རྒྱ་ནག་གཞུང་གིས་སྟངས་འཛིན་འོག་གི་བོད་ཀྱི་རྩོམ་པ་པོ།

འབྲི་མཁན། དཔལ་ལྡན་རྒྱལ། on November 5th, 2009

གསལ་བཤད།  དེ་རིང་དུས་ཁོམ་ཞིག་དང་བསྟུན་ནས་ཡིག་ཚགས་རྙིང་བ་བསྔོག་འདོན་བྱེད་སྐབས་༡༩༩༩་ལོར་ཕྲན་གྱིས་། ཨེ་ཤ་ཡ་རང་དབང་རླུང་ཁང་དུ་དབུས་སྐད་ནང་རྩོམ་རིག་སྒྱུ་རྩལ་གྱི་དགའ་ཚལ་ཞེས་པའི་ལེ་ཚན་ཞིག་གཙོ་སྐྱོང་བྱེད་སྐབས་བོད་ནང་གི་རྩོམ་པ་པོའི་སྐོར་ལེ་ཚན་ཞིག་བཟོས་ཡོད་པ་རྙེད་བྱུང་བས་ཟིན་བྲིས་ནང་བཀོད་པ་ཡིན།

ཆར་རྗེས་ཀྱི་མྱུ་གུ་འབུས་པ་ལྟར་དར་ཁྱབ་ཕྱིན་པའི་བོད་ཀྱི་དེང་རབས་རྩོམ་རིག་དེ་རྒྱ་ནག་གཞུང་གིས་སྟངས་འཛིན་འོག་འཕེལ་ཕྱོགས་སྐོར་ལ་བསྐྱར་ཞིབ་དང་འབྲེལ། ངོ་སྤྲོད་ཕྲན་བུ་ཞུ་རྒྱུ་ཡིན། བོད་ནང་ལ་མཚོན་ན། ལོ་རབས་བརྒྱད་ཅུ་འགོ་བཙུགས་པ་ནས་བཟུང་གཞོན་སྐྱེས་མང་པོ་ཞིག་གིས་རང་རང་གི་སེམས་གྱི་ཚོར་བ་དང༌། དགའ་སྡང་ཆགས་གསུམ་ལ་སོགས་རྩོམ་རིག་གི་ལམ་ལ་བརྟེན་ནས་མཚོན་པར་བྱས་ཏེ། རྩོམ་ཡིག་འབྲི་སྲོལ་གསར་བ་ཞིག་འགོ་ཚུགས་ཡོད་པ་མཁས་དབང་མང་པོའི་དགོངས་པ་གཅིག་མཐུན་དུ་འདུག་ནའང༌། འོན་ཀྱང་ང་ཚོའི་རྩོམ་སྲོལ་གསར་བ་དེའི་ངོ་བོ་དང་གྲུབ་སྟངས་ཀྱི་ཆ་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། བོད་ནང་ཡོད་པའི་རྩོམ་རིག་གི་དུས་དེབ་རྣམས་རྒྱ་ནག་གཞུང་གིས་སྟངས་འཛིན་དང་བཀོད་ཇུས་འོག་པར་བསྐྲུན་དང་འགྲེམས་སྤེལ་བྱེད་དགོས་གྱུར་ཡོད་པ་མ་ཟད། དུས་དེབ་དེ་དག་གི་རྩོམ་སྒྲིག་ལས་འཁུར་བྱེད་མཁན་ཡང་རྒྱ་ནག་གཞུང་གིས་བློ་ལ་འབབ་པའི་མི་ཞིག་ཐད་ཀར་འདེམས་བསྐོ་བྱས་ཡོད་པ་གསལ་བོ་རེད། དེང་སྐབས་བོད་ནང་དུ་རྩོམ་རིག་དང་འབྲེལ་བའི་དུས་དེབ་རྣམ་གྲངས་ཕལ་ཆེར ༥༠ ལྷག་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དང༌།དེ་བས་དུས་དེབ་དེ་དག་གི་ནང་ཐོན་པའི་རྩོམ་གྱི་རྣམ་པ༌། སྒྱུ་རྩལ། ཚིག་སྦྱོར་དང་ཡི་གེ་དག་ཆ་གང་ཅིའི་ཐད་ཚད་མཐོན་པོར་སླེབས་ཡོད་པ་སྨྲས་མ་དགོས་ནའང༌། རྩོམ་དེ་དག་གི་བསྟན་བྱ་སྟེ། ནང་དོན་དངོས་ལ་བལྟ་སྐབས་རྩོམ་པ་པོའི་བསམ་འདུན་ལ་ཚད་བཀག་དང་སྟངས་འཛིན་བྱས་ཡོད་པ་གསལ་བོར་ཤེས་ཐུབ། གནས་ཚུལ་དེས་རྐྱེན་པས་རྩོམ་པ་པོ་གང་མང་ཞིག་གིས་ཐབས་ལམ་གཞན་ཞིག་བརྒྱུད་ནས་སོ་སོའི་སེམས་ཀྱི་སྣང་ཚུལ་ངོ་མ་དེ་རྩོམ་རིག་གི་ལམ་ནས་སྟོན་ཐབས་སུ། སློབ་གྲྭ་ཆེན་མོའི་སློབ་ཕྲུག་དང༌། དགོན་སྡེ་ཁག་གི་གྲྭ་བས་རྩོམ་རིག་གི་དུས་དེབ་འགྲེམས་སྤེལ་བྱས་ཡོད་པ་དང།    དཔེར་ན་སྐུ་འབུམ་དགོན་པའི་གྲྭ་བ་ཁག་གཅིག་གིས་༡༩༩༥ ལོར {ཙོང་ལ་རིང་མོའི་དགོད་སྒྲ།}   ཞེས་པའི་རྩོམ་རིག་དུས་དེབ་ཞིག་འགྲེམས་སྤེལ་བྱས་ནས་ཟླ་བ་ཁ་ཤས་ཕྱིན་རྗེས་རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་པར་དུས་དེབ་འགྲེམས་སྤེལ་བྱས་པ་ནག་ཉེས་བཙུགས་ཏེ དུས་དེབ་དེ་གའི་རྩོམ་སྒྲིག་པ་གྲྭ་བ་དམ་ཆོས་འཛིན་བཟུང་བྱས་ཡོད་པ་རེད། དེ་ཡང་ཙོང་ལ་རིང་མོའི་དགོད་སྒྲ་ཞེས་པའི་དུས་དེབ་དེའི་རྩོམ་སྒྲིག་པའི་གཏམ་ནང་བཀོད་དོན།འཇིགས་རུང་གི་གཡང་ས་རུ་བརྩེ་སེམས་ཀྱི་ལག་ཟུང་ལྷན་དུ་སྤྲེལ་པའི་སྤུན་ཟླ་རྣམ་པ་ལགས། ལོ་རྒྱུས་ཀྱི་ཁྲོད་དུ་ཁྲག་དྲོན་གྱིས་རི་མོ་བྲིས་མྱོང་བའི་མེས་པོ་རྣམས་ལ་རྗེས་དྲན་ཙམ་ཞུ་ཆེད། {ཙོང་ལ་རིང་མོའི་དགོད་སྒྲ།} ཞེས་པ་དུས་དེབ་འདི་རྩོམ་སྒྲིག་ཞུས་པ་ཡིན།ཞེས་བཀོད་ཡོད་པ་རེད། ཡིན་ནའང་རང་གི་མྱེས་པོ་རྣམས་ལ་རྗེས་དྲན་དང་བཀའ་དྲིན་སེམས་སུ་དྲན་པ་མཚོན་པར་བྱས་པ་ཙམ་གྱིས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་རྣམ་རྟོག་ལངས་ཏེ།    རྩོམ་སྒྲིག་པ་ཁོང་འཛིན་བཟུང་བཙོན་བཅུག་བྱས་པ་རེད།བོད་ནང་གི་རྩོམ་པ་པོ་དང་སྙན་ངག་མཁན་རྣམས་ལ་རང་དབང་མེད་པ་མ་ཟད། ཐ་ན་རང་སེམས་ཀྱི་ཚོར་བ་མངོན་པའི་སྙན་རྩོམ་ཞིག་བྲིས་ཚེ།  བཙོན་འཇུག་གི་ཉེན་ཁ་ཡོད་པའི་སྐོར་ལ་དེང་སྐབས་རྒྱ་གར་རྡ་རམ་ས་ལར་གནས་བཞུགས་བྱས་ཡོད་པའི་སྙན་ངག་པ་ཧོར་གཙང་འཇིགས་མེད་ལགས་ཀྱི་གསུངས་དོན།
“བོད་ནང་གི་རྩོམ་པ་པོ་ཞིག་ཡིན་དུས། རྩོམ་ཡིག་འབྲི་བར་མྱུ་གུ་ལག་ཏུ་བཟུང་བའི་མཚམས་ནས་ཆབ་སྲིད་ཀྱི་གནོན་ཤུགས་ཤིག་དང༌། འཇིགས་སྣང་ཞིག་སེམས་ནང་མ་དྲན་རང་དྲན་ཆགས་ཡོང་གི་ཡོད་པ་རེད། སོ་སོའི་དངོས་གནས་དྲང་གནས་ཀྱི་རྩོམ་པ་པོ་དེའི་བསམ་བློའི་ཚབ་མཚོན་ཐུབ་པའི་རྩོམ་ཡིག་དེ་དུས་དེབ་ཐོག་འདོན་ཐུབ་རྒྱུར་ཕར་བཞག ཁོའི་སེམས་ནང་གལ་སྲིད་ངས་དངོས་གནས་དྲང་གནས་ཀྱི་རྩོམ་ཡིག་ཚད་དང་ལྡན་པ་ཞིག་སོ་སོའི་ལྟ་ཚུལ་ངོ་མ་དེ་རྩོམ་སྒྲིག་ཁང་ཞིག་ལ་བཏང་བ་ཡིན་ན། སང་ནངས་ཉིན་ཞྭ་མོ་ནག་པོ་ཞིག་གཡོགས་མི་འོང་ངམ་སྙམ་པའི་སེམས་ཚོར་དེ་ཡོད་བསྡད་པ་རེད། དེ་འདྲ་སོང་ཙང༌། ཁོ་རང་གིས་རྩ་བ་ཉིད་ནས་རང་ཉིད་ཀྱི་སེམས་ཀྱི་སྣང་ཚུལ་ངོ་མ་མཚོན་ཐུབ་པའི་རྩོམ་ཡིག་ཅིག་འབྲི་ཐུབ་ཀྱི་ཡོད་པ་མ་རེད།” ཅེས་དང༌།གཞན་ཡང༌། ༡༩༩༥ ལོར་པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཡིག་སྡེ་ཚན་གྱི་སློབ་ཕྲུག་ཚོས་{གླག་རྒོད།}ཞེས་པའི་དུས་དེབ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང༌། དུས་དེབ་དེའི་གླེང་བརྗོད་དུ། གླག་རྒོད། ཁྱེད་ཀྱིས་མཁའ་ལ་འཕུར་བའི་རང་དབང་ལ་བརྟེན་ནས། གངས་ལྗོངས་མི་མང་ལ་བདེ་སྐྱིད་བསྐྲུན་དགོས་ལ༌། རྙོག་འཛིངས་ཆེ་བའི་སྤྱི་ཚོགས་ཀྱི་གནས་སྟངས་འོག་ནས་ང་ཚོའི་སྐད་གདངས་ཉམས་མི་སྲིད་ལ།   ཆར་དང་རླུང་འཚུབ་ཁྲོད་དུ་ང་ཚོའི་གཟུགས་བརྙན་ཀྱང་ཉམས་མི་ཐུབ།ཞེས་བཀོད་ཡོད་པ་རེད།   དེའི་བསྟན་དོན་གཙོ་བོ་ཞིག་ནི་གངས་ཕྲུག་ཚོས་སེམས་ལ་བརྣག་པའི་མ་འོངས་གངས་ལྗོངས་ཀྱི་མདུན་ལམ་སེམས་སུ་བཅིངས་ནས། ཁོང་ཚོར་འཇིགས་པ་དང་གཡོ་གཟུར་གང་ཡང་མེད་པར་བོད་མི་དམངས་ལ་བདེ་སྐྱིད་སྐྲུན་ཆེད་གླག་རྒོད་འདྲ་བའི་འཕུར་རྩལ་ལྡན་པ་ཞིག་དུ་འགྱུར་ན་སྙམ་པའི་རེ་སྨོན་དང་རང་དབང་ལ་འབད་པའི་སེམས་ཁམས་ངོ་མ་ཕྱིར་མངོན་ཡོད།

ཡང་བོད་ཀྱི་ཨ་མདོ་བླ་བྲང་ས་ཁུལ་དུ་རྒྱ་ནག་གཞུང་གི་ཆོག་མཆན་འོག་འགྲེམས་སྤེལ་བྱེད་བཞིན་པའི་ཟླ་ཟེར། དུས་དེབ་ཀྱི་རྩོམ་སྒྲིག་པ་ཕྱག་རྡོར་ཚེ་རིང་ཟེར་བ་ཞིག་ཀྱང་༡༩༩༦ལོའི་ཟླ་བ་དང་པོའི་ཚེས་༢༣་ཉིན་འཛིན་བཟུང་བྱས་ཡོད་པ་དང༌། ཕྱག་རྡོར་ཚེ་རིང་ལགས་ཀྱིས་སྙན་རྩོམ་དང༌།    བརྩམས་སྒྲུང་གང་མང་ཞིག་སྦྲང་ཆར་དུས་དེབ་དང༌ བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་ཐོག་པར་བསྐྲུན་བྱས་ཡོད་པ་རེད དེ་ཡང་རྩོམ་པ་པོ་ཕྱག་རྡོར་ཚེ་རིང་འཛིན་བཟུང་བྱས་པའི་སྐོར་ལ་སྒྲོལ་དཀར་སྐྱབས་ལགས་ཀྱིས་འགྲེལ་བརྗོད་གནང་དོན༌། 
“ཕྱག་རྡོར་ཚེ་རིང་ལགས་ཀྱི་སྐོར་ལ་རྒྱ་གར་དུ་ཡོང་ཁར་རྩད་གཅོད་བྱས་པ་ཡིནཏེ། ཕྱག་རྡོར་ཚེ་རིང་ཁོང་ ༩༦ ལོར་འཛིན་བཟུང་བྱས་པ་རེད་འདུག ཁོང་འཛིན་བཟུང་བྱས་ནས་བཙོན་འཇུག་ཁྲིམས་ཐག་ཆད་ཡོད་མེད་ཤེས་ཀྱི་མེད།གང་ལྟར་སྐབས་ཤིག་ལ་ཁོང་བསྐྱར་དུ་འཛིན་བཟུང་བྱས་སོང་ཞེས་གང་དུ་བཟུང་བ་དང༌། གང་ལ་ཁྲིད་པའི་སྐོར་ངས་ཤེས་མེད།” ཅེས་དང༌། གཞན་དེང་སྐབས་བོད་ནང་དུ་བུད་མེད་རྩོམ་པ་པོ་མང་པོ་ཞིག་ཐོན་དང་ཐོན་བཞིན་པ་རེད། ཡིན་ནའང༌། སོ་སོའི་སེམས་ཀྱི་ཚོར་བ་དང་གང་ཞིག་སེམས་སུ་འཆར་བའི་སྣང་ཚུལ་དེ་འབྲི་ཐུབ་རྒྱུ་ཤིན་ཏུ་ཁག་པོ་ཡོད་པའི་སྐོར་ལ་བཙན་བྱོལ་གྱི་འཚོ་བ་རོལ་བཞིན་པའི་བུད་མེད་སྙན་ངག་མཁན་ལྕགས་མོ་འཚོ་ལགས་ཀྱིས་འགྲེལ་བརྗོད་གནང་དོན།
“རང་གི་སེམས་ནས་ངོ་མ་དམར་དམར་ཞིག་བཤད་འདོད་ཀྱང་སྐབས་དེའི་ཚོར་སྣང་ལ། ངས་འདི་ལྟར་བྲིས་པ་ཡིན་ན། དུས་དེབ་དེའི་སྟེང་པར་སྐྲུན་བྱེད་ཐུབ་རྒྱུ་ཨེ་རེད པར་སྐྲུན་བྱེད་ཉན་རྒྱུ་ཨེ་རེད་ཅེས་བསམ་བློ་བཏང་སྟེ། རང་གིས་རང་ལ་བཀག་རྒྱ་བཟོས་ཡོད། དེ་ནས་སྤྱི་ཚོགས་ཀྱི་ངོས་ནས་དང་ལེན་བྱེད་ཐུབ་མིན་ཡང་མི་ཤེས་པས་འདི་ལྟར་བྲིས་ཚེ།མང་པོ་ཞིག་ཇི་ཞིག་བསམ་གྱི་ཡོད་མེད་ལ་འང་མནོ་བསམ་གཏང་དགོས་ཀྱི་ཡོད།” ཅེས་དང༌། དེ་དང་ཆ་མཚུངས་པར་འབྲས་སྤུངས་དགོན་པའི་གྲྭ་ངག་དབང་འོད་ཟེར་ལགས་དང་གཞན་ཁག་ཅིག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་པར་བསྐྲུན་བྱས་པར་རྒྱ་ནག་གཞུང་གིས་ཉེས་བཙུགས་བྱས་ཏེ། ངག་དབང་འོད་ཟེར་ལགས་༡༩༨༩་ལོའི་ཟླ་ ༤ ཚེས ༡༦ ཉིན་འཛིན་བཟུང་བྱས་ནས་དུས་བཀག་བཙོན་འཇུག་ལོ་ ༡༡ བཟོས་ཡོད་པ་རེད། གནས་ཚུལ་དེའི་ཐད་༡༩༩༢ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ངག་དབང་འོད་ཟེར་ཅིའི་ཕྱིར་བཙོན་འཇུག་ཉེས་ཆད་བཏང་དགོས་སྐོར་འདྲི་བརྩད་བགྱིས་པར།   རྒྱ་ནག་གཞུང་གིས། “ངག་དབང་འོད་ཟེར་གྱིས་དགོན་པའི་ནང་ཁ་བྲལ་གྱི་ལས་འགུལ་སྤེལ་བ་དང༌། བོད་རང་བཙན་སྐོར་གྱི་གསང་བའི་ཡིག་ཆ་འགྲེམས་སྤེལ་བྱས་པ་མ་ཟད༌། ༡༩༨༩ ལོར་ལྷ་སའི་ཟིང་འཁྲུག་ནང་ཞུགས་ཡོད་སྟབས་བཙོན་འཇུག་བྱས་པ་ཡིན།” ཞེས་མཉམ་འབྲེལ་རྒྱལ་ཚོགས་ལ་ལན་འདེབས་བྱས་ཡོད་པ་རེད། ཡང་ལོ་དེའི་ལོ་སྟོད་དུ་སི་ཁོ་ཏི་ལན་དིའི་རྒྱལ་སྤྱིའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་ངག་དབང་འོད་ཟེར་ཁོང་དམིགས་བསལ་ཚོགས་མིར་འདེམས་ཐོན་བྱུང་ཡོད་པ་དང༌། དེ་ཡང་སི་ཁོ་ལན་དི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གསུངས་དོན།    
“ངག་དབང་འོད་ཟེར་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་དང་རྩོམ་འབྲི་བྱས་པ་དེ་ནི་སོ་སོའི་རྣམ་དཔྱོད་ཕྱི་ལ་སྟོན་ཆེད་ཡིན་རུང༌། རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པ་ཡིན་པས་ང་ཚོའི་ཚོགས་པའི་ངོས་ནས་ཁོང་ཀློད་གྲོལ་ཡོངས་ཐབས་སུ་རྒྱ་ནག་གཞུང་ལ་སྙན་ཞུ་འབུལ་གྱི་ཡིན།”ཞེས་གསུངས་ཡོད་པ་རེད།
མདོར་ན། བོད་ནང་དུ་ཡོད་པའི་གཞོན་སྐྱེས་ཚོ་ཡིན་ནའང་འདྲ། བོད་ཕྱི་ལ་ཡོད་པའི་བོད་རིགས་མཁས་དབང་ཚོ་དང༌། དེ་མིན་བོད་ཀྱི་རིག་གཞུང་དང༌། ནང་ཆོས། རྩོམ་རིག་སོགས་ལ་ཞིབ་འཇུག་གནང་མཁན་ཕྱི་གླིང་བ་མང་པོ་ཞིག་གི་སེམས་སུ་བོད་ནང་ཡོད་པའི་རྩོམ་པ་པོ་རྣམས་ལ་རྩོམ་འབྲི་བའི་རང་དབང་ཐོབ་ཐུབ་ཀྱི་མེད་པར་དུས་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།



བསམ་ཚུལ་འབྲི་རོགས།





*