་ལྷུང་གིས་དབང་གིས་བསམ་བློ་གུ་དོག་པོ་ཆགས་ཀྱི་འདུག ཁྱད་པར་དུ་ཤ་མདངས་དཀར་པོའི་མི་རྣམས་དེ་ལྟར་རེད།ངས་ཤེས་གསལ་ལ་ཤ་མདངས་དཀར་པོའི་མི་རྣམས་ནི་ཤ་མདོག་གི་དཀའ་རྙོག་སྐོར་ལ་གླེང་མོལ་བྱེད་རག་བར་དུ་ཁོང་ཚོ་རིག་སྟོབས་ལྡན་པ་ཞིག་རེད། ཡིན་ནའང་ཤ་མདོག་གི་དཀའ་རྙོག་སྐོར་ལ་བཀའ་མོལ་བྱེད་སྐབས་ཁོང་ཚོ་ལོང་བ་འུག་པ་ལྟར་གྱུར་ནས་ཁོང་ཚོས་ཤེས་པ་ནི་བདེན་པའི་ལྡོག་ཕྱོགས་ཁོ་ན་རེད།(ལག་པ་བརྡབས།)

དེར་བརྟེན་ང་ཚོས་དོན་གནད་འདིའི་སྐོར་བྱེད་སྤྲོས་མིན་པའི་སྒོ་ནས་གླེང་མོལ་བྱས་ན། ང་ཚོ་ཚང་མ་སེམས་ལྷོད་པོའི་ངང་ནས་བསམ་བློའི་སྒོ་མོ་ཕྱེས་ཏེ་མིག་དཔེ་དང༌།ཡང་ན་གོམས་གཤིས་བཟང་བོ་ཞིག་མཐོང་ཐུབ། ང་རང་གོ་གནས་ནས་ཕྱིར་ཐོན་པ་ཡིན༌། དེ་རིང་ཞོགས་པ་ཁོད་རྒེ་ཐེ (Colgate) རུ་བྱུང་དོན་བཞིན ང་རང་ཁ་ཆེ་བ་ཞིག་ཡིན་པ་ནི་ང་རང་གི་ཁ་ཆེའི་ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་དེ་ཡིན།      ང་ནི་འཇིག་རྟེན་གསར་བསྐྲུན་བྱེད་མཁན་ཀྱི་ལྷ་ལ་ཡིད་ཆེས་ཡོད་ལ། ཆོས་ལུགས་ནི་གྲུབ་ཆ་སྤྱིར་བཏང་བ་ཞིག་ཡིན་པས་ཤེས་རྟོགས་བྱ་རྒྱུ་ལས་སླ་བོ་ཡིན། ང་ནི་ལྷ་གཅིག་ལ་ཡིད་ཆེས་བྱེད་ཀྱི་ཡོད་ལ།ལྷ་དེ་ལ་ཆོས་ལུགས་གཅིག་ཡོད་པ་ང་རང་ཡིད་ཆེས་ཡོད། ལྷ་དེས་མངགས་པའི་གདམས་ངག་ཚང་མ་གཅིག་མཚུངས་ཀྱི་ཆོས་ལུགས་ཞིག་ཡིན། དེ་བས་མོ་སེ་མུ་ཧམ་མ་རྡུ་(Moses,Juses,

Muhammad དང་ག ཞན་གྱི་ལྷ་ཡོད་ཚད་ལས་ལྷ་གང་ཞིག་ནི་ཁྱད་དུ་འཕགས་པ་ཡིན་པ་དང༌། ལྷ་གང་ཞིག་ནི་ཁྱད་དུ་འཕགས་པ་མ་ཡིན་པའི་སྐོར་ལ་རྩོད་གླེང་བྱེད་དགོས་དོན་མེད།  ཁོང་རྣམས་ཀྱིས་འགྲོ་བ་མི་ལ་གསལ་འདེབས་བྱས་པའི་་ལུང་འཛིན་རིང་ལུགས་གཅིག་མཚུངས་ཡིན།དེ་བས་འགྲོ་བ་མི་ཚང་མ་སྤུན་ཟླ་ཡིན་པའི་འདུ་ཤེས་སྐྱེས་དགོས། དེ་ཡང་འཇིག་རྟེན་འདིའི་སྟེང་དུ་ལག་བསྟར་བྱེད་དགོས་པ་ང་རང་ཡིད་ཆེས་ཡོད།ང་ནི་འགྲོ་བ་མི་ཚང་མ་སྤུན་ཟླ་ཡིན་པར་ཡིད་ཆེས་ཡོད། ཡིན་ནའང་ང་ཚོ་ཡོད་སའི་ཨ་རིའི་ནང་གི་གནས་སྟངས་ངོ་མ་སྟེ།  ཨ་རིའི་སྤྱི་ཚོགས་གིས་འགྲོ་བ་མི་ཚང་མ་སྤུན་ཟླ་ཡིན་པའི་འདུ་ཤེས་དེ་ལག་བསྟར་བྱེད་ཀྱི་མེད་པ་ངས་གསལ་བོར་ཤེས་ཡོད།དེ་ནི་ལྷ་ཡི་བཀའ་ཆོས་གང་ཡིན་པ་ལག་བསྟར་བྱེད་ཀྱི་མེད་པ་རེད།ང་ཚོ་འདིར་ཁ་ཆེ་ཡིན་པ་དང༌། སུ་ཞིག་ཤ་མདངས་ནག་པོའི་ཁ་ཆེ་གྱི་ལས་འགུལ་ལས་ཕྱིར་ཐོན་ཏེ་ཨ་རིའི་ཨ་ཧྥེ་རི་ཁ་བའི་གཅིག་སྒྲིལ་ཚོགས་པ་(Afro-American Unity) གྱི་སྒྲིག་འཛུགས་བསྐྱར་དུ་བཙུགས། སྒྲིག་འཛུགས་དེ་ཡང་འགྲོ་བ་མི་ཚང་མ་སྤུན་ཟླ་ཡིན་པའི་འདུ་ཤེས་རྨང་གཞིར་བཞག་དེ་བཙུགས་པའི་སྒྲིག་འཛུགས་ཞིག་ཡིན།  

རྒྱལ་ཁབ་འདིའི་ནང་དུ་ཤ་མདངས་ནག་པོའི་མི་ཡི་དཀའ་ངལ་ནི་རྙོག་འཛིང་ཆེ་བ་ཞིག་ཡིན་པས་ང་ཚོ་ལས་འགུལ་འདིའི་ཁོངས་སུ་འཛུལ་ནས་དུས་ཡུན་རིང་པོ་ཞིག་ཕྱིན་ཡོད་ནའང༌། ད་དུང་ཡང་དཀའ་ངལ་འདི་སེལ་ཐུབ་མེད་པས་ང་ཚོས་སྒྲིག་འཛུགས་གསར་བ་ཞིག་བཙུགས་པ་ཧ་ཅང་གི་འོས་ཤིང་འཚམ་པ་ཞིག་ཡིན་པས་ང་ཚོས་སྒྲིག་འཛུགས་འདི་བཙུགས་པ་རེད། སྒྲིག་འཛུགས་འདི་ཆོས་ལུགས་རིས་
མེད་གྱི་ཨ་རིའི་ཨ་ཧྥ་རི་ཁ་རྣམས་གྱི་སྒྲིག་འཛུགས་ཞིག་ཡིན། སྒྲིག་འཛུགས་འདིའི་ནང་དུ་ཨ་རིའི་ཨ་ཧྥ་རི་ཁ་བ་དང༌། ཡང་ན་ཤ་མདངས་ནག་པོའི་མི་སུ་ཡིན་ཡང་འཛུལ་ཞུགས་བྱས་ཆོག ང་ཚོའི་སྒྲིག་འཛུགས་འདིའི་དམིགས་ཡུལ་ནི་སྤྱི་ཚོགས་འདིའི་ཁྲོད་དུ་ང་ཚོའི་གདོང་གཏུགས་ཏུ་ཡོད་པའི་ཚུལ་མིན་གྱི་ཆབ་སྲིད་དང༌། དཔལ་འབྱོར་གྱི་ལམ་ལུགས་ལག་བསྟར་བྱེད་པའི་སྤྱི་ཚོགས་ཀྱི་གནག་སེམས་ཅན་དེ་དག་མེད་པར་བཟོས་པའི་ཆེད་དུ་ཡིན་ལ། ང་ཚོས་སྤྱི་ཚོགས་ཁྲོད་གནག་སེམས་ཅན་སྟེ། འགྲོ་བ་མི་ཚང་མ་སྤུན་ཟླ་ཡིན་པའི་འདུ་ཤེས་ཐོན་སྐྱེད་བྱེད་མ་ཐུབ་པའི་སྤྱི་ཚོགས་ལ་ངོ་རྒོལ་བྱེད་རྒྱུའི་ཆེད་དུ་ཡིན།  དེ་ནི་ང་ཚོ་དཀར་པོ་དང༌། སྔོན་པོ། སེར་པོ་ལ་མ་དགའ་བ་གཏན་ནས་མིན།  ང་ཚོས་མི་རིགས་དང༌།ཤ་གདངས་དབྱེ་འབྱེད་བྱེད་མཁན་དང༌། རུས་རྒྱུད་ཁ་ཁར་བཟོ་རྒྱུའི་བསམ་ཚུལ་ལ་ངོ་རྒོལ་བྱེད་མཁན་ཡིན། མི་སུ་ཡིན་ཡང་ཤ་མདངས་དབྱེ་འབྱེད་དང་རུས་རྒྱུད་ཁ་ཁར་བཟོ་བའི་བསམ་ཚུལ་ལག་བསྟར་བྱས་ནས་ང་ཚོར་ངོ་རྒོལ་བྱེད་མཁན་རྣམས་ལ་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ང་ཚོས་ཤ་མདངས་དབྱེ་འབྱེད་ཀྱི་བསམ་ཚུལ་ངོས་ལེན་བྱེད་ཀྱི་མེད་པའི་རྐྱེན་གྱིས་ཡིན།(ལག་པ་བརྡབས།)

ང་ཚོས་མི་ཡི་རིན་ཐང་ནི་ཤ་མདངས་ལ་བལྟས་ནས་ཐག་གཅོད་བྱེད་ཀྱི་མེད། ཁྱེད་རང་དཀར་པོ་ཡིན་པའི་ཆ་ནས་ཁྱེད་ཀྱི་རིན་ཐང་ཐག་གཅོད་བྱེད་ཀྱི་མེད་ལ།  ཁྱེད་རང་ནག་པོ་ཡིན་པའི་ཆ་ནས་ཁྱེད་ཀྱི་རིན་ཐང་ཐག་གཅོད་བྱེད་ཀྱི་མེད།  ཁྱེད་རང་སེར་པོ་ཡིན་པའི་ཆ་ནས་ཁྱེད་ཀྱི་རིན་ཐང་ཐག་གཅོད་བྱེད་ཀྱི་མེད།  ང་ཚོས་ཁྱེད་རང་གི་རིན་ཐང་ནི་ཁྱེད་ཀྱི་བྱེད་སྟངས་དང༌།  ཁྱེད་ཀྱིས་ལག་བསྟར་བྱེད་བཞིན་པའི་ལས་དོན་ལ་བལྟས་ནས་ཐག་གཅོད་བྱེད་ཀྱི་ཡོད། ཁྱེད་རང་གི་མ་རབས་སྤྱོད་པ་ལག་བསྟར་བྱས་ན་ང་ཚོས་ཁྱེད་ལ་ངོ་རྒོལ་བྱེད་ངེས་ཡིན། མིའི་ཤ་མདངས་ལ་བལྟས་ནས་རིན་ཐང་ཐག་གཅོད་བྱེད་པ་དེ་ང་ཚོས་མ་རབས་ཐ་ཤལ་གྱི་སྤྱོད་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་ནི་མི་ཡི་འཇོན་ཐང་དང༌། ཤེས་ཚད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བལྟས་ནས་མི་ཡི་རིན་ཐང་ཐག་གཅོད་མི་བྱེད་པར། མིའི་ཤ་མདངས་ལ་
བལྟས་ཏེ་རིན་ཐང་ཐག་གཅོད་བྱེད་པའི་སྤྱི་ཚོགས་ཞིག་གི་ནང་དུ་གནས་ཡོད་པ་དེ་རིང་འདིར་ཡོད་པའི་ཁྱེད་ཅག་ཚང་མས་ངོས་ལེན་བྱེད་ངེས་རེད། གལ་ཏེ་ཁྱེད་རང་ཤ་མདངས་དཀར་པོ་ཡིན་ཚེ་ལས་དོན་གང་ཞིག་སྒྲུབ་ཀྱང་མདུན་སྐྱོད་བྱེད་ཐུབ་པ་དང༌། གལ་ཏེ་ཁྱེད་ཀྱི་ཤ་མདངས་ནག་པོ་ཡིན་ཚེ་ལས་དོན་གང་ཞིག་སྒྲུབ་ཀྱང་གོམས་པ་རེ་རེ་སྤོ་དུས་འཐབ་རྩོད་བྱེད་དགོས་པ་དང༌། འཐབ་རྩོད་བྱས་ནའང་མདུན་བསྐྱོད་བྱེད་ཐུབ་ཀྱི་མེད་པ་རེད(ལག་པ་བརྡབས།)

ང་ཚོ་ནི་རུས་རྒྱུད་ཁ་ཁར་དབྱེ་རྒྱུར་ཡིད་ཆེས་བྱེད་མཁན་ཀྱིས་སྟངས་འཛིན་བྱས་ཡོད་པའི་སྤྱི་ཚོགས་ཞིག་གི་ནང་དུ་གནས་ཡོད་པ་དང༌། ང་ཚོ་ནི་མིའི་ཤ་མདངས་དབྱེ་འབྱེད་བྱེད་རྒྱུར་ཡིད་ཆེས་བྱེད་མཁན་ཀྱིས་སྟངས་འཛིན་བྱས་ཡོད་པའི་སྤྱི་ཚོགས་ཞིག་གི་ནང་དུ་གནས་ཡོད་པ་རེད། འདི་ལྟར་བརྗོད་ཚེ་ཤ་མདངས་དཀར་པོའི་མི་རྣམས་ལ་ནང་དོན་ལེགས་པོ་ཞིག་གི་གོ་བ་མེད་ཀྱང༌། མི་རིགས་དབྱེ་འབྱེད་བྱེད་མཁན་གྱིས་སྤྱི་ཚོགས་འདི་སྟངས་འཛིན་བྱས་ཡོད་པ་དངོས་འབྲེལ་རེད། སྤྱི་ཚོགས་འདི་ནི་འཛམ་གླིང་གང་སར་ཁྱབ་ཡོད་པ་ཁྱེད་ཀྱིས་མཐོང་ཐུབ དེང་སྐབས་ཨེ་ཤ་ཡའི་ནང་ཨ་རིའི་དམག་གིས་ཤ་མདངས་ནག་སྨུག་ཡིན་པའི་མིའི་སྟེང་དུ་འབར་རྫས་གཡུགས་བཞིན་ཡོད། གལ་ཏེ་ཁྱེད་རང་ས་གནས་དེར་ཡོད་ཚེ་ཁྱེད་ཀྱིས་མཐོང་ཐུབ་ངེས་རེད། ངས་དེ་མཐོང་ཐུབ་ཀྱི་འདུག།(ལག་པ་བརྡབས།)

དེ་ནི་ཨ་རིས་ཤ་མདངས་དབྱེ་འབྱེད་ཀྱི་སྤྱོད་ངན་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ཤ་མདངས་དབྱེ་འབྱེད་ནི་ཨེ་ཤ་ཡའི་ནང་ཤ་མདངས་ནག་སྨུག་ཡིན་པའི་མི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་དུ་ཡོད་ལ། ཤ་མདངས་དབྱེ་འབྱེད་བྱེད་པ་གཞན་ཞིག་ནི་ཁན་སྒོ་(Congo)ནང་དུ་ཤ་མདངས་ནག་སྨུག་ཡིན་པའི་མི་ལ་ངོ་རྒོལ་ཀྱི་ དམག་འཁྲུག་ཁྲོད་དུ་ཡོད་པ་མ་ཟད།དེ་ནི་མི་སི་སི་པི་དང༌། (Mississippi)  ཨ་ལ་སྤ་མ། (Alsbama) འཇོར་རྗེ་ཡ།(Geogia)རོ་ཅེ་སུ་ཐར་(Rochestre)དང་ཉིག་ཡོག་(NewYork) ནང་དུ་ཤ་མདངས་ནག་པོའི་ མི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་དུ་ཡོད་པ་རེད།(ལག་པ་བརྡབས།)

དེར་བརྟེན་ང་ཚོས་ཤ་མདངས་དཀར་པོ་ཡིན་པའི་ཆ་ནས་ཁོང་ཚོར་ངོ་རྒོལ་བྱེད་ཀྱི་མེད། ཁོང་ཚོས་ཤ་མདངས་དབྱེ་འབྱེད་ཀྱི་སྤྱོད་ངན་ལག་བསྟར་བྱེད་བཞིན་པ་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཁྱེད་ཀྱིས་ཁྱེད་དང་ཤ་མདངས་མི་འདྲ་བའི་མིའི་སྟེང་ལ་འབར་རྫས་གཡུགས་བཞིན་ཡོད་པ་དེ་ལ་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་དེ་དག་ལ་ངོ་རྒོལ་བྱས་ པའི་རྐྱེན་གྱིས་གསར་འགོད་པས་ང་ཚོར་དྲག་སྤྱོད་པ་ཟེར་གྱི་ཡོད་པ་རེད།   ང་ཚོས་དྲག་པོའི་ཆེད་འཐབ་རྩོད་བྱེད་ཀྱི་མེད་པར། ང་ཚོས་འཐབ་རྩོད་ནི་ཞི་བདེའི་ཆེད་དུ་ཡིན།ཡིན་ནའང་ང་ཚོའི་ཁ་གཏུགས་སུ་ཡོད་པའི་མི་དེ་དག་གིས་དྲག་པོ་སྟོབས་ཤུགས་བེད་སྤྱོད་བྱེད་བཞིན་ཡོད་པར་བརྟེན། དེ་དག་ལ་ཁ་གཏད་གདོང་ལེན་བྱེད་སྐབས་ཞི་བདེར་གནས་ཐུབ་ཀྱི་མེད་པ་རེད།(ལག་པ་བརྡབས།)

ཁོང་ཚོའི་སེམས་སུ་གནོང་གང་ཡོད་པ་དེ་ང་ཚོ་ལ་ནག་ཉེས་བཙུགས་ཀྱི་ཡོད་པ་དེ་ནི་ནག་ཉེས་ཅན་པས་རྟག་ཏུ་བྱེད་པའི་བྱ་ལས་ཞིག་ཡིན། ཁོང་ཚོས་ཁྱེད་ཀྱི་སྟེང་དུ་འབར་རྫས་གཡུགས་རྗེས། ཁྱེད་རང་ཀྱིས་རང་གི་སྟེང་ལ་འབར་རྫས་གཡུགས་པ་རེད་ཞེས་ཁོང་ཚོས་ཁྱེད་ལ་ནག་ཉེས་བཙུགས་པ་དང༌། ཁོང་ཚོས་ཁྱེད་ཀྱི་ཀླད་པ་གཏོར་རྗེས་ཁྱེད་ཀྱིས་ཁོང་ཚོར་འཐབ་རྒོལ་བྱེད་ཀྱི་འདུག་ཞེས་ནག་ཉེས་བཙུགས་ཀྱི་ཡོད་པ་རེདའདི་ཤ་མདངས་དབྱེ་འབྱེད་བྱེད་མཁན་གྱི་ཉེས་ཅན་པ་དེ་དག་གི་ལས་ཀ་རེད། ཉེས་པ་ཡོད་པའི་མི་དེ་དག་གིས་ཚན་རིག་ཡར་རྒྱས་ཕྱིན་ཡོད་པ་ལ་བརྟེན་ནས་ཁོང་ཚོས་ནག་ཉེས་སྤྱོད་ངན་སྤེལ་བཞིན་
ཡོད་པ་དང༌། དེ་ནས་གསར་འགོད་པ་བེད་སྤྱོད་བཏང་ཏེ་ཁྱེད་རང་ཕམ་ཁ་མྱོང་མཁན་དུ་བཟོས་ཏེ། ཕམ་ཁ་མྱོང་མཁན་ནི་ཉེས་ཅན་པར་བཟོས་བཞིན་ཡོད་པ་རེད། དེ་ནི་ཁོང་ཚོའི་བྱ་སྤྱོད་རེད།(ལག་པ་བརྡབས།)

རོ་ཆེ་སི་ཐར་ (Rochester)ས་གནས་སུ་ཡོད་པའི་ཁྱེད་ཅག་གིས་གནད་དོན་འདིའི་སྐོར་ གསལ་བོར་མཁྱེན ་ངེས ། འདི་རུ་ཁོང་ཚོས་བྱེད་སྟངས་དཔེར་མཚོན་གསལ་བོ་ཡོད་པ་རེད། ཁོང་ཚོས་གསར་འགོད་ཁག་དང་ཤ་མདངས་དཀར་པོའི་མི འི་མང་ཚོགས་རྒྱུད་ནས་ལམ་ལུགས་གཏོར་བཞིན་ཡོད།  ཤ་མདངས་དཀར་པོའི་མི་ནི་འདྲ་མིན་ཡོད་པས་ཁག་གཅིག་ནི་སྤྱོད་བཟང་དང་ཁག་གཅིག་སྤྱོད་ངན་ཅན་ཡིན།  སྤྱོད་ངན་ཅན་གྱི་མི་ནི་སྤྱོད་བཟང་ཅ ན་གྱི་མི་གྲངས་ལས་མང་པོ་ཆགས་ཡོད།  ཁོང་ཚོར་ཤ་མདངས་དཀར་པོའི་མི་མང་ཀྱི་རྒྱབ་སྐྱོར་མ་རག་བར་དུ་ཅི་ཡང་མི་བྱེད།ཤ་མདངས་དབྱེ་འབྱེད་བྱེད་མཁན་གྱིས་ སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཐེབ ས་ཡོད་པ་རེད། མང་ཚོགས་ཀྱི་ བསམ་ཚུལ་དང་རྒྱབ་སྐྱོབ་མ་རག་བར་དུ་ཁོང་ཚོས་འགུལ་བསྐྱོད་ མི་བྱེད།   ཁོང་ཚོས་གསར་འགོད་བེད་སྤྱོད་བཏང་ཏེ་
མང་ཚོགས་ ཀྱི་བསམ་ཚུལ་དང་རྒྱབ་སྐྱོར་རག་ཐུབ་བྱེད།   ཁོང་ཚོས་ཤ་མདངས་ནག་པོའི་མི་་ལ་གཉའ་གན ོན་དང་དྲག་གནོན་བྱེད་སྐབས་ཁོང ་ཚོས་ག་རེ་བྱེད་ཀྱི་ཡོད་པ་རེད་ཞེ་ན།     ཁོང་ཚོས་སྡོམ་རྩིས་བྱས་ཏེ་ཤ་མདངས་ནག་པོ་སྤྱི་ཚོགས་ཁྲོད་དུ་ཉེས་པ་བསགས་མཁ ན་མང་པོ་ཡོད་པ་གསར་འགོད་པ་རྒྱུད་ནས་མང་ཚོགས་ ནང་དུ་ཁྱབ་སྤེལ་བྱེད་པ་དང༌།     ཤ་མདངས་ནག་པོ་སྤྱི་ཚོགས་ཁྲོད་དུ་ཉེས་ཅན་པ་མང་པོ་ཡོད་པ་མངོན་པར་བྱེད།

བྱེད་ཐབས་འདིས་ག་རེ་རེད་དམ (ལག་པ་བརྡབས།)དེ་ནི་ཤ་མདངས་དབྱེ་འབྱེད་བྱེད་མཁན་ཀྱིས་བྱེད་ཐབས་སྤྱད་དེ།   ཤ་མདངས་ནག་པོའི་མི་ཡི་སྤྱི་ཚོགས་ནང་དུ་ཉེས་ཅན་པ་མང་པོ་ཡོད་པ་མང་ཚོགས་ཁྲོད་བསྟན་ནས་ཁོང་ཚོ་ཤ་མདངས་དབྱེ་འབྱེད་བྱེད་མཁན་མིན་པར་བསམ་བཞིན་ཡོད་པ་རེད།    དོན་དེས་ཤ་མདངས་ནག་པོ་ཡིན་པའི་མིའི་སྤྱི་ཚོགས་ནི་ཉེས་ཅན་ཀྱི་སྤྱི་ཚོགས་ཞིན་ཡིན་པའི་སྣང་ཚུལ་སྤྲོད་ཀྱི་ཡོད།  ཁོང་ཚོས་མང་ཚོགས་ཁྲོད་སྣང་ཚུལ་དེ་སྤྲད་ནས། ཤ་མདངས་དཀར་པོ་ཡིན་པའི་མང་ཚོགས་ཀྱིས་མོས་མཐུན་བྱས་རྗེས་ཤ་མདངས་ནག་པོ་ཡིན་པའི་སྤྱི་ཚོགས་ཁྲོད་དུ་ཉེན་རྟོག་པའི་དཔུང་སྡེ་འཙུགས་ཏེ།   ཤ་མདངས་ནག་པོའི་མི་ལ་ཚད་ལས་འདས་པའི་དྲག་གནོན་བྱས་ཏེ་ང་ཚོའི་ཀླད་པ་གཏོར་གྱི་ཡོད་པ་རེད།  ཤ་མདངས་དཀར་པོའི་མི་ཡིས་ལས་དོན་འདི་ལྟར་བྱེད་ཐུབ་པ་ནི་ཁོང་ཚོས་ཤ་མདངས་ནག་པོའི་མི་ཚང་མ་ཉེས་ཅན་པ་ཡིན་པར་བསམ་ཀྱི་ཡོད་པ་རེད། དེ་ནི་གསར་འགོད་པའི་བྱེད་སྟངས་རེད། (ལག་པ་བརྡབས།)

མཁྱེན་རྩལ་འདི་ལ་ཚན་རིག་ཟེར་བ་དང༌། དེ་ནི་མི་ལ་འཆར་སྣང་བཟོ་མཁན་རེད། ཁོང་ཚོས་ཚན་རིག་གི་སྣང་ཚུལ་འདི་བརྒྱུད་ནས་ཁྱེད་ལ་དམ་དྲག་དང་བལྟ་རྟོག་བྱེད་ཀྱི་ཡོད་པ་དང༌། ཐ་ན་ཁོང་ཚོས་ཁྱེད་ལ་རང་ཉིད་ཀྱི་གྲུབ་ཆ་ངན་པ་ཡིན་པའི་སྣང་ཚུལ་་སྤྲད་དེ།  རང་གིས་རང་ལ་དམའ་འབེབ་དང་མཐོང་ཆུང་བྱེད་དུ་འཇུག་ངེས་རེད།ཤ་མདངས་ནག་པོའི་མི་ཁག་གཅིག་གིས་སྣང་ཚུལ་འདི་ཁ་རུ་ཟོས་ཏེ་ཁོག་ཏུ་མིད་ཡོད་པས་ཁོང་ཚོ་ཤ་མདངས་ནག་པོའི་མིའི་སྤྱི་ཚོགས་ཁྲོད་དུ་སྡོད་འདོད་ཡོད་པ་མ་རེད།(ལག་པ་བརྡབས།)

ཁོང་ཚོས་མཁྱེན་རྩལ་ཡོད་པའི་ངང་བེད་སྤྱོད་བྱེད་བཞིན་པའི་ཚན་རིག་དེས་ཕམ་ཁ་མྱོང་མཁན་ནི་ཉེས་ཅན་པ་ལྟ་བུ་བཟོ་བ་དང༌། དཔེར་ན། ཨ་རི་ནང་དུ་ཧར་ལེམ(Harlem) ཟིང་འཁྲུག་བྱུང་སྐབས།སྟབས་ལེགས་པ་ཞིག་ང་རང་སྐབས་དེར་ཨ་ཧྥེ་རི་ཁའི་ནང་དུ་ཡོད། (བགད་མོ་དགད།) སྐབས་དེར་གསར་འགོད་བརྒྱུད་ལམ་ཁག་བེད་སྤྱོད་བཏང་ཏེ་ཟིང་ཆའི་ནང་ཞུགས་མཁན་རྣམས་ཁྲམ་པ་དང༌།  ཉེས་ཅན་པ། རྐུན་མ་ནང་བཞིན་འགྲེལ་ བརྗོད་བྱས་ཡོད་པ་རེད།

སྐབས་དེར་ནོར་རྫས་མང་པོ་ཞིག་ལ་གཏོར་སྐྱོན་བཏང་ཡོད་པ་དངོས་གནས་ཡིན་མོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན། ཤ་མདངས་ནག་པོའི་མི་རྣམས་ལ་རང་ཉིད་ཀྱི་སྤྱི་ཚོགས་ནང་དུ་དཔལ་འབྱོར་ཀྱི་དབང་ཤུགས་མེད་པ་དང༌། ཤ་མདངས་ནག་པོའི་མི་ནི་རང་ཉིད་བསྡད་ཡོད་པའི་ཁང་པའི་བདག་པོ་མ་ཡིན།  ཁོང་ཚོ་བསྡད་ཡོད་པའི་ཁང་བརྩེགས་རྣམས་མི་གཞན་ཞིག་ལ་དབང་ཡོད།  ཁོང་ཚོ་ཁྲོད་དུ་ཡོད་པའི་ཚོང་ཁང་རྣམས་ཀྱང་མི་གཞན་ཞིག་ལ་དབང་གི་ཡོད་ལ།  ཁོང་ཚོའི་སྤྱི་ཚོགས་ནང་གི་ཡོད་ཚད་མི་གཞན་ཞིག་གིས་དབང་འཛིན་བྱེད་བཞིན་ཡོད་པ་རེད། ཁོང་ཚོ་ནི་ཁང་བརྩེགས་གནས་སྟངས་སྐྱོ་བོའི་ནང་དུ་བསྡད་དེ་ཁང་གླ་ཆེན་པོ་སྤྲོད་དགོས་པ་དང༌།(ལག་པ་བརྡབས།) བཅུད་མེད་པའི་ཟས་ལ་ཁོང་ཚོས་རིན་གོང་ཆེན་པོ་སྤྲད་ནས་ཉོ་དགོས་ཀྱི་ཡོད། ཁོང་ཚོ་ནི་ཕམ་ཁ་མྱོང་མཁན་ཞིག་ཡིན། དཔལ་འབྱོར་དང༌། ཆབ་སྲིད་གང་ཅིའི་ཐད་ལ་བཤུ་གཞོག་བྱས་ཏེ་ཕམ་ཁ་མྱོང་མཁན་དུ་གྱུར་ཡོད་པ་རེད། 

དེང་སྐབས་ཁོང་ཚོ་ཁོང་ཁྲོ་ལངས་ཏེ།  ཁོང་ཚོས་བྲང་ཁོག་ཏུ་སྟོབས་ཤུགས་ཀྱི་མེ་ལྕེ་འབར་བཞིན་ཡོད་པ་དེ་ཁོ་ཚོར་བཤུ་གཞོག་བྱེད་མཁན་གྱི་སྟེང་དུ་མཆེད་བཞིན་ཡོད་པ་རེད། ཡིནའང་ཁོང་ཚོར་བཤུ་གཞོག་བྱེད་མཁན་དེ་དག་ཁོང་ཚོའི་ཉེ་འགྲམ་དུ་བསྡད་ཡོད་པ་མ་རེད། མི་དེ་དག་ལ་ཁང་པ་དང༌། ཚོང་ཁང་གི་བདག་དབང་ཡོད་པ་རེད། དེར་བརྟེན་ཤ་མདངས་ནག་པོའི་མི་རྣམས་ཁོང་ཁྲོ་ལངས་སའི་མི་དེ་དག་གནས་དེར་བསྡད་མེད་ཙང༌། ཁོང་ཚོས་ནོར་རྫས་ལ་གཏོར་སྐྱོན་བཏང་བ་རེད། ཁོང་ཚོ་རྐུན་མ་མ་རེད།  ཁོང་ཚོས་ཁྱེད་ཀྱི་རིན་གོང་ཆུང་བའི་ནང་ཆས་དང་ཁ་ཟས་རྣམས་རྐུན་མ་རྒྱག་མི་སྲིད། ཁོང་ཚོ་དགོས་པ་ནི་ཁྱེད་རང་ཡིན་མོད། འོན་་ཀྱང་ཁྱེད་རང་གནས་དེར་བསྡད་ཡོད་པ་མ་རེད། (ལག་པ་བརྡབས།)

སྤྱི་ཚོགས་རིག་པ་པས་དངོས་དོན་ལ་ཞིབ་འཇུག་དང༌། དངོས་དོན་ཤེས་རྟོགས་ཡོང་རྒྱུའི་ཚབ་ཏུ་ཁོང་ཚོས་གནས་ཚུལ་ངོ་མ་ལ་རྫུན་མའི་ཡོལ་བས་སྒྲིབ་ཏེ།ཡང་བསྐྱར་གསར་འགོད་རྒྱུད་ལམ་ཁག་བེད་སྤྱོད་བཏང་ནས།  མི་རྣམས་རྐུན་མ་དང༌  ཁྲམ་པར་བཟོ་བཞིན་ཡོད་པ་རེད། ཁོང་ཚོ་རྐུན་མ་དང་ཁྲམ་པ་གཏན་ནས་མ་ཡིན། ཚོང་བ་དེ་དག་ནི་རྐུན་མ་རེད་ལ། གྲོང་ཁྱེར་གྱི་ཚོགས་ཁང་ནང་དུ་ཡོད་པའི་ཆབ་སྲིད་པ་དེ་དག་ནི་ཚོང་བ་དང་ས་བདག་རྣམས་ལ་ལག་སྤྲེལ་བྱེད་མཁན་གྱི་རྐུན་མ་རེད།(ལག་པ་བརྡབས།)

གསར་འགོད་པས་ཕམ་ཁ་མྱོང་མཁན་ནི་ཉེས་ཅན་པར་བཟོ་བཞིན་ཡོད་པའི་སྣང་ཚུལ་འདི་ས་གནས་རིམ་པར་ལག་བསྟར་བྱེད་བཞིན་ཡོད། གནད་དོན་འདིའི་སྐོར་ཁྱེད་ཀྱིས་རྒྱལ་སྤྱིའི་རིམ་པའི་དཔེར་མཚོན་ལ་བལྟས་ན་ཤེས་རྟོགས་བྱེད་སླ། རྒྱལ་སྤྱིའི་ནང་ཉེ་ཆར་བྱུང་བའི་དཔེ་མཚོན་ཡག་ཤོས་ཤིག་ནི་ཁན་སྒོ་(Congo) ནང་དུ་བྱུང་བའི་དོན་རྐྱེན་དེ་རེད  ཡིད་སྐྱོ་བའི་གནས་ཚུལ་དེ་ལ་བལྟས་དང༌། ཨ་ཧྥེ་རི་ཁའི་གྲོང་གསེབ་ ཁག་ལ་གནམ་གྲུའི་ནང་འབར་རྫས་གཡུགས་བཞིན་ཡོད་པ་རེད། ཨ་ཧྥེ་རི་ཁའི་གྲོང་གསེབ་ཁག་ལ་སྲུང་སྐྱོབ་ཀྱི་ནུས་པ་མེད་པ་ཤེས་བཞིན་དུ༌།  ཁོང་ཚོས་དགྲ་གྲོགས་དང༌།  ཕོ་མོའི་དབྱེ་བ་མེད་པར་གནམ་གྲུའི་ནང་ཨ་ཧྥེ་རི་ཁའི་གྲོང་གསེབ་ཁག་ནང་དུ་འབར་རྫས་གཡུགས་ཡོད་པ་རེད།  ཁོང་ཚོས་ཤ་མདངས་ནག་པོ་ཡིན་པའི་བུད་མེད་དང༌།  བྱིས་པའི་སྟེང་ལ་འབར་རྫས་གཡུགས་ཏེ་འགྲོ་བ་མི་འདི་དག་དུམ་བུར་གཏོར་ཡོད། ཤ་མདངས་ནག་པོའི་མི་སྟོང་ཕྲག་མང་པོའི་སྟེང་དུ་འབར་རྫས་གཡུགས་ཏེ་འདས་གྲོངས་སུ་གྱུར་ཡོད་པ་དེ་དག་གི་ཆེད་ངུ་སྐད་འདོན་གྱི་ཡོད་པ་ངས་གོ་མ་མྱོང་ལ།  ཁོང་ཚོའི་ཆེད་དུ་སྙིང་རྗེ་སྒོམ་མཁན་ཡོད་པའང་མཐོང་མ་མྱོང༌།(ལག་པ་བརྡབས།)

ག་རེ་བྱས་ནས་ཁོང་ཚོའི་ཆེད་དུ་ངུ་སྐད་འདོན་མཁན་མེད་པ་དང༌། ག་རེ་བྱས་ནས་དེའི་སྐོར་ལ་བསམ་བློ་གཏོང་མཁན་མེད་པ་རེད། རྒྱུ་མཚན་ནི་ཡང་བསྐྱར་གསར་འགོད་པས་མཁྱེན་རྩལ་དང་སྦྱངས་གོམས་ཡོད་པའི་ངང་ནས་ཕམ་ཁ་མྱོང་མཁན་རྣམས་ཉེས་ཅན་པ་ལྟ་བུར་བཟོས་ཡོད་པའི་རྐྱེན་གྱིས་རེད། (ལག་པ་བརྡབས།)

ཁྱེད་ཀྱིས་མཁྱེན་གསལ་བཞིན་ཁོང་ཚོས་གྲོང་གསེབ་དེ་དག་ལ “གྱེན་ལོག་པ” ཞེས་པའི་ཉེས་མིང་བཏགས་ཡོད་པ་རེད། དེ་རྒྱུ་མཚན་དུ་དྲངས་ནས་མི་གྲངས་མང་པོ་གཏོར་སྐྱོན་བཏང་ཡོད་པ་རེད།  ཁོང་ཚོས་འདས་གྲོངས་སུ་སོང་བའི་རྒྱལ་སྤྱིའི་ཚོང་པ་རྣམས་ལ”ཨ་རིས་སྦྱོང་བརྡར་སྤྲོད་པའི་ཁ་སུ་ཀྲི་རོ་(Castro)ལ་ངོ་རྒོལ་བྱེད་མཁན།    ཁོ་པན་(Cuban)གྱི་གནམ་གྲུའི་ཁ་ལོ་བ”ཞེས་པའི་མིང་བཏགས་ཏེ་ཁོང་ཚོས་བྱེད་སྟངས་འགྲིག་ཡོད་པར་བརྩིས་ཡོད་པ་རེད།  ཁྱེད་ཀྱི་མཁྱེན་གསལ་ལྟར་ཕྱི་རྒྱལ་གླས་དམག་དེ་དག་ནི་རྒྱལ་གཅེས་པ་ཞིག་ཡིན་མི་སྲིད།  གླས་དམག་དེ་དག་གིས་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་་བཅིངས་ནས་དམག་འཁྲུག་ནང་ཞུགས་པ་མ་ཡིན་པར།   ཁོང་ཚོ་མི་གསོད་རྒྱུར་གླས་པའི་དམག་མི་རེད།  ཁོང་ཚོས་མི་གསོད་ཏེ་ཟུངས་ཁྲག་དངུལ་སྒོར་ལ་བརྗེ་ཡོད།  ཁྱེད་ཀྱིས་འགྲོ་བ་མི་དེ་དག་ཁྱི་དང༌།  བྱི་མི། བྱ་ཏེ་ནང་བཞིན་ལས་སླ་བོར་དམར་གསོད་བཏང་ཡོད་པ་རེད།

དེར་བརྟེན། གླས་དམག་དེ་དག་གིས་ཨ་ཧྥེ་རི་ཁའི་གྲོང་གསེབ་ཁག་ནང་དུ་བསམ་བློ་ཅི་ཡང་མ་བཏང་པར་སྐྱོན་གྱིས་མ་གོས་པའི་མི་དང། སྲུང་སྐྱོབ་མེད་པའི་མི། བུད་མེད་དང་བྱིས་པའི་སྟེང་དུ་འབར་རྫས་གཡུགས་ཏེ་རྩ་གཏོར་བཏང་སྟེ།   ཁོང་ཚོར་ “གླས་དམག”ཞེས་པའི་གཟི་བརྗིད་ལྡན་པའི་མིང་བཏགས་ཡོད་པ་རེད། དེ་ནི་སེམས་ཀྱི་ཚོར་བའི་ངར་ཤུགས་བསྐྱེད་ཐུབ་པ་ཞིག་མ་རེད།  ཁོང་ཚོ་ “ཨ་རིས་སྦྱོང་བརྡར་སྤྲོད་པའི་གནམ་གྲུའི་ཁ་ལོ་བ་”ཞེས་པའི་མིང་བཏགས་ཏེ་ཁོང་ཚོའི་བྱེད་སྟངས་འགྲིག་པར་བརྩིས་ཡོད་པ་རེད།   རྒྱུ་མཚན་ནི་གླས་དམག་དེ་དག་ལ་ཨ་རིས་སྦྱོང་བརྡར་སྤྲད་ཡོད་པས་རྐྱེན་གྱིས་རེད། “ཁ་སུ་ཀྲི་རོ་(Castro)ལ་ངོ་རྒོལ་བྱེད་མཁན་གྱི་ ཁོ་པན་(Cuban)”ཞེས་པའི་མིང་བཏགས་ཏེ་ ཁོང་ཚོས་བྱེད་སྟངས་འགྲིག་པར་བརྩིས་ཡོད་པ༌།ཁོང་ཚོས་ཁྱེད་ཀྱི་ཀླད་པ་ཁུག་མའི་ནང་དུ་བཅུག་ཏེ་ཁོང་ཚོ་དགོས་མཁོ་ཡོད་ས་གང་སར་འཁྱེར་འགྲོ་གི་ཡོད་པ་རེད། 

ཁྱེད་ཀྱིེས་བལྟ་དགོས་པ་དང་ལན་འདེབས་དགོས་པ་ཞིག་ལ། ཨ་རིའི་གནམ་གྲུ་དང༌། ཨ་རིའི་འབར་རྫས་རྣམས། དེང་རབས་དམག་ཆས་ཡོད་པའི་ཨ་རིའི་གདུགས་མཆོངས་དམག་མིས་སྲུང་སྐྱོབ་བྱས་ཡོད་པ་རེད།    ཁྱེད་ཀྱིས་ཤེས་གསལ་ལྟར་ཁོང་ཚོས་དེ་ལ་དམག་མི་ཞེས་མི་བརྗོད་པར། ལྷོ་ཝེ་དུ་ནེམ་(South Vietnam) ནང་དུ་བྱུང་བ་ནང་བཞིན “སྲུང་སྐྱོབ་རུ་ཁག་”ཞེས་བརྗོད་ཀྱི་ཡོད།   དམག་
གྲངས་སྟོང་ཕྲག་ཉི་ཤུ་ཡོད་པ་དེ་དག་སྲུང་སྐྱོབ་རུ་ཁག་ཡིན་ནམ། དམག་མི་དེ་དག་གིས་མི་འབོར་ཆེན་དམར་གསོད་བཏང་ཏེ་ “མི་ཆོས་རིང་ལུགས་དང༌། ཡང་ན་རང་དབང༌།  བཅིངས་འགྲོལ་”ཞེས་པའི་མིང་བེད་སྤྱོད་བཏང་ཡོད་པ་རེད།  ཡིན་ནའང་ཁོང་ཚོས་མི་འབོར་ཆེན་དམར་གསོད་བཏང་ཡོད་པ་རེད།  ཁྱེད་དང་ངེད་གཉིས་ནི་དུས་རབས་འདིའི་ནང་རྩེ་མོ་སོན་ཡོད་པས་དོན་རྐྱེན་འདི་མཐོང་ཐུབ་ཀྱི་ཡོད་པ་རེད།     དེ་ནི་ཤ་མདངས་ནག་པོའི་ཡིན་པའི་མི་ལ་ཤ་མདངས་དཀར་པོ་ཡིན་པའིམི་ཡིས་བྱེད་ལས་རེད།

ཁོང་ཚོས་མི་གསོད་ལག་དམར་ཞིག་གླས་ཡོད་པ་དེའི་ཁོའི་མིང་ལ་མའོ་སེ་ཚམ་སྤེ་(Moise Tshombe)ཟེར་བ་དང་ །  ཁྱེད་རྣམ་པས་ ཁོང་གི་སྐོར་གོ་ཐོས་ཡོད་རྒྱུ་རེད། ཨ་ཞང་ཁྲོམ་ཚམ་སྤེ་(Uncle Tom Tshombe) (བགད་མོ་དགད་པ་དང་ལག་པ་བརྡབས)   ཁོང་གིས་དྲང་བདེན་ལ་དགའ་བའི་སྲིད་བློན་ཕ་ཁྲི་རི་ཟེ་ལི་མིན་བ(Patrice Lumumba) དམར་གསོད་བཏང་བ་རེད།(ལག་པ་བརྡབས)  

དེང་སྐབས་ཁོ་རང་རྒྱལ་སྤྱིའི་སྟེང་གི་ལག་དམར་བ་ཆགས་ཡོད་པ་དང༌། ཁོ་རང་ཁན་སྒོའི་(Congo)ནང་དུ་རྒྱལ་སྲིད་ལྷན་ཁང་གིས་གོ་གནས་སྤྲད་དེ་ཨ་རིའི་གཞུང་གིས་མི་གསོད་རྒྱུར་ཁོ་རང་གླས་ཡོད་པ་རེད།  ཁོང་རང་གིས་ ལས་ཁུངས་ནང་ལས་ཀ་འགོ་འཚུགས་བྱས་མ་ཐག་ཁོང་གིས་མི་གསོད་ལག་དམར་མང་པོ་ཞིག་ཨ་ཧྥེ་རི་ཁ་ལྷོ་མའི་(South Africa) ནང་ གླས་ཏེ་ཁོ་རང་ཉིད་ཀྱི་མི་མང་སྟེང་ལ་མེ་མདའ་རྒྱག་བཞིན་ཡོད་པ་རེད། ཨ་རི་སྣང་ཚུལ་དེ་ནི་ཕྱི་རྒྱལ་ལུང་བར་རྐུབ་བརྡོལ་ཡོད་པ་དེ་ཁྱེད་ཀྱིས་ཤེས་འདོད་ཡོད་པ་རེད།  ངས་བཤད་པའི་ཨ་རིའི་སྣང་ཚུལ་དེ་ནི་ཕྱི་རྒྱལ་ལུང་བར་རྐུབ་བརྡོལ་ཡོད་པ་རེད་ཞེས་པར་ཁྱེད་ཀྱིས་དོ་སྣང་གནང་རོགས།   

ཁོང་ཚོས་གསར་འགོད་རྒྱུད་དེ་ཁོང་ནི་ཁན་སྒོ་(Congo)གཅིག་སྒྲིལ་བྱེད་ཐུབ་མཁན་ཁོ་ན་ཡིན་པ་ལྟར་བཟོས་ཡོད །ལག་དམར་ཞིག་གིས་དེ་ལྟར་བྱེད་ཐུབ་བམ། ཁོང་ཚོས་གསར་འགོད་རྒྱུད་ལམ་ཁག་བེད་སྤྱོད་བཏང་ཏེ་ལག་དམར་དེ་མི་རྣམས་ཀྱིས་ དང་ལེན་བྱེད་དགོས་པ་བཟོས་པ་རེད། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་དཔུང་ཀོ་རི་ཡ་ (Korea)ཡོད་པར་ངོ་རྒོལ་བྱས་པའི་རྐྱེན་གྱིས་ཁོང ་ཚོས་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཁོངས་སུ་ འཛུལ་དུ་བཅུག་ཡོད་པ་མ་རེད།  ཚོམ་སྤི (Tshombe)ཡིས་ཁ་ཐ ན་སྒའི་ (Katanga)ནང་ དུ་ཡོད་ པའི་ མཉམ་ འབྲེལ་རྒྱལ་ ཚོགས་ཀྱི་དམག་དཔུང་ལ་ངོ་རྒོལ་བྱས་ཡོད་ན་འང་ཁོང་ལ་རོགས་དངུལ་སྤྲད་དེ་རྒྱབ་སྐྱོར་བྱས་ཡོད་པ་རེད། 

དེང་སྐབས་མི་ཚང་མས་ཁྱེད་ཀྱིས་བྱེད་སྟངས་མཐོང་ཐུབ་ཀྱི་ཡོད། ཁྱེད་ཀྱིས་གཡོ་སྒྱུའི་ཐབས་ཤེས་སྤྱད་དེ་འཛམ་གླིང་ཡོངས་ལ་ནད་མནར་ཅན་གྱི་ཡུལ་ལྗོངས་ཞིག་བཟོས་ཡོད་པ་རེད།  དེང་སྐབས་ཁྱེད་ཀྱི་གཡོ་སྒྱུའི་ཁུག་མ་སྟོང་བ་སྟོང་རྐྱང་ཆགས་ཡོད།  འཛམ་གླིང་ཡོངས་ཀྱིས་ཁྱེད་རང་གི་བྱེད་སྟངས་ཤེས་རྟོགས་བྱུང་ཡོད་པ་རེད། གསར་འགོད་པས་ཤ་མདངས་དཀར་པོའི་མིའི་སྤྱི་ཚོགས་ཁྲོད་དུ་སྨྱོ་འབག་གི་ལྕགས་ཚན་གྱིས་བྲབས་ཏེ་ཤ་མདངས་དཀར་པོའི་མིའི་གདུང་སེམས་རག་ཐབས་བྱས་པ་དང༌།  ཨ་རིའི་གཞུང་གིས་ཉེས་ཅན་གྱི་བྱེད་ལས་གང་ཞིག་ཡིན་ཡང་གྲ་སྒྲིག་ཟིན་མཚམས་ཤ་མདངས་དཀར་པོའི་མིའི་མང་ཚོགས་ཀྱི་རྒྱབ་སྐྱོར་རག་ཐབས་བྱས་ཡོད་པ་རེད།

དྲན་དགོས་པ་ཞིག་ལ་ཨ་ཧྥེ་རི་ཁ་ཚོས་མི་ “གཏའ་མ་”ཉར་ཡོད་པ་ལ་” “ཤ་མདངས་དཀར་པོའི་མི་གཏའ་མ་”ཉར་ཡོད་པ་རེད་ཞེས་དང༌།  ཁྱེད་ཀྱིས་ཁན་སྒོའི་(Congo)ནང་དུ་ “མི་ཤ་ཟ་མཁན་”ཀྱིས་“ཤ་མདངས་དཀར་པོའི་ མི་གཏའ་མ་”ཉར་ཡོད་པ་རེད་ཟེར་གྱི་ཡོད་པ་རེད། ཤ་མདངས་དཀར་པོའི་མི “གཏའ་མ་”ཉར་བ་དང་ཤ་མདངས་ནག་པོའི་མི་ “གཏའ་མ་”ཉར་བ་ལ་ཁྱད་པར་ག་རེ་ཡོད་པ་རེད་དམ། ཤ་མདངས་ནག་པོའི་མི་དང་ཤ་མདངས་དཀར་པོའི་མི་གཉིས་ཀྱི་མི་ཚེ་ལ་ཁྱད་པར་ག་རེ་ཡོད་པ་རེད་དམ།  ཁྱེད་ཀྱིས་དེ་གཉིས་ལ་ཁྱད་པར་ཡོད་པ་རེད་བསམ་གྱི་ཡོད།  རྒྱུ་མཚན་ནི་གསར་འགོད་པས་དེ་ལ་བདེན་དཔང་བྱེད་ཐུབ། ཤ་མདངས་དཀར་པོའི་མི་བཅུ་དགུ་ “གཏའ་མ་”ཉར་ཡོད་པ་དེས་ཁྱེད་ཀྱི་ སྙིང་ཁོངས་སུ་སྡུག་བསྔལ་བཟོས་ཡོད་པ་རེད། (དགད་མོ་བགད་པ་དང་ལག་པ་བརྡབས།)

ཤ་མདངས་ནག་པོའི་མིའི་སྟེང་དུ་འབར་རྫས་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་གཡུགས་སྐབས་ཁྱེད་ཀྱིས་ཅི་ཡང་བརྗོད་མེད་ལ། ཅི་ཡང་བྱས་མེད། ཤ་མདངས་དཀར་པོའི་མི་ཁ་ཤས་ལ་དཀའ་ངལ་འཕྲད་མ་ཐག་དེ་ལ་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང༌། (དགད་མོ་བགད་པ་དང་ལག་པ་བརྡབས) ཁོང་ཚོའི་དེའི་སྐོར་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

ཁན་སྒོའི་(Congo) ནང་དུ་ གླས་དམག་དང་གནམ་གྲུའི་ཁ་ལོ་བས་འབར་རྫས་གཡུ གས་སྐབས་ང་རང་ཨ་ཧྥེ་རི་ཁར་ཡོད། དོན་རྐྱེན་དེའི་སྐོར་ལ་ནུབ་ཕྱོགས་ཀྱྀ་གསར་ཤོག་ཁག་ནང་གླེང་སློང་ཙ མ་ཡང་བྱས་ཡོད་པ་མ་རེད། ག ལ་ཏེ་གླེང་སློང་བྱས་ཡོད་ཚེ་གསར་ཤོག་གི་གྲུ་ཟུར་ཞིག་ཏུ་བཀོད་ཡོད་པས་དེ་རྙེད་པ་ལ་ཆེ་མཐོང་མིག་ཤེལ་གོན་ནས་བཙལ་དགོས་པ་རེད།

སྐབས་དེར་ཨ་ཧྥེ་རི་ཁའི་སྤུན་ཟླ་རྣམས་ཀྱིས་མི་“གཏའ་མ་”ཉར་ཡོད་པ་རེད། དེ་ནི་ཁོང་ཚོས་གནམ་གྲུའི་ནང་དུ་འབར་རྫས་གཡུགས་བཞིན་ཡོད་པ་ཤེས་རྟོགས་བྱུང་རྗེས་མི་“གཏའ་མ་”འཁྱེར་བ་རེད།    ཁོང་ཚོས་མི་དེ་དག་གྲོང་གསེབ་ཁག་ནང་དུ་ཁྲིད་དེ་ཁྱེད་ཀྱིས་འབར་རྫས་གཡུགས་ན་ཁྱེད་རང་ཉིད་ཀྱི་མིའི་སྟེང་དུ་འབར་རྫས་གཡུགས་པ་རེད་ཞེས་ཁྱེད་ཚོར་ཉེན་བརྡ་བཏང་བ་རེད།  ཁོང་ཚོ་དམག་འཁྲུག་ཁྲོད་དུ་ཡོད་པས་དེ་ནི་དམག་འཁྲུག་གི་གྲབས་སྦྱོང་རེད།  ཁོང་ཚོས་མི་“གཏའ་མ་”འཁྱེར་བ་ནི་གླས་དམག་ཚོས་མི་འབོར་ཆེན་དམར་གསོད་བཏོང་བཞིན་ཡོད་པ་དེ་ལ་འགོག་རྒོལ་བྱེད་ཆེད་ཡིན་་པ་ལས། ཁོང་ཚོ་མི་ཤ་ཟ་མཁན་དང་ཁྱེད་ཚོའི་ཤ་ལ་བྲོ་བ་ཞིམ་པོ་ཡོད་ཙང་ “གཏའ་མ་”ཉར་ཡོད་པ་མ་རེད། ཡི་ཤུའི་ཆོས་ལུགས་སྤེལ་མཁན་མང་པ་ཞིག་གནས་དེར་སླེབས་ནས་ལོ་ངོ་བཞི་བཅུ་ཕྱིན་ཡོད་ཀྱང་ཁོང་ཚོ་ཟས་ཡོད་པ་མ་རེད། (དགད་མོ་བགད་པ་དང་ལག་པ་བརྡབས) ཁོང་ཚོ་མི་ཤ་ཟ་མཁན་ཡིན་ཚེ་མི་དེ་དག་ལོ་ན་གཞོན་དུས་དང་ཤ་སྙི་མོ་ཡིན་དུས་ཟ་ངེས་རེད།  (དགད་མོ་བགད་པ་དང་ལག་པ་བརྡབས) བྱ་ཏེ་ཡིན་ཀྱང་རྒན་འཁོགས་ཀྱི་ཤ་མཁྲེགས་པོ་ཡིན་པ་དང་གྲོད་ཁོག་ནང་དུ་འཇུ་ཁག་པོ་ཡོད་པ་རེད།

ཁྱེད་ཚོས་ནུས་པ་བེད་སྤྱོད་བཏང་ཏེ་སྣང་ཚུལ་གསར་བ་ཞིག་བཟོས་ཡོད་པ་དང༌།  སྣང་ཚུལ་དེ་བེད་སྤྱད་བཏང་ནས་མི་རྣམས་ལམ་ལོག་ཏུ་ཁྲིད་ཡོད།  མི་རྣམས་མགོ་འཐོམ་ཏུ་བཅུག་ཏེ་བདེན་པ་ནོར་འཁྲུལ་དང༌།  ནོར་འཁྲུལ་བདེན་པར་བཟོས་ཏེ་མི་རྣམས་ཀྱི་བསམ་བློའི་ནང་དུ་ཕམ་ཁ་མྱོང་མཁན་ཉེས་ཅན་པ་ལྟ་བུ་ཆགས་ཡོད་པ་རེད། ངས་གསལ་སྟོན་བྱས་པ་བཞིན།  ཁྱེད་ཀྱིས་ཨ་རིའི་ནང་གི་ཤ་མདངས་ནག་པོའི་མི་འདི་དག་ག་རེའི་དོན་དུ་འདིར་བསྡད་ཡོད་པ་རེད་དམ།  རེ་ཆེ་སུ་ཐི་(Rochester) རུ་ཤ་མདངས་དཀར་པོའི་མི་དང་ནག་པོའི་བར་གྱི་འབྲེལ་བའི་ཐད་ལ་ག་རེ་བྱེད་དགོས་པ་རེད་དམ།  ཞེས་བརྗོད་སྲིད་ངེས་ཡིན།

ཁྱེད་རང་གིས་མཁྱེན་དགོས་པ་ཞིག་ལ།  ༡༩༥༩ལོ་བར་དུ་ཨ་ཧྥེ་རི་ཁའི་གླིང་ཆེན་ལ་འཛིན་པའི་སྣང་ཚུལ་དེ་ཨ་ཧྥེ་རི་ཁའི་དགྲ་བོ་རྣམས་ཀྱིས་བཟོས་པ་རེད། གླིང་ཆེན་དེ་ཡོ་རོབ་ཀྱིས་དབང་བསྒྱུར་བྱས་ཡོད་པ་དང༌།  ཁོང་ཚོས་ཨ་ཧྥེརི་ཁ་ལ་ལྡོག་ཕྱོགས་སམ་མི་ལེགས་པའི་སྣང་ཚུལ་བཟོས་ཏེ་ཕྱི་ཕྱོགས་ལ་འཆར་གཞི་ཡོད་པའི་ངང་དར་སྤེལ་བཏང་ཡོད། ཁོང་ཚོས་ང་ཚོ་ལ་ཨ་ཧྥེ་རི་ཁ་ནི་ནགས་ཚལ་དང་དུད་འགྲོ༌། མི་ཤ་ཟ་མཁན་གྱི་ཀླ་ཀློའི་ས་ཆ་ཞིག་ཡིན་པའི་སྣང་ཚུལ་སྤྲད་ཡོད་པ་རེད། ཁོང་ཚོས་འཆར་གཞི་ཡོད་པའི་ངང་ཨ་ཧྥེ་རི་ཁ་བ་ལ་ལྡོག་ཕྱོགས་སམ་མི་ལེགས་པའི་སྣང་ཚུལ་གསར་བསྐྲུན་བྱས་པའི་ལས་ཀ་ལེགས་གྲུབ་བྱུང་སྟེ།    ང་ཚོ་ནུབ་ཕྱོགས་སུ་ཡོད་པའི་ཨ་ཧྥེ་རི་ཁ་རྣམས་ཀྱིས་ཨ་ཧྥེ་རི་ཁ་ནི་སྡང་སེམས་སྐྱེས་སའི་ས་ཆ་ཞིག་ཡིན་པར་བསམ་གྱི་ཡོད་པ་རེད། ང་ཚོས་ཨ་ཧྥེ་རི་ཁའི་མི་རྣམས་ནི་སྡང་སེམས་སྐྱེས་སའི་བྲན་གཡོག་དང༌། ཁོང་ཚོའི་སྐོར་ལ་གླེང་མོལ་བྱེད་སྐབས་ང་ཚོས་ཉན་འདོད་པ་བཟོས་ཡོད་པ་རེད།

རྒྱུ་མཚན་ནི། གཉའ་གནོན་བྱེད་མཁན་ཀྱིས་འཆར་གཞི་ཡོད་པའི་སྒོ་ནས་མི་གཞན་ཞིག་ལ་སྡང་སེམས་སྐྱེས་རུ་འཇུག་ཆེད། དང་པོ་ཡན་ལག་ལ་མི་དགའ་བ་བཟོ་དགོས་པ་ཤེས་རྟོགས་བྱུང་ཡོད་པ་རེད།  ང་ཚོ་ཚང་མ་ཨ་ཧྥེ་རི་ཁའི་རུས་རྒྱུད་ཡོད་པས་ཁྱེད་ཀྱིས་དང་ཐོག་ང་ཚོ་རང་ཉིད་ལ་མི་དགའ་བ་བཟོས་ཚེ།  ཨ་ཧྥེ་རི་ཁ་ལ་མི་དགའ་བའམ་སྡང་སེམས་སྐྱེས་པ་བཟོ་ཐུབ། ཁྱེད་ཀྱིས་མཁྱེན་རྩལ་ཡོད་པའི་ངང་དེ་ལྟར་བཟོས་ཡོད་པ་རེད།

དེའི་མཇུག་འབྲས་ག་རེ་རེད་ཟེར་ན། ང་ཚོ་ཨ་རིའི་ནང་དུ་ཡོད་པའི་ཤ་མདངས་ནག་པོའི་མི་ས་ཡ ༢༢ ཚང་མ་རང་ཉིད་ལ་མ་དགའ་བ་ཡིན་ན།  དེ་ནི་ཨ་ཧྥེ་རི་ཁར་མ་དགའ་བ་རེད། ང་ཚོ་ཨ་ཧྥེ་རི་ཁའི་གཤིས་སྤྱོད་ལ་མི་དགའ་བ་དང༌།  རང་ཉིད་ཀྱི་སྐྲ། སྣ།  མཆུ་བཅས་ཀྱི་དབྱིབས་དང༌།  ཤ་མདོག་ལ་མི་དགའ་བ་ཆགས་ཡོད་པ་རེད། དེ་ནི་ཁྱེད་ཀྱིས་ང་ཚོ་ལ་རང་ཉིད་ལ་མི་དགའ་བའམ་སྡང་སེམས་འཛིན་
དགོས་པ་བསླབ་ཏེ། ང་ཚོའི་ཡབ་མྱེས་ཀྱི་གླིང་ཆེན་སྟེང་དུ་ཡོད་པའི་མི་རྣམས་ལ་སྡང་སེམས་འཛིན་དགོས་པ་བསླབ་ཡོད་པ་རེད།  

ང་ཚོ་མི་དེ་དག་ལ་མ་དགའ་བའམ་སྡང་སེམས་སྐྱེས་པ་ཡིན་ན། ང་ཚོ་རང་ཉིད་ལ་མ་དགའ་བའམ་སྡང་སེམས་སྐྱེས་པ་ཡིན་ལ། ང་ཚོ་ཁོང་ཚོའི་གཟུགས་དབྱིབས་ལ་མ་དགའ་ཡིན་ན་རང་ཉིད་ཀྱི་གཟུགས་དབྱིབས་ལ་མ་དགའ་བ་རེད། ཁྱེད་ཀྱིས་ང་ཚོརརང་ཉིད་ལ་མི་དགའ་བ་དང་སྡང་སེམས་འཛིན་དགོས་པའི་བསམ་ཚུལ་བསླབ་ཡོད་པ་རེད། དེང་སྐབས་ཁྱེད་ཀྱིས་བློ་ཁོག་ཆེན་པོའི་ངང་ང་ཚོས་ཁྱེད་ལ་སྡང་སེམས་འཛིན་གྱི་འདུག་ཞེས་ལེ་འདེད་བྱེད་ཀྱི་ཡོད་པ་རེད།  རྒྱུ་མཚན་ནི་ཁྱེད་ཀྱིས་ང་ཚོའི་སྐེ་ལ་གྱོན་པའི་ཐག་པ་དེ་ལ་ང་ཚོས་མ་དགའ་བའམ་སྡང་སེམས་འཛིན་གྱི་ཡོད་པས་རྐྱེན་གྱིས་རེད།

ཁྱེད་ཀྱིས་མི་ཞིག་ལ་ལྷ་ཡིས་གནང་བའི་མཆུ་ཏོ་དང༌།སྣ། སྐྲ། ཤ་མདོག་སོགས་ལ་སྡང་སེམས་འཛིན་དགོས་པ་བསླབ་ཚེ་ཁྱེད་ཀྱིས་ཉེས་པ་སྡུག་ཤོས་དེ་བསགས་པ་རེད དེ་ནི་ཁྱེད་ཀྱིས་བསགས་པའི་ཉེས་པ་རེད། ང་ཚོའི་ཤ་མདོག་དང༌  ཨ་ཧྥེ་རི་ཁའི་ཟུངས་ཁྲག་ནི་སེམས་ཁམས་ཀྱི་ལྕགས་སྒྲོག་དང་བཙོན་ཁང་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་ནི་ང་ཚོས་དེ་ལ་ངོ་ཚར་བརྩི་ཀྱི་ཡོད་པ་རེད།  ང་ཚོའི་ཤ་མདོག་ནག་པོ་ཡིན་པ་དང༌། ང་ཚོའི་ཁྲག་རྩའི་ནང་ཨ་ཧྥེ་རི་ཁའི་ཟུངས་ཁྲག་ཡོད་པས་ང་ཚོ་རྒྱ་རྙིས་བཟུང་ཡོད་པའི་ཚོར་སྣང་ཡོད་པ་རེད། འདི་ནི་ཁྱེད་ཀྱིས་ང་ཚོ་བཅུག་ཡོད་པའི་བཙོན་ཁང་དེ་རེད། ཁྱེད་ཀྱིས་ང་ཚོ་འདིར་ཁྲིད་ཡོང་བ་མ་ཟད།   ང་ཚོའི་ཕ་ཡུལ་དང་གླིང་ཆེན་དེའི་ནང་ཡོད་པའི་མི་རྣམས་ལ་མ་དགའ་བའམ་སྡང་སེམས་འཛིན་དགོས་པའི་སྣང་ཚུལ་གསར་བསྐྲུན་བྱས་ཡོད་པ་དེ་ནི་ང་ཚོ་ལ་བཙོན་ཁང་གི་ལྕགས་སྒྲོག་རེད། 

དེ་ནི་འཇིག་རྟེན་ཆགས་པ་ནས་བཟུང་དཔལ་ཡོན་ལྡན་པའི་མི་རིགས་དང་རྒྱལ་ཁབ་དུ་འབོད་པའི་ཁྱེད་ཅག་གིས་བྲན་གཡོག་སྡུག་ཤོས་དེ་གསར་གཏོད་བྱས་པ་རེད།དེའི་མཇུག་འབྲས་ནི་དེང་སྐབས་ཀྱང་ཨ་རིའི་ནང་དུ་ཡོད་པའི་ང་ཚོའི་མིའི་ཁྲོད་དུ་མཐོང་ཐུབ་ངེས་རེད།དེ་ནི་ང་ཚོ་ཨ་ཧྥེ་རི་ཁའི་ཟུངས་ཁྲག་ལ་སྡང་སེམས་སྐྱེས་ཡོད་པ་རེད། ང་ཚོ་ནི་སྐྱོན་ཆ་ཅན་ཞིག་དང༌།ད མན་པ། སྤུས་ཀ་ཞན་པ། རེ་བ་མེད་པ་ཞིག་ཡིན་པའི་ཚོར་སྣང་ཡོད་པ་དང༌། ང་ཚོའི་གནས་སྟངས་སྐྱོ་བ་འདིའི་ནང་ང་ཚོས་རང་ཉིད་ཆེད་དུ་ལས་ཀ་བྱེད་ཀྱི་མེད་པ་རེད། ང་ཚོས་ཁྱེད་ཀྱི་རོགས་སྐྱོར་རེ་འབོད་ཞུ་དུས་ཁྱེད་ཀྱིས་ང་ཚོར་རོགས་རམ་བྱས་མེད་ལ།    ང་ཚོས་ཁྱེད་ལ་སློབ་སྟོན་གྱི་རེ་བ་ཞུས་དུས་ཁྱེད་ཀྱིས་ང་ཚོ་ལ་ནོར་འཁྲུལ་ཅན་གྱི་སློབ་སྟོན་གནང་ཡོད་པ་རེད། 

ཡིན་ནའང༌། གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་རེད།  ༡༩༥༥ ལོར་ཨན་རྡུ་ནེ་ཞེས་ཡའི་(Indonesia) པན་དུང་ (Bandung)ས་ཁུལ་དུ་ཤ་མདོག་ནག་སྨུག་ཡིན་པའི་མི་རྣམས་ཚོགས་འདུ་ཚོགས་ཏེ། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་མི་རྣམས་དུས་རབས་འདིའི་ནང་ཐེངས་དང་པོ་ལྷན་འཛོམས་བྱུང་ཡོད། ཁོང་ཚོར་རྡུལ་ཕྲན་མཚོན་ཆ་དང༌།མཁའ་དམག  མཚོ་དམག་ཡོད་པ་མ་རེད། ཁོང་ཚོས་དཀའ་ངལ་ཆེ་བའི་གནས་སྟངས་སྐོར་ལ་གླེང་མོལ་གནང་སྟེ།  ཁོང་ཚོར་ཐུན་མོང་གི་གཉའ་གནོན་དང༌།བཤུ་གཞོག སྡུག་བསྔལ་ཡོད་པ་ཤེས་ཡོད་པ་མ་ཟད། ཁོང་ཚོར་ཐུན་མོང་གི་གཉའ་གནོན་གཏོང་མཁན་དང༌། བཤུ་གཞོག་བྱེད་མཁན་ཡོད་པ་ཡང་ཤེས་རྟོགས་བྱུང་ཡོད་པ་རེད།  

གལ་ཏེ་སྤུན་ཟླ་ཞིག་ཁན་ཡ་ (Kenya) ནས་ཡོང་སྟེ་ཁོང་ལ་གཉའ་གནོན་བྱེད་མཁན་དབྱིན་ཇུའི་མི་ཡིན་ཟེར་བ་དང༌། སྤུན་ཟླ་གཞན་ཞིག་ཁན་སྒོ་ (Congo) ནས་ཡོང་སྟེ་ཁོང་ལ་གཉའ་གནོན་བྱེད་མཁན་སྤེ་འཇམ་གྱི་ (Belgian) མི་ཡིན་ཟེར་བ། སྤུན་ཟླ་གཞན་ཞིག་དགེ་ནེ་ཡ་ (Guinea) ནས་ཡོང་སྟེ་ཁོང་ལ་གཉའ་གནོན་བྱེད་མཁན་ཧྥ་རན་སིའི་མི་ཟེར་ངེས་རེད།  ཡིན་ནའང་ཁྱེད་གཉའ་གནོན་བྱེད་མཁན་ཚང་མ་ཕྱོགས་བསྡོམས་བྱས་ཚེ་ཁོང་ཚོར་ཐུན་མོང་གི་མཐུན་ཕྱོགས་གཅིག་ཡོད་པ་ནི་ཁོང་ཚོ་ཚང་མ་ཡོ་རོབ་ (Europe) ནས་རེད། ཡོ་རོབ་ཀྱིས་ཨ་ཧྥེ་རི་ཁ་དང་ཨེ་ཤ་ཡའི་མི་ལ་གཉའ་གནོན་བྱེད་བཞིན་ཡོད་པ་རེད།  

ང་ཚོ་ལ་ཐུན་མོང་གི་གཉའ་གནོན་དང་བཤུ་གཞོག་བྱེད་མཁན་ཡོད་དུས། ང་ཚོ་ལ་ཐུན་མོང་གི་སྡུག་བསྔལ་དང་སྐྱོ་སེམས།ཐུན་མོང་གི་དཀའ་ངལ་ཡོད་པས་ང་ཚོའི་མི་རྣམས་ལྷན་འཛོམསཀྱི་འགོ་ཚུགས་ཏེ།    པང་དུང་ (Bandung) གི་ཚོགས་འདུའི་སྟེང་ང་ཚོའི་བར་ལ་མི་འདྲ་ས་ཡོད་ པ་བརྗེད་དགོས་པའི་དུས་སུ་སླེབས་ཡོད་པ་བློ་ཐག་ཆད་པ་རེད། ང་ཚོ་སྟེ།  སངས་རྒྱས་ཆོས་ལུགས་དང༌།  ཧིན་རྡུའི་ཆོས་ལུགས།ཡི་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས། སྤྱི་ཚོགས་རིང་ལུགས། མ་རྩ་རིང་ལུགས། གུང་ཁྲན་རིང་ལུགས་སོགས་ང་ཚོའི་བར་དུ་མི་འདྲ་ས་ཡོད་ནའང༌།ཁོང་ཚོ་ཚང་མས་པང་དུང་ (Bandung) གི་ཚོགས་འདུའི་སྟེང་བསམ་བློའི་སྙིང་སྟོབས་ལ་མོས་མཐུན་བྱུང་ཡོད ། དེ་ནས་བཟུང་ང་ ཚོའི་བར་ཀྱི་མི་ འདྲ་ས་རྣམས་སྣང་མེད་དུ་བཞག་ཏེ། ང་ཚོའི་བར་གྱི་འདྲ་སའི་ཐད་ལ་དོ་སྣང་སླེབས་ཡོད་པ་རེད།  

པང་དུང་ (Bandung) གི་བསམ་བློའི་སྟོབས་ཤུགས་དེས་མི་རིགས་རིང་ལུགས་དང༌། རྒྱལ་ཁབ་རང་བཙན་བྱེད་རྒྱུའི་མེ་ལྕེ་ཐོག་མ་དེ་ཨ་ཧྥེ་རི་ཁ་དང་ཨེ་ཤ་ཡའི་ནང་སྤར་བ་མ་ཟད།  སྤྱི་ལོ་ ༡༩༥༥ ལོ་ནས་༡༩༦༠ ལོའི་བར་ཨ་ཧྥེ་རི་ཁའི་ནང་དུ་རྒྱལ་ཁབ་རང་བཙན་བྱེད་རྒྱུའི་མེ་ལྕེ་དྲག་ཏུ་འབར་ཏེ་ལམ་ཁར་ཡོད་པའི་ཚེར་མ་ཡོད་ཚད་མེར་བསྲེགས་བཏང་ཡོད་པ་རེད། བསམ་བློའི་སྟོབས་ཤུགས་དེ་ཨ་ཧྥེ་རི་ཁའི་གླིང་ཆེན་གཅིག་པུའི་ནང་དུ་མ་བསྡད་པར་ཨ་ཧྥེ་རི་ཁའི་གླིང་ཆེན་དང་ཁ་བྲལ་ཏེ་ལོ་ངོ་ ༤༠༠ ལྷག་འགོར་བའི་ནུབ་ཕྱོགས་སུ་ཡོད་པའི་ཤ་མདངས་ནག་པོའི་མི་རྣམས་ཀྱི་སྙིང་ཁོངས་དང༌། བླ་སྲོག་ཁྲོད་དུ་འཛུལ་བ་དང༌།   ཨ་ཧྥེ་རི་ཁའི་གླིང་ཆེན་ནང་དུ་མི་རྣམས་ལ་འདོད་འདུན་ཤུགས་ཆེན་ཡོད་པ་དེ་ཨ་རིའི་བྱང་ཕྱོགས་དང༌། དཀྱིལ། ལྷོ་ཕྱོགས་གང་སར་ཡོད་པའི་ཤ་མདངས་ནག་པོའི་མི་རྣམས་ཀྱི་སྙིང་ཁམས་དང༌།  བླ་སྲོག་ཁྲོད་ནས་རྒྱས་ཏེ། ང་ཚོའི་བར་ལ་རྒྱ་མཚོས་བཅད་ཡོད་ཀྱང་ང་ཚོ་ཚང་མ་སྙིང་གི་འཕར་སྒྲ་གཅིག་གིས་མདུན་བསྐྱོད་བྱེད་དགོས་པའི་སྐུལ་མ་བྱས་ཡོད་པ་རེད།

ཨ་ཧྥེ་རི་ཁའི་གླིང་ཆེན་ནང་དུ་གནའ་གཉོན་བྱེད་མཁན་གྱི་བླ་སྲོག་ཉམས་རྒུད་དུ་ཕྱིན་ཏེ། མི་སེར་སྤེལ་མཁན་གྱི་དབང་ཤུགས་གནས་མི་ཐུབ་པར་གྱུར་ཡོད་པ་རེད།  ཁན་ཡ(Kenya)ནེ་རྗེ་རི་ཡ། (Nigeria) ཐན་གན་ཡི་ཀ (Tanganyika) ཟན་ཟི་སྦར (Zanzibar)  སོགས་ཀྱི་ནང་དུ་དབྱིན་ཇུ་ལ་དཀའ་ངལ་འཕྲད་ཡོད་པ་དང༌།  ཨོ་རྗེ་རི་ཡ་ (Algeria)ཐེ་བའི་ཨ་ཧྥེ་རི་ཁའི་བྱང་ ཕྱོགས་སུ་ཧྥ་རན་སི་ལ་དཀའ་ངལ་འཕྲད་ཡོད། ཁན་སྒོའི་(Congo)ནང་དུ་སྤེལ་འཇེམ་གྱི་མི་(Belgians)གནས་སྡོད་བྱེད་མི་ཆོག་པ་བཟོས་ཡོད་པ་རེད། ཨ་ཧྥེ་རི་ཁའི་ནང་དུ་སྤྱི་ལོ་ ༡༩༥༥འམ༥༥  ནས་འགོ་ཚུགས་ཏེ། ༡༩༥༩  ལོའི་བར་བསམ་བློའི་སྟོབས་ཤུགས་ཀྱི་མེ་ལྕེ་འབར་བས་གཉའ་གནོན་བྱེད་མཁན་རྣམས་གླིང་ཆེན་འདིའི་ནང་སྡོད་ཐུབ་ཡོད་པ་མ་རེད།

དེ་ནི་ཁོང་ཚོ་འགྲོ་འདོད་ཡོད་ནས་ཕྱིན་པ་མ་ཡིན་ལ།གློ་བུར་དུ་ཁོང་ཚོ་བྱམས་སྙིང་རྗེ་ཅན་དུ་གྱུར་བ་མ་རེད། ཁོང་ཚོ་ལ་དགོས་པའི་ཤ་མདངས་ནག་པོའི་མིའི་ས་ཁུལ་གྱི་རང་བྱུང་ཐོན་ཁུངས་རྫོགས་པ་ཡང་མ་ཡིན། དེ་ནི་རང་བཙན་གྱི་བླ་སྲོག་དེ་ཤ་མདངས་ནག་པོའི་མི་རྣམས་ཀྱི་སྙིང་ཁོངས་སུ་རྒྱས་ཏེ། ཁོང་ཚོ་ལ་མུ་མཐུད་དུ་བཤུ་གཞོག་དང༌།གཉའ་གནོན་བྱེད་དུ་བཅུག་ཡོད་པ་མ་རེད།ཡིན་ནའང་མི་སེར་སྤེལ་བའི་དབང་ཤུགས་དེ་ད་དུང་ཡང་ཨ་ཧྥེ་རི་ཁའི་གླིང་ཆེན་ནང་དུ་གནས་ཡོད།  དེ་ནི་ལག་རྩེད་སྤོ་ལོ་རྩེད་པའི་སྐབས་སུ་མི་ཞིག་གིས་སྤོ་ལོ་ཕར་གཡུགས་པ་ཡིན་ནའང་དེ་ནི་ཁོང་དང་རུ་ཁག་གཅིག་པའི་མི་ཞིག་གནས་སྟངས་ལེགས་སར་སྡད་ཡོད་པ་དེར་གཡུགས་པ་རེད། སྤེར་མཇེམ་དང༌། ཧྥ་རན་སི། དབྱིན་ཇུའི་སོགས་ཀྱི་མི་སེར་སྤེལ་བའི་དབང་ཤུགས་ཉམས་མ་ཐག་ཁོང་ཚོས་རྒྱལ་ཁབ་གཞན་ཞིག་གནས་སྟངས་ལེགས་སརཡོད་པ་དེ་ཨ་རི་ཡིན་པ་ཤེས་རྟོགས་བྱུང༌།དེ་བས་ཁོང་ཚོས་སྤོ་ལོ་དེ་ཨ་རིའི་ལག་པར་གཡུགས་པ་དང༌། ཨ་རིའི་གཞུང་གིས་སྤོ་ལོ་དེ་ལག་ཏུ་བཟུང་མ་ཐག་སྨྱོན་པ་ལྟར་ཤར་རྒྱུག་ནུབ་རྒྱུག་བྱེད་བཞིན་ཡོད་པ་རེད།(དགད་མོ་བགད་པ་དང་ལག་པ་བརྡབས།)

ཨ་རིའི་སྤོ་ལོ་དེ་ལག་ཏུ་བཟུང་རྗེས་དཀའ་ངལ་ཞིག་གདོང་གཏུགས་སུ་ཡོད་པ་ཤེས་རྟོགས་བྱུང༌། དེ་ནི་ཨ་ཧྥེ་རེ་ཁ་བ་རྣམས་གཉིད་ལས་སད་དེ་འཇིགས་སྣང་མེད་པར་གྱུར་ཡོད་པ་དེ་རེད། ཨ་ཧྥེ་རི་ཁ་རྣམས་གཉིད་ལས་སད་པས་ཡོ་རོབ་ཀྱི་དབང་ཤུགས་དེ་དྲག་པོར་བརྟེན་ནས་གླིང་ཆེན་དེའི་ནང་གནས་མི་ཐུབ་པར་གྱུར་བ་དང༌། དེ་བས་ཨ་རིའི་སྤོ་ལོ་དེ་ལག་ཏུ་བཟུང་ནས་ཞིབ་འཇུག་གསར་བ་བྱས་རྗེས་བྱེད་ཐབས་གསར་བ་ཞིག་བེད་སྤྱོད་བྱེད་དགོས་པ་ཤེས་རྟོགས་བྱུང་བ་རེད། བྱེད་ཐབས་གསར་བ་དེ་ག་རེ་རེད་དམ་ཞེ་ན།དེ་ནི་ཁྲོང་ཁྲོའི་སོ་འཆའ་བཞིན་ཡོང་བའི་ཚབ་ལ་གྲོགས་པོ་ཡིན་ཞེས་འཛུམ་མདངས་སྟོན་བཞིན་ཡོང་བ་དང༌།  ཁོང་ཚོས་ཨ་ཧྥེ་རི་ཁ་རྣམས་ལ་འཛུམ་སྟོན་བཞིན “ཁྱོད་ཚོ་ནི་ང་ཚོའི་གྲོགས་པོ་ཡིན” ཟེར་གྱི་ཡོད། ཁོང་ཚོའི་ཨ་ཧྥེ་རི་ཁ་བ་རྣམས་གཡོ་འོག་ཏུ་འཇུག་ཆེད་ཁོང་ཚོ་ང་ཚོའི་གྲོགས་པོ་ཡིན་བཟོ་སྟོན་གྱི་ཡོད་པ་རེད།

ཁྱེད་རང་སྡུག་དྲགས་པའི་རྐྱེན་གྱིས་ཁྱེད་ལ་མི་ཡི་འཛུམ་མདངས་རག་གི་མ་རེད། ཁོང་གིས་གྲོགས་པོ་དང༌།བྱམས་སྙིང་རྗེ་ཅན།གཞན་ཕན་ཀྱི་བྱ་ལས་སྒྲུབ་མཁན་སོགས་ཉེ་བོ་ཡིན་བཟོ་བསྟན་ནས་རྒྱ་མཚོའི་ཕར་རོལ་དུ་ཡོད་པའི་ང་ཚོའི་སྤུན་ཟླ་རྣམས་ལ་བག་ཆགས་བཟང་བོ་ཞིག་འཇོག་ཐབས་བྱེད་བཞིན་ཡོད་པ་རེད། མི་ཆོས་རིང་ལུགས་དེ་ཨ་སྒོར་རིང་ལུགས་དང༌། ཡིན་ཁུལ་རིང་ལུགས་སུ་བསྒྱུར་ཡོད་པ་
དང༌། ཁོང་ཚོ་གནས་དེར་བསྐྱོད་པ་དམིགས་ཡུལ་ཡག་པོ་ཞིག་སེམས་སུ་བཅིངས་ནས་ཕྱིན་ཡོད་པ་མ་རེད། ཁྱེད་ཀྱིས་མི་སི་སི་པི་(Mississippi)ནང་དུ་ཡོད་པའི་ཤ་མདངས་ནག་པོའི་མི་རྣམས་ལ་མཐོང་ཆུང་བཙ ན་གནོན་བྱེད་བཞིན་དུ་ཨ་ཧྥེ་རི་ཁའི་ནང་དུ་ཁྱེད་ཀྱི་ཞི་བདེ་དམག་མི ་ཇི་ལྟར་གཏོང་ངམ། (དགད་མོ་བགད །)

ཁྱེད་ཀྱིས་རོ་ཆེ་སི་ཐར་(Rochester)ནང་ཤ་མདངས་ནག་པོའི་མི་རྣམས་ཡི་ཤུའི་ལྷ་ཁང་ནང་དུ་འགྲོ་བསྐྱོད་མི་ཆོག་པ་བཟོས་ཏེ། ཨ་ཧྥེ་རི་ཁའི་ནང་དུ་ཡི་ཤུའི་ཆོས་ལུགས་དར་སྤེལ་དང༌། ཡི་ཤུའི་ཆོས་ སློ བ་ཁུལ་བྱེད་བཞིན་ཡོད་པ་རེད།( ལག་པ་བརྡབས)  དེ་ནི་བསམ་བློ་གཏོང་དགོས་པའི་དོན་རྐྱེན་ཞིག་ རེད། ངས་དོན་གནད་འདིའི་ཐད་ལ་བསམ་བློ་གཏོང་དུས་ང་རང་ཚ་བོ་ཆགས་ཀྱི་འདུག (དགད་མོ་བགད)

༡༩༥༤ ནས་༡༩༦༤ ལོའི་བར་དུ་ཨ་ཧྥེརི་ཁའི་ནང་གི་ཛ་དྲག་གི་གནས་སྟངས་རྟོགས་སླ་བ་ཞིག་རེད། སྐབས་དེའི་ཛ་དྲག་གི་གནས་སྟངས་ཀྱིས་ཨ་རིའི་ནང་དུ་ཡོད་པའི་་ཨ་ཧྥེ་རི་ཁ་བ་རྣམས་ཤུགས་ལ་རྐྱེན་ག་རེ་ཐེབས་པ་དང༌།   ཨ་ཧྥེ་རི་ཁའི་ནང་རྒྱལ་ཁབ་ཁག་ལ་རང་བཙན་ཐོབ་པ་དང་ཁོང་ཚོ་རང་ཉིད་ཀྱི་སྣང་ཚུལ་ངོ་མ་དེ་བཟོ་མཁན་དུ་གྱུར་བ་རེད། ༡༩༥༩ ལོའི་བར་དུ་ཁྱེད་དང་ངེད་གཉིས་ཀྱིས་ཨ་ཧྥེ་རི་ཁའི་
ཐད་ལ་བསམ་བློ་གཏོང་སྐབས་མི་་དམར་ཧྲེང་ཞིག་བསམ་བློ་ནང་འཁོར་གྱི་ཡོད་པ་རེད།

འདི་ཁྱེད་ཀྱི་བསམ་བློའི་ནང་དུ་ཡོད་པའི་ཨ་ཧྥེ་རི་ཁའི་སྣང་ཚུལ་རེད། ༡༩༥༩ ལོ་ནས་བཟུང་ཁོང་ཚོ་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་སླེབས་པ་དང༌། ཁོང་ཚོ་གཟུགས་མཐོང་བརྙན་འཕྲིན་ནང་མཐོང་བས་ཁྱེད་རང་ཡ་མཚར་སྐྱེས་ཡོད།ཨ་ཧྥེ་རི་ཁ་བས་ཁྱེད་ལས་དབྱིན་སྐད་ལེགས་པོ་རྒྱག་པ་དང༌། ཁྱེད་ལས་དོན་སྙིང་ལྡན་པའི་ལས་དོན་སྒྲུབ་ཀྱི་ཡོད་པ། ཁོང་ཚོ་ལ་ཁྱེད་ལས་ལྷག་པའི་རང་དབང་ཡོད་པ་མ་ཟད། ཁྱེད་རང་འགྲོ་མི་ཐུབ་པའི་ས་ཆར་ཁོང་ཚོས་ཐག་པ་གཡུགས་ཏེ་མཆོངས་བསྐྱོད་བྱེད་ཀྱི་ཡོད་པ་རེད། (དགད་མོ་བགད་པ་དང་ལག་པ་བརྡབས།)

དོན་འདིས་ཁྱེད་སྤྲུག་སྤྲུག་བཏང་བ་རེད།  ཁྱེད་རང་སྤྲུག་སྤྲུག་བཏང་རྗེས་ད་གཟོད་ཁྱེད་རང་ངོ་མ་གཉིད་ལས་སད་པ་རེད།  (དགད་མོ་བགད།) ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་རང་བཙན་ཐོབ་པ་དང་འབྲེལ་ཨ་ཧྥེ་རི་ཁའི་སྣང་ཚུལ་ལ་འགྱུར་བ་ཕྱིན་པ་རེད། ཨ་ཧྥེ་རི་ཁའི་སྣང་ཚུལ་དེ་ལྡོག་ཕྱོགས་ནས་དྲང་ཕྱོགས་ཀྱི་ངོ་བོར་གྱུར་བ་དང༌། ནུབ་ཕྱོགས་ས་ཁུལ་དུ་ཡོད་པའི་ཤ་མདངས་ནག་པོའི་མི་རྣམས་ཀྱི་བསམ་བློའི་ནང་དུ་ཨ་ཧྥེ་རི་ཁའི་སྣང་ཚུལ་ཡག་པོ་འམ་དྲང་ཕྱོགས་སུ་འཕེལ་བར་ར་སྤྲོད་བྱེད་པའི་འགོ་ཚུགས་པ་རེད།

ཁོང་ཚོས་ཨ་ཧྥེ་རི་ཁའི་གླིང་ཆེན་སྟེང་གི་ཤ་མདངས་ནག་པོའི་མི་རྣམས་ཀྱིས་ལངས་ཕྱོགས་གསལ་བོ་ བཟུང་ཡོད་པ་མཐོང་བ་རེད།ང་ཚོའི་ནུབ་ཕྱོགས་སུ་ཡོད་པའི་ཨ་ཧྥེ་རི་ཁ་རྣམས་ཀྱང་ཡར་ལངས་རྒྱུའི་འདོད་པ་ཤུགས་ཆེན་བྱུང་བ་རེད།   ཁོང་ཚོའི་ཨ་ཧྥེ་རི་ཁའི་གླིང་ཆེན་ནང་དུ་གནས་ཡོད་པའི་མི་རྣམས་ལ་འཛིན་པའི་རྣམ་འགྱུར་བརྗེ་བོ་རྒྱབ་པ་མཐོང་མ་ཐག  གླིང་ཆེན་འདིའི་ནང་དུ་གནས་ཡོད་པའི་ང་ཚོལ་འཛིན་པའི་རྣམ་འགྱུར་ཡང་བརྗེ་གི་ཡོད་པ་རེད།  ཁོང་ཚོས་ཨ་ཧྥེ་རི་ཁའི་ནང་དུ་མཚོན་བྱེད་རིང་ལུགས་ཀྱི་བྱེད་ཐབས་སྤྱད་དེ།   སྙིང་ཉེ་ཉེ་དང༌། བྱམས་སྙིང་རྗེ་ཆེ་མདོག་བསྟན་གྱི་ཡོད་པ་དེ། འདིར་ཡང་གཅིག་མཚུངས་ཀྱི་རྣམ་འགྱུར་སྟོན་བཞིན་ཡོད་པ་རེད།  

མཚོན་བྱེད་རིང་ལུགས་བྱེད་ཐབས་སྤྱད་དེ་ཁོང་ཚོས་འཆར་གཞི་འདྲ་མིན་སྣ་ཚོགས་བསམ་བཞིན་ཡོད་པ་རེད།  དེ་དག་ཚང་མ་མིའི་དཀའ་རྙོག་སེལ་རྒྱུར་དམིགས་ནས་བཟོ་བའི་འཆར་གཞི་ཞིག་མ་རེད།   ཁོང་ཚོས་འགུལ་བསྐྱོད་རེ་རེ་རྒྱབ་པ་དེ་མཚོན་བྱེད་ཙམ་ལས།  དངོས་ཐོག་བདེན་འཚོལ་ངང་དཀའ་རྙོག་སེལ་ཐབས་རྩ་བ་ནས་བྱས་མེད།  ཁོང་ཚོ་རིགས་རྒྱུད་ཐ་དད་དུ་བཟོ་བའི་བྱེད་སྟངས་མེད་པར་བཟོ་རྒྱུའི་ཁྲིམས་ཀྱིས་ཐག་གཅོད་རྒྱུ་བཟོས་ཡོད་པ་རེད། ཡིན་ནའང་ཐག་གཅོད་དེ་ད་དུང་ཡང་ལག་བསྟར་བྱེད་ཐུབ་མེད་པ་དང༌། ཐ་ན་རོ་ཆེ་སུ་ཐིར་(Rochester) དང་མི་སི་སི་ཕི (Mississippi)  ས་ཁུལ་དུ་ ཡང་ལག་བསྟར་བྱེད་ཐུབ་མེད།ཁོང་ཚོ་མི་སི་སི་ཕིའི (Mississippi)  སློབ་གྲྭ་ཆེན་མོའི་ནང་དུ་མི་དཀར་ནག་གཉིས་འགྲོ་གི་ཡོད་པ་མངོན་ པར་བྱས་ཏེ་མི་རྣམས་ ལྐུགས་པར་བཟོས་ཡོད། ཁོང་ཚོ་ཨ་ཧྥེ་རི་ཁ་བ་གཅིག་ཁྲིད་དེ་དེ་དང་མཉམ་དུ་དམག་མི་ ༦༠༠༠  ༡༥༠༠༠ ཙམ་ཁྲིད་ཡོད་པ་རེད།  དེའི་འགྲོ་སོང་ཨ་སྒོར་ས་ཡ་དྲུག་ཡིན།   (དགད་མོ་བགད།) ལས་འགུལ་འདིའི་ཁྲོད་དུ་མི་གསུམ་མམ་བཞི་བསད་ཡོད་པ་དེ་ནི་ཁོང་ཚོས་བྱེད་སྟངས་རེད།ཤེས་དགོས་པ་ཞིག་ལ་ཤ་མདངས་ནག་པོའི་མི་གཅིག་སློབ་གྲྭ་ཆེན་མོའི་ནང་དུ་བཅུག་ཏེ་མི་སི་སི་ཕིའི (Mississippi) སློབ་གྲྭ་ཆེན་མོ་ ནང་དུ་ མི་དཀར་ནག་གཉིས་ཀ་འགྲོ་གི་ཡོད་པ་རེད་ཟེར་བཞིན་ཡོད། (དགད་མོ་བགད།)

ཁོང་ཚོས་ཤ་མདངས་ནག་པོའི་མི་གཉིས་ (Georgia)སློབ་གྲྭ་ནང་དུ་བཅུག་སྟེ། (Georgia)སློབ་གྲྭ་ནང་དུ་མི་དཀར་ནག་གཉིས་ཡོད་ཟེར་གི་ཡོད་པ་རེད།  ཁྱེདརང་ངོ་མི་ཚའམ། གལ་ཏེ་ང་རང་ཤ་མདོག་དཀར་པོའི་མི་ཞིག་ཡིན་ཚེ་ང་རང་ངོ་ཚ་ནས་སྡོད་མི་ཐུབ་པར་གདན་འོག་ལ་འཛུལ་ངེས་ཡིན། (དགད་མོ་བགད་པ་དང་ལག་པ་བརྡབས།)

འདི་ནི་མཚོན་བྱེད་རིང་ལུགས་པས་བཏིང་བའི་འཆར་གཞི་སྟེ།  ཨ་ཧྥེ་རི་ཁ་བ་ཉུང་ཤས་ཤིག་འདེམས་སྒྲུག་བྱས་ཏེ་ཁོང་ཚོ་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད།  འདེམས་སྒྲུག་བྱས་པའི་ཨ་ཧྥེ་རི་ཁ་བ་ཉུང་ཤས་ཤིག་ལ་གོ་གནས་ཆེན་པོ་སྤྲད་དེ།  ཁོང་ཚོས “ བལྟོས་དང༌། ཁོང་ཚོས་ཡར་རྒྱས་གོང་འཕེལ་ག་ཚད་བཏང་ཡོད་པ་རེད།”ཞེས་འཛམ་གླིང་ལ་བསྒྲགས་གི་ཡོད་པ་རེད།འདེམས་སྒྲུག་བྱས་པའི་ཨ་ཧྥེ་རི་ཁ་བ་དེ་དག་ཤ་མདངས་དཀར་པོའི་མི་རྣམས་ཀྱི་མཆན་འོག་ལ་འཛུལ་ནས་ཝ་ཤན་ཏུང་དུ་(Washington, D.C.) བསྡད་ཡོད ། ཤ་མདངས་ ནག་པོའི་ མི་འབོར་ཆེན་ཞིག་མུ་མཐུད་དུ་དབུལ ་ཕོངས་ ཀྱི་ གནས་སུ་སྡོད་དགོས་བྱུང་ཡོད་པ་དང༌།  ཤ་མདངས་ནག་པོའི་མི་འབོར་ཆེན་ཞིག (ལག་པ་བརྡབས།) ཤ་མདངས་ནག་པོའི་མི་འབོར་ཆེན་ཞིག་ལས་མེད་གྱུར་ཡོད་པ་རེད།ཤ་མདངས་ནག་པོའི་མི་འབོར་ཆེན་ཞིག་སློབ་གྲྭ་སྐྱོ་ཤས་ལ་ཕྱིན་ནས་སློབ་གསོ་སྐྱོ་ཤས་དེ་རག་གི་ཡོད་པ་རེད།   

དེ་དང་དུས་མཚུངས་སུ་ཤ་མདངས་ནག་པོའི་མིའི་མི་སི་ལམ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།  ལས་འགུལ་དེས་མཐོང་སྣང་ལ་྄(National Association for Advancement of Colored People)གི་རྩ་བའི་ལ མ་སྲོལ་ལ་བརྩི་འཇོག་བྱེད་གི་ཡོད ། (ལག་པ་བརྡབས།) ཁོང་ཚོས་དེ་ལ་རྟོག་ཞིབ་བྱེད་འདོད་ཡོད་པ་རེད།    (Congress of Racial Equality) དང་ཚོགས་པ་གཞན་རྣམས་བལྟ་རྟོགས་འོག་ཏུ་ཡོད་པ། King གིས་དེའི་སྐོར་ཤེས་ཚོར་བྱུང་ཡོད་པ་མ་རེད།  ཤ་མདངས་ནག་པོའི་མིའི་མི་སི་ལམ་ལས་འགུལ་གྱིས་དེ་འདྲའི་གླེང་མོལ་བྱེད་སྐབས་ཤ་མདངས་དཀར་པོའི་མི་རྣམས་ཀྱིས “དཀོན་མཆོག་གིས་(NationalAssociation for Advancement of Colored People)ཚོགས་པར་ཐུགས་རྗེས་གཟིགས།”ཅེས་ཟེར་གི་ཡོད་པ་རེད། (དགད་མོ་བགད་པ་དང་ལག་པ་བརྡབས།)

ཤ་མདངས་ནག་པོའི་མིའི་མི་སི་ལམ་ལས་འགུལ་གྱིས་(National Association for Advancement of Colored People) ཚོགས་  པ་དེ་མི་དཀར་རྣམས་ ཀྱིས་ངོས་ལེན་ བྱེད་པར་བཟོས་ཡོད་པ་དང༌།  ཚོགས་པ་དེའི་མགོ་ཁྲིད་རྣམས་ངོས་ལེན་བྱེད་པར་ བཟོས་ཡོད།  དེ་ནས་མི་དེ་དག་ལ་ཨ་རི་ཨ་ཧྥེ་རི་ཁ་བ་རྣམས་ཀྱི་འགན་དེ་སྤྲད་ཡོད་པ (དགད་མོ་བགད །)  དང་མཉམ་དུ་ཁོང་ཚོར་ཤ་མདངས་དཀར་པོའི་མི་རྣམས་ཀྱི་འགན་ཡང་ཡོད་པ་རེད། ( ལག་པ་བརྡབས།)  ངས་  (NAACP)ཕར་རྒོལ་བྱེད་ཀྱི་མེད་པར་ངས་ཁྱེད་ལ་དེའི་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད།   (དགད་མོ་བགད།)

དེ་ནི་ལས་འགུལ་དེས་བཟོས་པའི་ལེགས་སྐྱེས་ཡིན་པ་དང༌།     ལེགས་སྐྱེས་དེས་མི་མང་པོ་ཞིག་ལ་ཞེད་སྣང་སྤྲད་ཡོད་པ་དང༌།    མི་མང་པོ་ཞིག་གིས་བརྩེ་བ་དང་དྲང་བདེན་གྱི་་ལས་འགུལ་དེ་ཞེད་སྣང་གི་ལས་འགུལ་ཞིག་ལ་འགོ་བཙུགས་ཡོད་པ་རེད། རྒྱུ་མཚན་ནི་རོའེ་ཝེ་ཁེན་སུ་ (Roy Wilkins) འཇེམ་སུ་ཧྥ་མར་ (James Farmer)རྣམས་ཀྱིས་ཤ་མདངས་དཀར་པོའི་མི་རྣམས་ལ་གལ་ཏེ་ཁྱོད་ཀྱིས་ལས་འགུལ་དྲང་བདེན་ངང་མ་བྱུང་ཚེ་ཁྱོད་ཚོས་ཁོང་ཚོར་ལ་ཉན་དགོས་ཆགས་ཀྱི་རེད་ཞེས་  བརྗོད་མྱོང་ཡོད།  ཁོང་ཚོས་ང་ཚོར་གོ་གནས་མཐོ་ཙམསྤྲད་དེ་བེད་སྤྱད་གཏོང་གི་ཡོད་པ་རེད།   ཁྱེད་ཀྱིས་མི་སུ་ལམ་(Muslim) ལས་འགུལ་གྱི་མཚན་ཉིད་རིག་པར་གང་ཡིན་ལ་མ་ལྟོས་པར་འདས་པའི་ལོ་བཅུ་གཉིས་རིང་གི་མི་ནག་འཐབ་རྩོད་གྱི་ལས་འགུལ་ལ་ཞིབ་འཇུག་བྱས་ཚེ།   ལས་འགུལ་དེ་འབྲེལ་སྟངས་འོས་འཚམས་ཞིག་དང༌།   མདུན་ལམ་འོས་འཚམས་ཞིག་མཐོང་སྲིད་ངེས་རེད། 

ལས་འགུལ་དེ་ནི་ཤ་མདངས་ནག་པོའི་མིའི་སྤྱི་ཚོགས་ཁྲོད་དུ་དམག་འཐབ་དང༌། འདོད་པ་མ་ཁེངས་པ། འདུམ་སྒྲིག་ལ་ཉན་འཇོག་མི་བྱེད་པཞིག་ཆགས་ཡོད་པ་རེད།  ལས་འགུལ་འདི་ནི་མི་སུ་ལེམ་ཆོས་ལུགས་ལ་གཞི་བཅོལ་བའི་ལས་འགུལ་ཞིག་ཡིན་པའི་ཁུལ་ཡིན་པས་དེ་ནི་ཆོས་ལུགས་ཀྱི་ལས་འགུལ་ཡིན་དགོས་པའི་ཁུལ་རེད། ཡིན་ནའང་འཛམ་གླིང་འདིའི་སྟེང་ཨི་སི་ལེམ་རྨམས་གྱིས་ལས་འགུལ་འདི་དྲང་བདེན་ཞིག་ཡིན་པ་རྩ་བ་ནས་ངོས་ལེན་བྱེད་མི་སྲིད།  ལས་འགུལ་དེས་ང་ཚོ་ཆོས་ལུགས་ཀྱི་སྟོང་ཆ་ཞིག་གི་ནང་དུ་བཅུག་ཡོད༌།  ང་ཚོའི་ངོ་བོ་དེ་ཆོས་ལུགས་ཀྱི་ཁོངས་སུ་འཅུག་ཡོད་པ་རེད།  དེ་དང་མཉམ་དུ་འཛམ་གླིང་གི་ཆོས་ལུགས་པས་ང་ཚོ་དྲང་བདེན་ཀྱི་ཆོས་ལུགས་དར་སྤེལ་བྱེད་མཁན་ཡིན་པ་ངོས་ལེན་བྱས་མེད།སྲིད་གཞུང་གིས་ང་ཚོ་ལ་ཆོས་ལུགས་མ་ཡིན་པར་ཆབ་སྲིད་ཀྱི་གཡུལ་བཤམས་མཁན་ལ་ངོས་འཛིན་བྱས་པ་དེ་ནི་ཁོང་ཚོས་ང་ཚོ་ལ་ངོ་ལོག་སློང་བའི་བྱ་སྤྱོད་སྤེལ་མཁན་དང་གཏམ་བཤད་བྱེད་མཁན་ཀྱི་ཁྲིམས་གཅོད་བྱེད་བདེ་བའི་ཆེད་དུ་རེད། ང་ཚོ་ཆབ་སྲིད་ཀྱི་ཁོངས་སུ་བཅུག་ཡོད་ནའང་ང་ཚོ་ལ་ཆབ་སྲིད་ཀྱི་ཆོག་མཆན་གང་ཡང་མེད་པས་ང་ཚོ་ཆབ་སྲིད་ཀྱི་སྟོང་ཆ་ཞིག་གི་ནང་དུ་བཅུག་ཡོད།  འཛམ་གླིང་ང་ཚོའི་མཉམ་དུ་ཡོད་ནའང་ང་ཚོ་ཆོས་ལུགས་ཀྱི་སྟོང་ཆ་དང་ཆབ་སྲིད་ཀྱི་སྟོང་ཆའི་ནང་འཇུག་ཐབས་བྱེད་བཞིན་ཡོད་པ་རེད།  ང་ཚོ་ནི་ཆོས་སྲིད་ཟུང་འབྲེལ་ལྟ་བུ་ཞིག་ཆགས་ཡོད་པས། གང་གི་ཁོངས་སུ་ཡང་མི་གཏོགས་པར་ཟུར་དུ་ཁ་རྡུང་གཏོང་བཞིན་ཡོད་པ་རེད།  ང་ཚོ་ལ་ལས་འགུལ་གང་ཡང་སྤེལ་རྒྱུར་དཀའ་ངལ་འཕྲད་ཡོད།   དེ་དང་དུས་མཚུངས་སུ་ང་ཚོ་ལས་འགུལ་ནང་དུ་ཞུགས་མཁན་རྣམས་ལས་འགུལ་སྤེལ་མཁན་ལ་དགའ་སྣང་སྐྱེས་ཀྱི་ཡོད། དེ་ནི་ཁོང་ཚོས་ཤ་མདངས་ནག་པོའི་མིའི་ཁ་གཏད་དུ་ཡོད་པའི་བསམ་པ་ནག་པོ་རྣམས་རྒོལ་ལན་སྤྲད་ཡོད་པ་རེད། ང་ཚོས་དམིགས་བསལ་ཤ་མདངས་ནག་པོའི་མིའི་ཆོས་ལུགས་ཀྱི་སྐོར་ལ་བསམ་བློ་གཏོང་གི་མེད། རྒྱུ་མཚན་ནི་ང་ཚོ་ཚང་མ་བརྟག་ཐབས་རིག་པ་བ་དང་ཡང་ན་ཡི་ཤུའི་ཆོས་ལུགས། ལྷ་མེད་སྨྲ་བ། རྟོགས་མེད་སྨྲ་བ་པོ་སུ་ཡིན་ཡང་མི་ཡུལ་གྱི་དམྱལ་བ་གཅིག་གིས་བཟུང་ཡོད་པ་རེད།

ང་ཚོས་ལས་འགུལ་ཞིག་སྤེལ་དགོས་པ་མཐོང་གསལ་རེད། ང་ཚོ་ཚང་མ་ལས་འགུལ་སྤེལ་མཁན་ཡིན་པ་དང༌།  ང་ཚོ་ལས་འགུལ་སྤེལ་རྣམས་ཀྱིས་ནུབ་ཕྱོགས་ཀྱི་ས་ཁུལ་འདིའི་ནང་ཤ་མདངས་ནག་པོའི་མི་རྣམས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འཆར་ཞིག་གོ་སྒྲིག་བྱེད་ཐུབ་ཡོད།   དེ་དང་དུས་མཚུངས་སུ་ཆོས་ལུགས་ཀྱང་ངེས་པར་དུ་དགོས་གལ་ཆེ་བ་ཞིག་རེད།  ང་ཚོ་ཨི་སི་ལམ་ལས་འགུལ་ནས་ཁ་བྲལ་
སྐབས་ཐོག་མར་ཉིག་ཡོག་(New York) གྲོང་ཁྱེར་ནང་མོ་སུ་ལེམ་མོ་སུ་ཁའོ་ (Muslim Mosque) ཞེས་པའི་སྒྲིག་འཛུགས་ཞིག་བཙུགས་པ་དང༌།  སྒྲིག་ འཛུགས་འདིས་འགྲོ་བ་ མིཚང་མ་སྤུན་ཟླ་ཡིན་པའི་འདུ་ཤེས་རྨང་གཞིར་བཞག་ཡོད་པ་རེད།   དེར་བརྟེན་འཛམ་གླིང་གི་མོ་སུ་ལེམ་གྱི་གཞུང་འབྲེལ་གྱིས་ང་ཚོ་ངོས་ལེན་བྱས་ཡོད་པ་རེད།   

དེ་དང་དུས་མཚུངས་སུ་ང་ཚོའི་སྤྱི་ཚོགས་འདི་ཆོས་ལུགས་དང་བརྒལ་ཡོད་པ་ང་ཚོས་ངོས་འཛིན་བྱེད་ཐུབ་ཡོད་པ་དང༌།  དེ་བས་ང་ཚོས་ཨ་རིའི་ཨ་ཧྥེ་རི་ཁ་བའི་གཅིག་སྒྲིལ་མཐུན་ཚོགས་ཞེས་སྒྲིག་འཛུགས་འདི་བཙུགས་པ་རེད།   སྒྲིག་འཛུགས་འདིའི་ནང་དུ་སྤྱི་ཚོགས་ནང་གི་མི་སུ་ཡིན་ཡང་འཛུལ་ཞུགས་བྱས་ཆོག་པ་དང༌།  ཤ་མདངས་ནག་པོའི་མི་རྣམས་ལ་འགྲོ་བ་མི་གཅིག་མཚུངས་ཀྱི་བརྩི་བཀུར་ཐོབ་རྒྱུར་ལས་
འཆར་བརྩམས་པ་རེད།ཨ་རིའི་ཨ་ཧྥེ་རི་ཁ་བའི་གཅིག་སྒྲིལ་ཚོགས་པ་(Afro-American Unity)ཞེས་པ་གོ་དོན་འདྲ་ལེན་ཆོག་པ་དང༌།   གཡུལ་ས་ནས་དམག་འཁྲུག་རྒྱབ་ཏེ་ང་ཚོར་གཉའ་གནོན་བྱེད་མཁན་རྣམས་ཕམ་པར་བཟོས་རྒྱུར་ང་ཚོར་ཡིད་ཆེས་མེད་ལ། གཡུལ་ས་ནས་དམག་འཐབ་བྱས་ཏེ་དུས་ཡུན་རིང་ང་ཚོར་བཤུ་གཞོག་བྱེད་མཁན་ལས་ང་ཚོར་རྒྱལ་ཁ་ཐོབ་རྒྱུར་ཡང་ང་ཚོས་ཡིད་ཆེས་བྱེད་ཀྱི་མེད།

ང་ཚོའི་འཐབ་རྩོད་འདི་དྲང་བདེན་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ལ། ང་ཚོས་སྨྲེ་ངག་འདོན་བཞིན་པ་དེ་ཡང་དྲང་བདེན་ཡིན་པར་ང་ཚོར་ཡིད་ཆེས་ཡོད།  བསམ་པ་གནག་པོ་ལག་བསྟར་བྱས་ཏེ་ཤ་མདངས་ནག་པོའི་མི་རྣམས་ལ་ངོ་རྒོལ་བྱེད་བཞིན་པའི་སྤྱི་ཚོགས་འདི་ནག་ཉེས་ཅན་ཡིན་པ་ང་ཚོར་ཡིད་ཆེས་ཡོད།  ང་ཚོས་ནག་ཉེས་ཅན་རྣམས་ལ་བྱེད་ཐབས་གང་རུང་སྤྱད་དེ་ངོ་རྒོལ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་ང་ཚོར་ཡིད་ཆེས་ཡོད།

དེ་ནི་ང་ཚོ་དྲག་སྤྱོད་པ་ཡིན་པའི་ངེས་པ་མེད།  ཡིན་ནའང་མཉམ་འབྲེལ་སྲིད་གཞུང་གིས་ཤ་མདངས་ནག་པོའི་མི་རྣམས་ཀྱི་ཚེ་སྲོག་དང་གནས་སྟངས་ལ་སེམས་ཁྲལ་དང་སྲུང་སྐྱོབ་བྱེད་ཀྱི་མེད་པ་ང་ཚོས་མཐོང་ཐུབ་ལ།    ཤ་མདོག་དབྱེ་འབྱེད་བྱེད་མཁན་གྱི་ཤ་མདངས་དཀར་པོའི་མིས་གོ་སྒྲིག་བྱས་པའི་སྲིད་དོན་ལྷན་ཁང་གི་མི་སྣ་རྣམས་ཤ་མདངས་ནགཔའི་མའི་སྤྱི་ཚོགས་ནང་ཡོང་སྟེ།   ཤ་མདངས་ནག་པོའི་མི་ཁྲིད་ཕྱིན་ནས་ཁོང་ཚོ་མཐོང་རྒྱུ་མེད་བཟོ་བཞིན་ཡོད་པ་ང་ཚོས་མཐོང་ཐུབ།   (ལག་པ་བརྡབས།)

ང་ཚོས་ང་ཚོའི་གནས་སྟངས་ངོས་འཛིན་བྱེད་ཐུབ་ཡོད།    ༡༩༣༩   ལོར་ཨ་རིའི་ནང་དུ་ཡོད་པའི་ཤ་མདངས་ནག་པོའི་མི་རྣམས་ཀྱིས་ལྷམ་ཕྱིས་བརྡར་ཀྱི་ལས་བྱས་པ་རེད།  མི་ཆི་གན (Michigan) གྱི་རྒྱལ་ས་ལན་སིང་ (Lansing)སྟེ།    ང་རང་ཡོང་སའི་ས་ཁུལ་དེ་རུ་ རིག་གནས་ ཤེས་ཚད་ཡོད་པའི་ཤ་མདངས་ནག་པོའི་མི་རྣསམ་ཀྱིས་ཀྱང་ལྷམ་ཕྱིས་བརྡར་ཀྱི་ལས་ཀ་བྱས་པ་རེད།   གྲོང་ཁྱེར་ནང་དུ་ལས་ཀ་ཡག་ཤོས་རག་པ་ནི་ཟས་སྣོད་བཀྱགས་ཏེ་ཤ་མདངས་དཀར་པོའི་མི་རྣམས་ལ་ལྟོ་ཟས་སྤྲོད་རྒྱུ་དེ་རེད།  ཟ་ཁང་གི་ཞབས་ཞུ་བའི་ལས་ཀ་བྱེད་པ་མཐོང་ན་ཤ་མདངས་དཀར་པོའི་མི་རྣམས་ཀྱིས་བརྗོད་རྒྱུར།   ཁོང་ལ་ལས་ཀ་ཡག་པོ་ཞིག་རག་འདུག། ཡག་པོ་འདུག་བརྗོད་ཀྱི་ཡོད་པ་རེད། (དགད་མོ་བགད།)

ཁོང་ལ་ཤེས་ཡོན་གྱི་ཆུ་ཚད་ཡག་པོ་ཡོད་ནའང༌།  ཁོང་གིས་རྒྱལ་སའི་ནང་དུ་ལྷམ་ཕྱིས་བརྡར་བྱེད་ཀྱིཡོད་པ་དང༌།  སྲིད་འཛིན་པ་དང༌།  ཁྲིམས་དཔོན་སོགས་ཤ་མདངས་དཀར་པོའི་མིའི་ལྷམ་ཕྱིས་བརྡར་བྱེད་ས་ནི་གོ་གནས་ཆེ་ཤོས་ཡིན་པ་རེད།  ཁོང་ཚོ་ཤ་མདངས་ནག་པོའི་མིའི་མགོ་ཁྲིད་རེད། ལྷམ་ཕྱིས་བརྡར་བྱེད་ཀྱི་མེད་པ་ནི་ཆོས་སྤེལ་མཁན་ཚོ་རེད། ཁོང་ཚོས་ང་ཚོ་ལྷམ་ཕྱིས་བརྡར་དང༌།ཅོག་ཙེ་མདུན་ལངས་འདུག་རྒྱུ།   ཆོས་སྤེལ་རྒྱུ་ལས་ཀ་བྱེད་དུ་བཅུག་ཡོད་པ་རེད། (དགད་མོ་བགད)

༡༩༣༩ ལོའི་སྔོན་ལ་ཧི་ཏེ་ལེར (Hitler) སྨྱོན་རྒྱུགས་མ་བྱས་པའི་སྔོན་ལ།  ཤ་མདངས་ནག་པོའི་མི་རྣམས་ལ་ཐ་ན་བཟོ་གྲྭའི་ནང་དུ་འང་ལས་ཀ་བྱེད་དུ་བཅུག་ཡོད་པ་མ་རེད།  ང་ཚོས་རྫབ་དོང་བརྐོས་ནས་བསྔད་པ་དེ་བརྗེད་རྒྱུ་མགྱོགས་དྲགས་འདུག  ང་ཚོའི་ཁ་ལག་ནི་བདེ་དོན་ནས་ཡོང་གི་ཡོད་པ་དང༌།  དེའི་སྟེང་ “ཙོང་རྒྱུའི་ཆེད་དུ་མིན” ཞེས་པའི་ཐེལ་ཙེ་བརྒྱབ་ཡོད་པ་རེད།  ངས་དེ་ནི་ཟས་རིགས་འཇོག་སའི་མཛོད་ཁང་ཡིན་པར་བསམ་སོང༌། (དགད་མོ་བགད །)

འདི་ནི་ཤ་མདངས་ནག་པོའི་མི་རྣམས་གྱི་གནས་སྟངས་རེད། འཛམ་གླིང་དམག་ཆེན་གཉིས་པ་འགོ་བཙུགས་མ་བྱས་པའི་བར་དུ་ང་ཚོ་གཡོག་བསྐུལ་གྱི་ལས་ཀ་ཁོ་ན་བྱས་ནས་བསྡད་པ་རེད། དམག་ཆེན་འགོ་ཚུགས་རྗེས་ཁོང་ཚོས་ཐ་ན་ང་ཚོ་དམག་མའི་ཁོངས་སུ་འཛུལ་ཞུགས་བྱེད་དུ་བཅུག་ཡོད་པ་མ་རེད།  ཁོང་ཚོས་ཤ་མདངས་དཀར་པོའི་མི་ཁོ་ན་བཙལ་བ་རེད།  ཤ་མདངས་ནག་པོའི་མིའི་འགོ་ཁྲིད་རྣམས་ཀྱིས་ “གལ་ཏེ་ཤ་མདངས་དཀར་པོའི་མི་རྣམས་ཤི་ཚེ་ང་ཚོ་ཡང་ཤི་ངེས་ཡིན”ཞེས་ཁ་མ་གྲག་བར་དུ་ང་ཚོ་དམག་ཞབས་དུ་འཛུག་ཞུགས་བྱེད་དུ་བཅུག་ཡོད་པ་མ་རེད།(དགད་མོ་བགད་པ་དང་ལག་པ་བརྡབས།)ཤ་མདངས་ནག་པོའི་མིའི་འགོ་ཁྲིད་རྣམས་ཀྱིས་ཤ་མདངས་ནག་པོའི་མི་གང་མང་ཞིག་ཤི་མ་དགོས་ བཞིན་དུ་འཛམ་གླིང་དམག་ཆེན་གཉིས་པའི་ནང་དུ་ཤི་རུ་བཅུག་ཡོད་པ་རེད།  སྐབས་དེར་ཨ་རིར་མིའི་ནུས་ཤུགས་ཀྱི་མ་འདེང༌།   དམག་ཆེན་འགོ་མ་བརྩམས་གོང་དུ་ང་ཚོ་བཟོ་གྲྭ་ནང་དུ་འཛུལ་དུ་བཅུ་ཡོད་པ་མ་རེད། ང་ རང་ལན་སིང་ (Lansing)དུ་བསྡོད་སྐབས༌། ས་གནས་དེར་ཨོ་རྡི་མོ་བིལེ་(Oldsmobile)  བཟོ་གྲྭ་དང༌། (Reo) བཟོ་གྲྭ་གཉིས་ཡོད།  བཟོ་གྲྭ་དེ་ གཉིས་ནང་དུ་ཤ་མདངས་ནག་པོའི་མི་གསུམ་ལས་མེད་པ་དང་ཁོང་ཚོ་ཚང་མས་ལག་ ཏུ་ཕྱགས་མ་བཟུང་ཡོད་པ་རེད།   ཁོང་ཚོ་ནི་སློབ་གྲྭར་བསྐྱོད་ཡོད་པའིཤེས་ཡོན་ཡོད་ལ༌།  གཅིག་ནི་སློབ་གྲྭ་ཆེན་མོར་བསྐྱོད་ཡོད་པ་མེད། ཁོང་ཡང་གད་བརྡར་པ་རེད། (དགད་མོ་བགད།)

དུས་ཚོད་ཀྱི་དབང་གིས་མིའི་ནུས་ཤུགས་ཀྱི་མ་འདེང་སྐབས་ཁོང་ཚོས་བཟོ་གྲྭའི་་སྒོ་ཕྱེས་སྟེ།ང་ཚོ་ནང་དུ་འཛུལ་ཞུགས་བྱེད་བཅུག་པ་རེད།  དེ་ནི་ང་ཚོས་དཀའ་ལས་བརྒྱབ་ནས་བྱུང་བ་ཞིག་མིན་ལ།  ཁོང་ཚོས་ཀུན་སློང་ཡག་པོ་བཅིངས་ནས་ང་ཚོ་སྤྲད་པ་ཡང་མ་རེད། དེ་ནི་ཁོང་ཚོར་མིའི་ནུས་ཤུགས་ཀྱི་མ་འདེང་བས་ཐབས་ཟད་འུ་ཐུག་ཏེ་ང་ཚོ་ལ་བཟོ་གྲྭ་སྒོ་ཕྱེས་པ་རེད།  

དེར་བརྟེན་ཁོང་ཚོར་ང་ཚོ་དགོས་པ་ཆགས་དུས་ཕོ་མོ་གཉིས་བཟོ་གྲྭ་ནང་དུ་བཅུག་པ་རེད། ང་ཚོས་འཕྲུལ་འཁོར་ལས་ཀ་བྱེ་ད་སྟངས་སྦྱངས་པ་དང༌།   འཕྲུལ་འཁོར་བཀོད་སྤྱད་བྱེད་སྟངས་སྦྱངས་ཏེ་ཡོང་འབབ་སྒོར་མོ་ཐོབ་པ་རེད།   ང་ཚོར་ཡོང་འབབ་སྒོར་མོ་ཐོབ་པ་དེས་ང་ཚོའི་འཚོ་བའི་གནས་སྟངས་ཅུང་ཇེ་ལེགས་ཕྱིན།   འཚོ་བའི་གནས་སྟངས་ཅུང་ཇེ་ལེགས་ཕྱིན་པ་དང་མཉམ་དུ་ང་ཚོ་ཅུང་ལེགས་པའི་སློབ་གྲྭར་བསྐྱོད་ཐུབ་པ་དང༌། ང་ཚོ་ཅུང་ལེགས་པའི་སློབ་གྲྭར་བསྐྱོད་ཐུབ་བསྟུན་ནས་ཤེས་ཡོན་ལེགས་ཙམ་ཐོབ་ཏེ་ལས་ཀ་དང་གོ་གནས་ལེགས་ཙམ་རག་པ་རེད།དེ་ནི་ཁོང་ཚོའི་སྙིང་ཁོངས་ནས་འགྱུར་བ་བཏང་པ་མ་ཡིན།     གློ་བུར་དུ་གཉིད་སད་པའི་ཀུན་སློང་ཡག་པོ་ཞིག་ཀྱང་མ་རེད།  དེ་ནི་ཕྱི་ཕྱོགས་ནས་ཁོང་ཚོར་གནོན་ཤུགས་སྤྲད་པ་དང༌། གནོན་ཤུགས་སྤྲད་པ་དེས་ང་ཚོར་མདུན་བསྐྱོད་ཀྱི་གོམ་པ་ཁ་ཤས་སྤོ་རུ་བཅུག་ཡོད་པ་རེདག་རེ་བྱས་ནས་ཁོང་ཚོས་ང་ཚོ་དང་ཐོག་དམག་ཞབས་ཁོངས་སུ་འཛུལ་ཞུགས་བྱེད་དུ་བཅུག་ཡོད་པ་མ་རེད།   དེ་ནི་ཁོང་ཚོས་ང་ཚོ་ལ་མེ་མདའ་སྤྲོད་པ་དང༌།  མེ་མདའ་རྒྱག་སྟངས་སློབ་རྒྱུར་ཞེད་སྣང་སྐྱེས་པ་དང༌།(དགད་མོ་བགད།) ཁོང་ཚོས་ང་ཚོར་མེ་མདའ་སུ་ལ་རྒྱག་དགོས་མིན་བརྗོད་མི་དགོས་པ་ལ་ཞེད་སྣང་སྐྱེས་པ་རེད།  (དགད་མོ་བགད་དང་ལག་པ་བརྡབས།)

གཅིག་བྱས་ན་ཁོང་ཚོར་བསམ་ཚུལ་དེ་ཡོད་མི་སྲིད་ཀྱང་དེ་ནི་ཁོང་ཚོའི་འདུ་ཤེས་ནང་དུ་གནས་ཡོད་པ་ཞིག་རེད།   དེར་བརྟེན་ངས་ཨ་ཞང་བསམ (UncleSam) གྱི་སེམས་ཁོངས་སུ་ང་ཚོ་མདུན་བསྐྱོད་བྱེད་དགོས་པར་ངོས་འཛིན་བྱས་ཏེ་འགྱུར་བ་བཏང་བ་ཞིག་མ་ཡིན་པ་ངས་གསལ་སྟོན་བྱས་པ་ཡིན།  དེ་ནི་འཛམ་གླིང་གིས་གནོན་ཤུགས་སྤྲད་པ་དང༌།    ཕྱི་ཕྱོགས་ནས་ཞེད་སྣང་དང་ཉེན་ཁ་སླེབས་ཏེ་ཁོང་ཚོའི་བསམ་བློར་བཙན་འཛུལ་བྱས་པས་ང་ཚོ་ཅུང་ཙམ་ཡར་ལངས་དུ་བཅུག་དགོས་པ་ངོས་འཛིན་བྱེད་དུ་ཅུག་ཡོད་པ་ལས༌། ང་ཚོ་མདུན་བསྐྱོད་ཀྱི་ལམ་ཁ་སྤྲོད་འདོད་སྐྱེས་པ་ཞིག་མ་རེད།

ཁོང་ཚོས་ང་ཚོར་སྒོ་ཕྱེས་པའམ་ཐ་ན་བཙན་ཤུགས་ཀྱིས་སྒོ་འབྱེད་དུ་བཅུག་པར་ཉམས་ཞིབ་ཡག་པོ་བྱས་ཏེ་གནས་ཚུལ་རྒྱུས་ལོན་བྱུང་ཚེ། ད་གཟོད་ཁྱོད་ཀྱིས་དེ་རིང་གནས་སྟངས་ཧ་གོ་ངེས་ཡིན་པ་དང༌། ཁོང་ཚོར་ང་ཚོ་་དགོས་མཁོ་བྱུང་བའི་ཐབས་ཇུས་དེ་ཡང་ཧ་གོ་ངེས་རེད། ང་ཚོའི་དཀའ་རྙོག་དེ་ཨ་རི་ཁོ་ནའི་ནང་འཐབ་རྩོད་བྱས་ཚེ་ཨ་རིའི་མནའ་མཐུན་རྗེས་སུ་འབྲངས་པ་ཆགས་ངེས་ཡིན་ལ།  ཁྱོད་ཀྱིས་སྤྱི་དམངས་ཀྱི་ཐོབ་ཐང་བརྗོད་ནའང་དེ་ནི་ཨ་རིའི་གཞུང་གི་ཁྲིམས་འཛིན་དབང་ཆ་ནང་ཁུལ་གྱི་དཀའ་རྙོག་ཞིག་ཡིན།   ཨ་རིའི་གཞུང་ནི་རུས་རྒྱུད་དང་ཤ་མདོག་དབྱེ་འབྱེད་ནང་དུ་ཚུད་ཡོད།  ག་རེ་བྱས་ནས་གཞུང་གི་དབང་འཛིན་པ་ཆེ་ཤོས་རྣམས་ཤ་མདོག་དབྱེ་འབྱེད་བྱེད་མཁན་ཡིན་ནམ། སྲིད་གཞུང་འདི་མི་སྣ་སོ་དྲུག་གིས་གྲུབ་པའི་ཨུ་ཡོན་ལྷན་ཁང་གིས་སྟངས་འཛིན་བྱེད་བཞིན་ཡོད༌། དེ་དག་ནི་གྲོས་ཚོགས་གོང་མའི་ནང་དུ་མི་སྣ་བཅུ་དྲུག་དང༌།     གྲོས་ཚོགས་འོག་མའི་ནང་དུ་མི་སྣ་ཉི་ཤུ་ཡོད་པ་དེ་རེད།   གྲོས་ཚོགས་གོང་མའི་མི་སྣ་བཅུ་དྲུག་ནང་ནས་མི་སྣ་བཅུ་ཨ་རིའི་ལྷོ་ཕྱོགས་ནས་ཡིན་པ་དང༌།  གྲོས་ཚོགས་འོག་མའི་མི་སྣ་ཉི་ཤུའི་ནང་གི་མི་སྣ་བཅུ་གསུམ་ཨ་རིའི་ལྷོ་ཕྱོགས་ནས་ཡིན་པ་རེད།   མི་འདི་དག་གིས་ང་ཚོ་གནས་ཡོད་འི་རྒྱལ་ཁབ་འདིའི་ཕྱི་ནང་གི་ཁ་ཕྱོགས་ལ་དབང་བསྒྱུར་བྱེད་བཞིན་ཡོད།  མི་སྣ་སོ་དྲུག་ལས་མི་སྣ་ཉི་ཤུ་ནི་ཤ་མདོག་དབྱེ་འབྱེད་བྱེད་མཁན་དང༌།  རུས་རྒྱུད་དབྱེ་འབྱེད་བྱེད་མཁན་རེད།  དེ་ནི་ང་ཚོས་ངོ་རྒོལ་བྱེད་སའི་གཞི་ཡིན།  ང་ཚོ་ནི་མི་ཆོས་རིང་ལུགས་འཕེལ་རྒྱས་ལ་མ་དགའ་བའི་མིས་དབང་འཛིན་བྱས་ཡོད་པའི་སྤྱི་ཚོགས་ཞིག་ནང་དུ་གནས་ཡོད་པ་རེད། ང་ཚོ་ཁོང་ཚོའི་ཉེ་འཁོར་དུ་ག་འདྲ་བྱས་ཏེ་སླེབས་ཐུབ་བམ།   གྲོས་ཚོགས་གོང་འོག་གཉིས་དང༌།   ཕོ་བྲང་དཀར་པོ།  ཆེས་མཐོའི་ཁྲིམས་ཞིབ་ཁང་ཚང་མ་ཁོང་ཚོས་སྟངས་འཛིན་བྱས་ཡོད་པ་དེ་ལས་ང་ཚོར་ག་འདྲ་བྱས་དྲང་བདེན་ཐོབ་ཐུབ་ངེས་རེད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ང་ཡ་བའི་ཐག་གཅོད་ལ་གཟིགས་དང༌།  ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཡོད་པའི་མི་དེ་དག་ཁྲིམས་ལ་མཁས་པ་ཡིན་པ་མ་ཟད།  ཁྲིམས་ཀྱི་བརྗོད་ཚིག་བཟོ་རྒྱུར་ཡང་མཁས་པ་རེད།  ཁོང་ཚོ་ཁྲིམས་ཀྱི་བརྗོད་ཚིག་བཟོ་རྒྱུར་མཁས་དྲགས་པས་སུས་ཀྱང་གོ་བ་ལེན་དཀའ་བའི་བརྗོད་ཚིག་བེད་སྤྱོད་བཏང་ཏེ་རུས་རྒྱུད་དབྱེ་འབྱེད་མེད་པར་བཟོ་རྒྱུའི་ཐག་གཅོད་དེ་སློབ་གསོའི་སྒང་ལ་བཞག་ནས་ལོ་བཅུ་འདས་པ་རེད།   ཁོང་ཚོས་ཅི་ཞིག་བྱེད་བཞིན་ཡོད་པ་ཁོང་ཚོས་གསལ་བོར་ཤེས་ཀྱི་ཡོད་པ་དང༌། ང་ཚོས་ཁེ་བེད་ཅི་ཡང་ལེན་མི་ཐུབ་ཡང་ཁོང་ཚོས་ཤེས་ཀྱི་ཡོད་པ་རེད།ཁོང་ཚོས་ན་ནིང་ “སྤྱི་དམངས་ཐོབ་ཐང་གི་ཁྲིམས་གཞི་” བཟོས་ཏེ་ང་ཚོ་གོང་འོག་ཟུང་འབྲེལ་གྱིས་མདུན་ལམ་ཡོད་པའི་ཡུལ་ལུང་དུ་ཁྲིད་གི་ཡོད་པའཛམ་གླིང་ལ་ཁྱབ་བསྒྲགས་བྱས་ཡོ་ད་རེད།  གུས་བར་འོས་བའི་སློབ་དཔོན་མར་ཏིན་ལུ་ཏར་ཁིན (Martin Luther King) གཟའ་ འཁོརསྔོན ་མའི་ ནང་བཙོན་ཁང་ནས་ཐོན་ཏེ་ཝ་ཞིན་ཏུང་(Washington D.C.)ལ་ཕེབས་ནས །  ཉིན་ལྟར་ ཨ་ལ་པ་མའི་(Alabama) ནང་ཤ་མདངས་ནག་པོཡིན་པའི་མིའི་འོསབསྡུའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེདདགོས་པའི་བཅའ་ཁྲིམས་གསར་བ་ཞིག་སྤྲོད་དགོས་པར་རེ་འདུན་ཞུ་རྒྱུ་ཡིན་གསུངས་ཡོད་པ་རེད། ག་རེ་བྱས་ནས༌།   ཁྱེད་ལ་ “སྤྱི་དམངས་ཐོབ་ཐང་” གི་ཁྲིམས་གཞི་བཟོས་ནས་སྤྲད་པ་མ་ཡིན་ནམ། ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པའི་ “སྤྱི་དམངས་ཐོབ་ཐང་”གི་ཁྲིམས་གཞི་དེས་ཐ་ན་ཨ་ལ་པ་མའི
(Alabama)ནང་དུ་མཉམ་འབྲེལ་སྲིད་གཞུང་ལ་ ཤ་མདངས་ནག་པོ་ཡིན་པའི་མི་ ལ་སྲུང་སྐྱོབ་ཀྱིདབང་ཚད་སྤྲད་མེད་པ་དེ་ གསུངས་རྒྱུ་ཡིན་ནམ།   དེ་ནི་རུལ་དྲི་བྲོ་བའི་གཡོ་སྒྱུ་ཅིག་གི་ནང་དུ་ཚུད་འདོད་པ་ཡིན་ནམ།   ང་ཚོ་གཡོ་སྒྱུའི་ འོག་ལོ་ནས་ལོ་བསྟུད་བསྡད་པ་རེད། ( ལག་པ་བརྡབས།)ངས་ཁྱེད་རང་ཚོར་སྡང་སེམས་འཛིན་དགོས་སློབ་ཀྱི་འདུག་མ་དགོངས་རོགས།   མི་སུ་ཞིག་ང་ལ་དགའ་ན་ང་ཡང་དེ་ལ་དགའ་ངེས་ཡིན། (དགད་མོ་བགད།) ཡིན་ནའང་མི་སུ་འདྲ་ཞིག་ཡིན་ཀྱང་ང་ལ་མ་དགའ་ན་ང་ཡང་མི་དེ་ལ་དགའ་མི་སྲིད།  (དགད་མོ་བགད།)

རྩོད་གླེང་ལ་གཡོལ་བའི་གཡོ་ཇུས་དེ་ནི་ས་ཁུལ་རིམ་པ་དང༌ རྒྱལ་ཁབ་རིམ་པ་སོགས་རིམ་པ་གོང་འོག་ཚང་མའི་ནང་དུ་གནས་ཡོད་པ་རེད། ང་ཚོའི་དཀའ་རྙོག་འདི་གྲོས་ཚོགས་གོང་འོག་གཉིས་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང༌། སྲིད་འཛིན་གྱིས་ཐག་གཅོད་བྱེད་རྒྱུར་སྒུག་ཚེ། ང་ཚོས་ཡང་བསྐྱར་ལོ་ངོ་སྟོང་ཕྲག་རིང་སྒུག་དགོས་ཀྱི་ཡོད་པ་ཤ་མདངས་ནག་པོ་མི་རབས་གསར་བའི་གཞོན་སྐྱེས་རྣམས་ཀྱིས་མཁྱེན་གྱི་ཡོད་པ་རེད།“སྤྱི་དམངས་ཐོབ་ཐང་”གི་ཁྲིམས་གཞི་བཟོས་པ་ནས་བཟུང༌། ཨ་ཧྥེ་རི་ཁའི་ཕྱི་འབྲེལ་དཔོན་རིགས་ཚོས་མོ་ཟམ་བི་ཁུའོ (Mozambique) དང༌།  ཨན་སྒོ་ལ། (Angola) ཁན་སྒོ། (Congo) ཨ་ཧྥེ་རི་ཁ་ལྷོ་མ་ (South Africa) ནང་དུ་ཤ་མདངས་ནག་པོའི་མི་སྟེང་ལ་དྲང་བདེན་མ་ཡིན་པའི་ལས་ཀ་བྱེད་བཞིན་ཡོད་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུགཏུགས་བྱས་ཡོད་པ་རེད། ང་རང་ཡ་མཚར་བ་ཞིག་ལ། ཁོང་ཚོ་མགྲོན་ཁང་དུ་ཕྱིར་ལོག་ཏེ། གཟུགས་མཐོང་བརྙན་འཕྲིན་གྱི་ཁ་ཕྱེས་ནས། ཁོང་ཚོ་བསྡད་ཡོད་པའི་ཁང་ཐོག་དེའི་འགྲམ་དུ་ཁྱིས་མི་ནག་པོ་སོ་རྒྱག་གི་ཡོད་པ་ག་འདྲ་བྱས་ནས་བལྟ་ཐུབ་ཀྱི་ཡོད་པ་དང༌།ང་འདྲ་བྱས་ནས་ཉེན་རྟོགས་པའི་ཤ་མདངས་ནག་པོའི་མི་ལ་བཅར་རྡུང་བྱེད་བཞིན་ཡོད་པ་བལྟ་ཐུབ་གི་ཡོད་དམ། ང་རང་ཡ་མཚར་བ་ཞིག་ལ་ཁོང་ཚོས་ས་ཁུལ་འདི་རུ་བྱུང་བའི་དོན་རྣམས་མཐོང་བཞིན་དུ་ག་འདྲ་བྱས་ནས་ཨན་སྒོ་ལ། (Angola) དང༌། མོ་ཟམ་བི་ཁུའོ (Mozambique)ནང་དུ་བྱུང་བའི་དོན་རྐྱེན་བརྗོད་འདིར་བྱུང་བའི་དོན་རྐྱེན་ སྐོར་ལ ་ཅི་ཡང་མི་བརྗོད་པ་ག་རེ་ཡིན་ནམ།

ངས་ཁོང་ཚོ་ཁ་ཤས་དང་མཉམ་དུ་བཀའ་མོལ་བྱུང་ལ། ཁོང་ཚོ་བརྗོད་དོན་ལ་ཨ་རི་ནང་དུ་ཡོད་པའི་ཨ་ཧྥེ་རི་ཁ་བ་རྣམས་ཀྱིས་ཁོང་ཚོའི་འཐབ་རྩོད་ནི་“སྤྱི་དམངས་ཐོབ་ཐང་”ཆེད་བརྗོད་ཚེ། “སྤྱི་དམངས་ཐོབ་ཐང་”ནི་ནང་ཁུལ་གྱི་དོན་དག་ཞིག་ཡིན་པས་ཨ་རིའི་གཞུང་གིས་ཁྲིམས་འཛིན་དབང་ཆའི་ནང་དུ་ཚུད་ཡོད་པས། གལ་ཏེ་མི་ཞིག་གིས་དེའི་སྐོར་ལ་ལབ་གླེང་བྱས་ཚེ་ཁྲིམས་དང་ཆིངས་ཡིག་ལ་འགལ་འཛོལ་བྱས་པར་བརྩི་བཞིན་ཡོད་པ་རེད། གཞན་རྣམས་ལ་མ་འདྲ་ས་ཞིག་ཡོད་པ་ནི།  ཁོང་ཚོས་ངོ་རྒོལ་ནི་ “སྤྱི་དམངས་ཐོབ་ཐང་”ཆེད་མ་ཡིན་པར༌། དེ་ནི“འགྲོ་བ་མིའི་ཐོབ་ཐང་”ཆེད་ཡིན་བརྗོད་ཡོད།  “སྤྱི་དམངས་ཐོབ་ཐང་” ནི་སྲིད་གཞུང་གི་ཁྲིམས་འཛིན་དབང་ཆའི་ཁོངས་སུ་ཡོད་པ་དང༌། “འགྲོ་བ་མིའི་ཐོབ་ཐང་” ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཁོངས་སུ་ཡོད་པ་རེད།  

རྒྱལ་ཁབ་ཚང་མས་མིང་རྟགས་བཀོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དེ་དང་མཉམ་དུ་“འགྲོ་བ་མིའི་ཐོབ་ཐང་”གསལ་བསྒྲགས་བྱས་ཡོད་པ་དང༌། མི་སུ་ཡིན་ཀྱང་“འགྲོ་བ་མིའི་ཐོབ་ཐང་”ཆེད་ངོ་རྒོལ་བྱེད་ཀྱི་ཡོད་ན༌། དོན་རྐྱེན་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་གླེང་སློང་བྱས་ཏེ་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་གླེང་མོལབྱེད་ངེས་རེད།  “སྤྱི་དམངས་ཐོབ་ཐང་”ཆེད་བརྗོད་ཚེ་མཐའ་འཁོར་དུ་ཡོད་པའི་ཚོགས་པ་ཁ་ཤས་ཀྱིས་མནའ་མཐུན་བྱེད་སྲིད་ནའང༌། ཁོང་ཚོ་ལ་དོན་རྐྱེན་དེར་འགན་འཁུར་ཡོད་པ་རེད། “འགྲོ་བ་མིའི་ཐོབ་ཐང་”བརྗོད་ཚེ་དེ་ནི་རྒྱལ་སྤྱིའི་ངོ་བོར་འགྱུར་ཐུབ་ངེས་ཡིན་པ་དང༌། དེ་ནས་ཁྱོད་ཀྱིས་དཀའ་རྙོག་དེ་རྒྱལ་སྤྱིའི་ཁྲིམས་ཁང་དུ་བསྐྱལ་ཐུབ། འཛམ་གླིང་འདིའི་སྟེང་དུ་ཡོད་པའི་མི་སུ་ཡིན་ཀྱང་ཁྱེད་ཀྱི་མཐུན་གྲོགས་སུ་གྱུར་སྲིད་ངེས་རེད། 

ང་ཚོས་ཨ་ཧྥེ་རི་ཁ་གཅིག་སྒྲིལ་ཚོགས་པའི་(Afro-AmericanUnity)སྒྲིག་འཛུགས་བཙུགས་ཏེ། ལས་རིམ་གྱི་གོམ་པ་དང་པོ་ནི་ང་ཚོའི་སྨེ་ངག་དེ་རྒྱལ་སྤྱིའི་ཅན་དུ་འགྱུར་ནས།འཛམ་གླིང་ཡོངས་ལ་ང་ཚོའི་དཀའ་རྙོག་དེ་ཨ་ཧྥེ་རི་ཁ་བའི་དཀའ་རྙོག་མ་ཡིན་ལ། ཨ་རིའི་དཀའ་རྙོག་ཡང་མ་ཡིན་པར་དེ་ནི་རྒྱལ་སྤྱིའི་དཀའ་རྙོག་ཞིག་ཡིན་པ་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་དེ་ཡིན། དཀའ་རྙོག་དེ་ནི་སྣེ་འཛིངས་ཅན་ཞིག་ཡིན་པས་ཨ་ཞང་བསམ(Uncle Sam) ཁོ་ནའི་སེལ་ ཐུབ་པ་ཞིག་མ་ཡིན དེ་བརྟེན། དཀའ་རྙོག་དེ་འབར་གས་ཕྱིན་ཏེ་སུ་ཀྱང་ལག་པ་འཆང་མི་ཐུབ་ཞིག་ཏུ་མ་གྱུར་གོང༌།གནས་སྟངས་ལེགས་སར་ཡོད་པའི་མི་སྣ་དང༌། རོགས་རམ་བྱེད་མཁན་ རྣམས་དང་མཉམ་དུ་གྲོས་མོལ་བྱེད་འདོད་ཡོད།

ཐུགས་རྗེ་ཆེ། ( ལག་པ་བརྡབས།)

མ་ཁམ་ཨེ་ཀེ་སི (Malcolm Little X)ཡི་ལོ་རྒྱུས་དོན་ཆེན།

༡༩༢༥ ལོའི་ཟླ་ལྔ་བའི་ཚེས ༡༩ ཉིན། ནེ་སྦུ་ར་སུ་ཁ་ཡི་ཨོ་མ་ཧ་(Omaha, Nebraska) ཞེས་པའི་ས་གནས་སུ་མ་ཁམ་ལེ ཐི་འཁྲུངས། 
༡༩༤༦ ལོའི་ཟླ་གཉིས་པར།  འཕྲོག་བཅོམ་བྱས་པར་ནག་ཉེས་ལ་བརྟེན་མ་ས་ཆུ་ སེ་ཐི་རུ་(Massachusettr)ལོ ༨  ༡༠ བརགྱི་ཁྲིམས་ཐག་བཅད་དེ།བཙོན་ཁང་དུ་ལོ་དྲུག་དང་ ཕྱེད་ཀ་བསྡད།

༡༩༤༨-༡༩༤༩ལོར། ཁ་ཆེ་ཆོས་ལུགས་པ་ཆགས།

༡༩༥༣ ལོར།  ཁོང་རང་ཉིད་ཀྱི་མིང་མ་ཁམ་ཨེ་ཀེ་སི་(Malcolm X) ཞེས་པར་བསྒྱུར། ཁོང་ཉིད་རྡེ་ཐི་རེད་ཏི (Detroit) ཞེས་པའི་ས་གནས་སུ་ཡོད་པའི་ཁ་ཆེ་ལྷ་ཁང་ཨང་གྲངས་དང་པོའི་ དབུ་འཛིན་གྱི་ཕྱག་རོགས་སུ་གྱུར།                                                  

༡༩༥༤ ལོར།  ཉིག་ཡོག་(New York) རུ་ཡོད་པའི་ཧར་ལེམ་(Harlem)ཞེས་པའི་ལྷ་ཁང་གི་དབུ་འཛིན་གནང༌།

༡༩༥༩ ལོར།  ཨེ་ཤ་ཡ་དཀྱིལ་མ་དང༌  ཨ་ཧྥ་རི་ཁརགཟིགས་བསྐོར་ཐེངས་དང་པོ་ཕེབས།

༡༩༦༣ ལོར། ཨེ་ལི་རྗ་ མ་ཧ་མ་རྡུ་ (Elijah Muhammad)ཡིས་ལོག་གཡེམ་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱས།

༡༩༦༣ ལོའི་ཟླ་བ་བཅུ་གཉིས་པ་ནས་༡༩༦༤ ལོའི་ཟླ་བ་གཉིས་པ་བར ཨེ་ལི་རྗ་མ་ཧ་མ་རྡུ་(Elijah Muhammad)གཟེ་མ་ར་མགོ་ཅན་གྱིལྕགས་ཀྱི་དྲས་བསྐོརཏེ།  དངོས་དོན་དག་ཕུད་བྱེད་མ་ ཐུབ་པར་ཁ་བཙུམ་ནས་བསྡོད་དགོས་བྱུང༌། མ་ཁམ་ཁོང་རང་ཉིད་ཀྱི་ལས་འགུལ་ཁྲོད་དུ་ཁེར་རྐྱང་དུ་ལུས།

༡༩༦༤ལོར།  ཁ་ཆེའི་ལྷ་ཁང་གསར་བ་ཞིག་བཙུགས་པའི་གསལ་བསྒྲགས་གནང༌།

༡༩༦༤ ལོའི་ཟླ་བ་བཞི་བ་དང་ལྔ་བར ཨེ་ཤ་ཡ་དཀྱིལ་མ་དང༌། ཨ་ཧྥ་རི་ཁར་གཟིགས་བསྐོར་ཐེངས་གཉིས་པ་ཕེབས།

༡༩༦༤ ལོའི་ཟླ་བ་དྲུག་པར།ཨ་རིའི་ཨ་ཧྥ་རི་ཁ་གཅིག་སྒྲིལ་ཚོགས་པའི་ཚོགས་ཆེན་དང་པོ་འཚོགས།

༡༩༦༤ ལོའི་བདུན་པ་ནས་བཅུ་གཅིག་པ་བར།ཨ་ཧྥ་རི་ཁར་གཟིགས་བསྐོར་ཐེངས་གསུམ་པ་ཕེབས།

༡༩༦༥ ལོའི་ཟླ་གཉིས་པའི་ཚེས ༡༤ ཉིན།ཁོང་གི་ཁང་བར་འབར་རྫས་གད་དེ་གཏོར།

༡༩༦༥ ལོའི་ཟླ་བ་གཉིས་པའི་ཚེས ༢༡ ཉིན ཉིག་ཡོག་(New York)གྲོང་ཁྱེར་ནང་དུ་ཁོང་ལྐོག་གསོད་བཏང༌།



3 Comments so far ↓

  1. ཀླུ་སྨྱོན། says:

    ངས་འདི་ཀློག་ཞོར་དུ་མིག་ཆུ་འབྱིད་ཞོར་བྱས་པ་ཡིན། རང་རེར་མཚོན་ན་གོང་ས་མཆོག་སློབ་དཔོན་མར་ཁྲིན་ལི་ཐར་ཁེང་དང་ཟམ་གདོང་ཚང་མར་ཁེ་སི་ལྟ་བུའི་ཚོད་དུ་འདུག ཡིན་ན་ཡང་མི་རིགས་ནག་པོ་ཚོས་རང་དབང་གི་སྣེ་ཁྲིད་པ་འདི་གཉིས་བགྲོངས་ཚར་བའི་རྗེས་སུ་ཡང་ད་དུང་མུ་མཐུད་དེ་རང་དབང་བརྩད་ནས་ད་ལྟ་ཁོ་ཚོའི་མི་རིགས་ཤིག་ཨ་རིའི་སྲིད་འཛིན་དུ་བདམས་པ་རེད། ཡིན་ན་ཡང་རང་རེས་གོང་ས་མཆོག་དང་ཟམ་གདོང་རྣམ་གཉིས་ཕེབས་ཚར་རྗེས་ཇི་འདྲའི་ལོ་རྒྱུས་ཀྱི་ལེ་ཚན་ཞིག་འབྲི་རྩིས་ཡོད་དམ། འདི་བསམས་ན་ང་ལ་ངོ་མ་གཉིད་མི་ཡོང་གི་ཡ།

  2. བཀུར་འོས་དཔལ་ལྡན་རྒྱལ་ལགས། བསྒྱུར་རྩོམ་འདི་སེང་རྡོར་དྲ་བར་འོས་སྦྱོར་བྱ་ཆོག་གམ། ཆོག་མིན་ལན་ཡོད་པར་ཞུ།

  3. དེ་ལྟར་གནང་རོགས། ལས་བྲེལ་གྱིས་དུས་ཐོག་ལན་འདེབས་བྱེད་མ་ཐུབ་པར་དགོངས་དག
    ཞུ་དག་ཅིག་གཏོང་ཐུབ་ན་ལེགས་པོ་འདུག བཀའ་དྲིན་ཆེ།

བསམ་ཚུལ་འབྲི་རོགས།





*