བོད་རྒྱའི་གྲོས་མོལ་གྱི་ཁོར་ཡུག་ལ་བསྐྱར་དུ་བལྟ་བ།

འབྲི་མཁན། དཔལ་ལྡན་རྒྱལ། on January 11th, 2010

བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་འདོད་འདུན་ཏེ། གཞིས་བྱེས་ལྷན་འཛོམས་ཀྱི་དགའ་སྤྲོའི་ཉིན་མོ་ཞིག་ཤར་བའི་རེ་བ་ཇེ་ཆུང་དུ་འགྲོ་བཞིན་༢༠༠༩་ལོ་མཇུག་རྫོགས་པ་དང་། ༢༠༡༠ ལོ་འདི་ནི་བོད་ཀྱི་གནད་དོན་སེལ་ཆེད་བོད་དང་རྒྱ་ཕྱོགས་གཉིས་ཀྱི་ཆེས་མཐོ་སྐུ་ཚབ་རྣམ་གཉིས་བར་ཁ་རྩོད་ཞིག་དང་མཉམ་དུ་འགོ་ཚུགས་སོང༌། ཚིག་རྩོད་གཙོ་བོ་གཅིག་གི་བོད་ཕྱོགས་ཀྱིས་བཤད་ན། རྒྱ་ནག་གཞུང་གིས་གོང་ས་ཏ་ལའི་བླ་མའི་བོད་རང་བཙན་རྩོད་ཀྱིན་མེད་པ་ངོས་ལེན་བྱས་སོང་ཟེར་ལ། རྒྱ་ནག་ཕྱོགས་ནས་ “ཏཱ་ལའི་བླ་མས་བོད་རང་བཙན་བྱེད་པའི་རེ་འདོད་མེད་”ཅེས་པའི་སྐད་ཆ་ཞིག་རྩ་བ་ནས་བཤད་མ་མྱོང་བ་ཟེར་བ་དེ་རེད།

8th_round_china_1

བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་པ་གནང་བཞིན་པ།

༢༠༠༢ལོ་ནས་བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་བྱུང་ནས་༢༠༠༨་ལོའི་སྤྱི་ཟླ་བ་བཅུ་གཅིག་པའི་བར་དུ་། འབྲེལ་མོལ་གྱི་རྣམ་པ་ཡར་རྒྱས་དང་རྒྱ་ནག་ཕྱོགས་ནས་བོད་ཀྱི་བསམ་ཚུལ་ལ་ཉན་འཇོག་བྱེད་པ་སོགས་བརྗོེད་ནས་བོད་མི་རྣམས་ཀྱི་སེམས་སུ་རེ་བ་ཞིག་སྤྲད་ཡོད་པ་རེད། ཡིན་ནའང་༢༠༠༨་སྤྱི་ཟླ་བཅུ་གཅིག་པའི་ནང་བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བཙན་བྱོལ་བོད་གཞུང་གིས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ འདིར་གཟིགས)

སྤྲད་པ་དེའི་ཐད་། བོད་ཕྱོགས་ནས་གསལ་བསྒྲགས་གང་ཡང་མ་བྱས་གོང།  རྒྱ་ནག་ཕྱོགས་ནས་ལོའི་དེའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ཉིན་པེ་ཅིན་ཏུ་བོད་རྒྱའི་འབྲེལ་མོལ་སྐོར་ལ་སྔར་བྱུང་མ་མྱོང་གསར་འགོད་ལྷན་ཚོགས་བསྡུས་ཏེ། “ང་ཚོས་ཏ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ཆེད་གྲོས་མོལ་བྱས་པ་ལས་བོད་དོན་ཟེར་བ་ཞིག་ལ་གྲོས་མོལ་ནམ་ཡང་བྱས་མེད། ༡༩༨༠ནང་དུ་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་བོད་ས་ཡོངས་ལ་ཆེས་མཐོའི་རང་སྐྱོང་ཟེར་བ་ཡོང་ཐབས་མེད་པ་གསལ་བོར་བཤད་ཡོད་ཅེས་གསར་འགོད་ལྷན་ཚོགས་ཐོག་བརྗོད་ནས་བོད་ཀྱི་གནད་དོན་ཟེར་བ་མེད་ཚུལ་བརྗོད་ཡོད།
རྒྱ་ནག་གཞུང་གིས་ལན་འདེབས་བྱས་པ་དེས་བོད་མི་རྣམས་ལ་གོང་ས་མཆོག་གི་སྐུ་ཚབ་རྣམ་པས་རེ་བ་ཞིག་སྤྲད་ཡོད་པ་དེ་རེ་མེད་དུ་བཏང་། ༢༠༠༩་ལོའི་ཟླ་བ་དྲུག་པའི་ཚེས་༢༩ཉིན་གྱི་བོད་ལྗོངས་ཉིན་རེ་ཚགས་པར་ཐོག་རྩོམ་ཡིག་སྤེལ་ཡོད་པའི་ནང༌།“ཀྲུང་གོ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་གསར་འགོད་པའི་མཇལ་འཕྲད་ཚོགས་འདུ་ཞིག་གི་སྟེང་པེ་ཅིང་གིས་དང་ལེན་བྱེད་དཀའ་བའི་དྲན་ཐོ་ཞིག ན་ནིང་གྲོས་མོལ་བྱེད་དུས། ཡུལ་གྱར་སྲིད་གཞུང་གིས་ཀྲུང་དབྱང་སྲིད་གཞུང་ལ་”བོད་མི་ཡོངས་ཀྱི་རང་སྐྱོང་གཙང་མ་བྱེད་པའི་དྲན་ཐོ”ཞིག་སྤྲད་མྱོང་བ་དེར་ཁ་བྲལ་གྱི་འདོད་བློ་མངོན་པར་གསལ་སྟབས། པེ་ཅིང་ཕྱོགས་ཀྱིས་ཁ་ཡ་གཏན་ནས་མ་བྱས། ཀྲུང་དབྱང་སྲིད་གཞུང་ལ་ཆ་མཚོན་ནས་བཤད་ན། ཁ་བྲལ་ཐད་ནས་གྲོས་མོལ་བྱེད་ས་གཅིག་ཀྱང་མེད། ཀྲུང་དབྱང་སྲིད་གཞུང་གིས་རྣམ་འགྱུར་གསལ་བོར་བསྟན་རྗེས། ཏཱ་ལའི་ཕྱོགས་ཀྱིས་མུ་མཐུད་དུ་དྲན་ཐོ་དེ་གྲོས་མོལ་གྱི་རྨང་གཞིར་བཟུང་ཡོད་པ་རེད། དེ་ནི་དྲང་སེམས་ཏིལ་འབྲུ་ཙམ་ཡང་མེད་པའི་མཚོན་རྟགས་ཤིག་རེད།་གལ་ཏེ་ཏཱ་ལའི་ཕྱོགས་ཀྱིས་མུ་མཐུད་དུ་དྲན་ཐོའི་ནང་དོན་ལ་འཕྲི་སྣོན་གང་རུང་བྱས་ཏེ་ལམ་ཞིག་འཚོལ་འདོད་ཡོད་ཚེ། དེ་ལ་འབྲས་བུ་གང་ཡང་སྨིན་མི་སྲིད་།” ཅེས་དང༌། ཡང་རྩོམ་ཡིག་དེའི་ནང་དུ། “ད་ལོའི་ཟླ༣ཚེས༧ཉིན་ཀྲུང་གོའི་ཕྱི་འབྲེལ་པ་ཡང་ཅེ་ཁྲི་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་འདི་སྐད། ཏཱ་ལའི་བླ་མས་ཀྲུང་གོའི་བོད་སྡོད་དམག་མི་དང་བོད་དུ་འཚོ་གཞིས་སུ་ཡོད་པའི་མི་རིགས་གཞན་དག་ཕྱིར་བསྐྲོད་འདོད་ཡོད་པ་རེད།”ཞེས་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེ་ཚགས་པར་སྟེང་བཀོད་འདུག འདི་ནི་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་པ་དེ་གཞིར་བཞག་གྲོས་མོལ་ཡོང་ཐབས་མེད་པ་གསལ་བོར་བརྗོད་འདུག
 དེ་ལ་ལས་འདེབས་ཚུལ་དུ་ཉེ་ཆར་བཙན་བྱོལ་བོད་གཞུང་གིས། རྒྱ་ནག་གཞུང་ནས་དམག་དཔུང་ཕྱིར་འཐེན་དང༌། མི་རིགས་གཙང་སེལ་ཞེས་བོད་མིའི་མངོན་འདོད་ལ་འཁྱོག་བཤད་བྱས་པར་བདེན་པའི་ལན་འདེབས་ཞེས་པའི་ཡིག་ཆ་ཞིག་ཡོངས་ཁྱབ་ཀྱིས་བཀྲམས་འདུག ཡིག་ཆ་དེའི་ནང་དུ་དམག་དཔུང་ཕྱིར་འཐེན་ཞེས་པའི་སྐོར་ལ་བཀོད་དོན། “༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་པར་བོད་དེ་འཚེ་མེད་ཞི་བའི་བསྟི་གནས་ཤིག་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་ར་བ་ཞིག་ཏུ་བསྒྱུར་གནང་མཛད་རྒྱུའི་དགོངས་བཞེད་དེ་ནི།གང་ཉིད་ཀྱི་འཁོར་འབངས་སུ་གཏོགས་པའི་བོད་མི་རྣམས་དང༌། དེ་དག་ལོ་ངོ་སྟོང་ཕྲག་རིང་འཚོ་སྡོད་བྱེད་ཡུལ་གྱི་མཐོ་སྒང་དེ་རེད། བོད་ཀྱི་སྣོད་བཅུད་གཉིས་གར་བཅངས་པའི་འབྱུང་འགྱུར་གྱི་འཆར་སྣང་ཞིག་ཡིན་པ་ལས། དེ་དག་ཞི་མོལ་གང་ཡང་རུང་བ་ཞིག་བྱེད་པར་སྔོན་འགྲོའི་ཆ་རྐྱེན་བཏོན་པ་ཞིག་མ་ཡིན་ཞེས་བཀོད་འདུག དེ་བཞིན་ཡིག་ཆ་དེའི་ནང་དུ། རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་རྒྱ་རིགས་བོད་ནང་དུ་གནས་སྤོར་བྱེད་དགོས་པའི་སྐོར་ལ་གཏམ་བཤད་བྱས་ཡོད་པ་ཁག་ལུངས་འདྲེན་བྱས་ཡོད་པ་མ་ཟད། འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་རྒྱ་རིགས་མང་པོ་ཞིག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཁག་ནང་གནས་སྦོར་བྱས་ཡོད་པའི་གནས་ཚུལ་བཀོད་འདུག བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་མི་སྣ་ཞིག་ལ་ཡིག་ཆ་འདི་རྒྱ་ནག་གཞུང་ལ་སྤྲད་ཡོད་མེད་དྲི་བ་དྲིས་པར། ཁོང་གིས “ངས་ཤེས་ཚོད་ལྟར་ན་ཡིག་ཆ་འདི་སྤྱི་ཚོགས་ཐོག་ཡོངས་ཁྱབ་བཀྲམས་ཡོད་ལས་རྒྱ་ནག་གཞུང་ཐད་ཀར་སྤྲད་ཡོད་པ་མ་རེད་ཟེར།” “རྒྱ་ནག་གཞུང་ནས་དམག་དཔུང་ཕྱིར་འཐེན་དང༌། མི་རིགས་གཙང་སེལ་ཞེས་བོད་མིའི་མངོན་འདོད་ལ་འཁྱོག་བཤད་བྱས་པར་བཙན་བྱོལ་བོད་གཞུང་གིས་བདེན་པའི་ལན་འདེབས་ཞེས་པའི་ཡིག་ཆ”་དེར་གཟིགས་འདོད་ན་སྦྲེལ་ཐག་འདིར་མཐུད་རོགས

ཡང་༢༠༠༩་ལོའི་ཟླ་བ་དྲུག་པའི་ཚེས་༢༩་ ཉིན་གྱི་བོད་ལྗོངས་ཉིན་རེ་ཚགས་པར་ཐོག་རྩོམ་ཡིག་སྤེལ་ཡོད་པའི་ནང༌། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་དང༌། རྒྱ་ནག་ཕྱོགས་ཀྱི་བོད་རྒྱའི་གྲོས་མོལ་གྱི་སྣེ་ཁྲིད་མཁན། ཀྲུའུ་ཝེ་ཆུན་གྱིས། “ ༢༠༠༨ལོའི་ཟླ༡༡པར་ཕྱོགས་གཉིས་ཀྱི་གྲོས་མོལ་ཐེངས༩བའི་རྗེས་སུ། ཏཱ་ལའི་ཕྱོགས་ཀྱིས་ཡང་བསྐྱར་གྲོས་མོལ་བྱེད་མཚམས་བཞག་པ་རེད་།” ཅེས་བརྗོད་འདུག  ཡིན་ནའང་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་བོད་རྒྱའི་གྲོས་མོལ་གྱི་སྣེ་ཁྲིད་མཁན་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་༢༠༠༩་ལོའི་ཟླ་བ་༡༢་བའི་ཚེས་༡༠་ཉིན་གསར་འགོད་གསལ་བསྒྲགས་ཞིག་སྤེལ་ཡོད་པའི་ནང༌། “གལ་ཏེ་རྒྱ་ནག་ཕྱོགས་ལ་བོད་མིའི་དཀའ་ངལ་སེལ་རྒྱུ་དང༌། དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཁྲིམས་སྒྲིག་ནང་གསལ་གྱི་ཐོབ་ཐང་རྣམས་བོད་མིར་གཅིག་མཚུངས་སྤྲོད་རྒྱུའི་དོན་དམ་གྱི་བསམ་བློ་ཡོད་ཚེ། དེ་དག་ད་ཡོད་འབྲེལ་མོལ་གྱི་བརྒྱུད་ལམ་དང་གྲོས་མོལ་གྱི་རྒྱ་ཅོག་སྟེང་སྤྲོད་དགོས་པ་ཡིན། གོང་ས་མཆོག་གིས་འབྲེལ་མོལ་གྱི་བརྒྱུད་རིམ་ཐད་དམ་བཅའ་བརྟན་བཟུང་གནང་གི་ཡོད་པ་དང༌། ང་ཚོའི་གྲོས་བསྡུར་མུ་མཐུད་བྱ་རྒྱུའི་གྲ་སྒྲིག་ཨང་གསར་ཡིན།” ཞེས་གསུང་ནས་བོད་རྒྱའི་འབྲེལ་མོལ་མཚམས་བཞག་མེད་པར་མུ་མཐུད་འབྲེལ་ལོམ་གྱི་གྲ་སྒྲིག་ཡིན་ཚུལ་གསར་བརྒྱུད་ལམ་ཁག་བརྒྱུད་ནས་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་ཡོད་པ་རེད།  ཟླ༡༢པའི་ཚེས༡༧ཉིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་ལན་འདེབས་བྱས་ཡོད་པ་འདི་ལྟར། “ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་གསལ་བོ་ཡིན་ལ་འགྱུར་མེད་ཀྱང་ཡིན། དེ་བས། རྒྱ་རི་ནི་ཁོ་ཚོ་མི་གཞན་པ་དག་ལས་གནས་ཚུལ་འདིའི་ཕྱོགས་ལ་གསལ་ཆ་ཆེན་པོ་ཡོད། སྐུ་ཞབས་རྒྱ་རིས་གལ་ཏེ་“རང་བཙན་ཕྱེད་ཀ”དང“རྣམ་པ་འགྱུར་བའི་རང་བཙན”ཞེས་པའི་བྱེད་ཐབས་བཀོལ་ནས་ཀྲུང་དབྱང་ལ་མགོ་སྐོར་གཏོང་འདོད་ཡོད་ཚེ། དེའི་མཇུག་འབྲས་ནི་སྔར་དང་མི་མཚུངས་པ་འགའ་ཡང་མེད།”ཅེས་བརྗོད་འདུག
༢༠༠༡ ལོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་མི་མང་གིས་ཐད་ཀར་འོས་འདེམས་ཁྲོད་འོས་ཤོག་གི་བརྒྱ་ཆའི་༨༥་ཐོབ་པའི་བཀའ་བློན་ཁྲི་བ་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེས། ཁོང་གི་ལས་འགན་གཙོ་བོ་བོད་རྒྱའི་གྲོས་མོལ་ལ་གྲུབ་འབྲས་ཞིག་ཐོབ་རྒྱུར་དམིགས་ཡོད། ཁོང་གིས་བཀའ་བློན་ཁྲི་བའི་འགན་བཞེས་རྗེས་ཀྱི་༢༠༠༢་ལོའི་སུམ་ཅུའི་དུས་དྲན་གསུང་འཕྲིན་ནང༌། “ད་བར་གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་པའི་བོད་རྒྱའི་ཞི་མོལ་ལས་དོན་ལམ་ལྷོང་མ་བྱུང་དེ་རྒྱ་དམར་གྱི་འགོ་ཁྲིད་རྐྱང་བར་ཁག་དཀྲི་བྱེད་པ་ལས་རང་ཕྱོགས་ཀྱི་ནུས་མཐུ་སྤེལ་བའི་ཐབས་ལམ་ལ་འབད་དགོས་པ་གལ་ཆེན་པོ་མཐོང་།”ཞེས་གསུངས་ནས།

samdong

བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ། བོད་ཀྱི་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་སྐབས།

  བོད་ཀྱི་ཕྱོགས་ནས་ཞི་མོལ་ཁོར་ཡུག་ལེགས་པོ་བསྐྲུན་ཅེས་པའི་བརྗོད་དོན་འོག  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞི་འོག་བོད་དོན་ཐག་གཅོད་བྱེད་པ།  རྒྱ་ནག་གི་གྲངས་ཉུང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་པ་དེ་ནི་དབུ་མའི་ལམ་གྱི་དགོངས་དོན་ཡིན། གཞུང་འབྲེལ་གྱིས་པན་ཆེན་རྫུན་མ་དང་།   རྒྱ་དམར།  བོིད་ཆོལ་ཁ་གསུམ་གྱི་བརྗོད་ཚིག་བེད་སྤྱོད་བཏང་མི་ཆོག་པ་ཟེར་བ་དང༌།  རྒྱ་ནག་དབུ་ཁྲིད་རྣམས་ཕྱི་རྒྱལ་ཁག་ཏུ་རྒྱལ་དོན་གཟིགས་བསྐོར་དུ་ཕེབས་ངོ་རྒོལ་མི་བྱེད་རྒྱུར་འབོད་སྐུལ་བྱས་ཏེ།   བོད་ཕྱོགས་ནས་རྒྱ་ནག་གི་འགོ་ཁྲིད་རྐྱང་བར་ཁག་དཀྲི་བྱེད་པ་ལས་རང་ཕྱོགས་ཀྱི་ནུས་མཐུ་སྤེལ་བའི་ཐབས་ལམ་གང་མང་བཏོན་ནས་ལོ་བརྒྱད་ཀྱི་རྗེས་སུ་བོད་རྒྱའི་གྲོས་མོལ་ལམ་ལྷོང་ཡོང་ཀྱིན་མེད་པ་འདི་རྒྱ་ཕྱོགས་འགོ་ཁྲིད་རྐྱང་བར་བསྐྱར་དུ་ཁག་དཀྲི་བྱེད་དགོས་པའི་གནས་སུ་གྱུར་འདུག ཉེ་ལམ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བས། ང་ཚོས་ན་ནིང་སྤྱི་ཟླ་བཅུ་གཅིག་ནང་རྒྱ་ནག་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་ལས་གཡོལ་གཟུར་གང་ཡང་མེད་ཞེས་གསུངས་ནས་བོད་རྒྱའི་གྲོས་ལོམ་ལམ་ལྷོང་ཡོང་ཀྱིན་མེད་པ་རྒྱ་ཕྱོགས་ནས་འགན་ཁུར་དགོས་པའི་རྣམ་འགྱུར་བསྟན་ཡོད།  མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བས་ནུས་ཤུགས་ཆ་ཚང་བཏོན་ནས་བོད་རྒྱའི་འབྲེལ་མོལ་ཡག་པོ་ཞིག་ཡོང་རྒྱུར་རེ་བ་བཅིངས་ཡོད་ནའང་། ད་ལྟའི་བར་དུ་ཁོང་གིས་དེའི་ཐད་ཀྱི་ལས་དོན་འགྲུབ་ཐུབ་མེད་པ་གསལ་བོར་ཡིན། གོང་ས་མཆོག་གིས་བཀའ་མངགས་བཞིན་༢༠༠༨་ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་འཚོགས་པའི་བོད་ཀྱི་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྟེང་བོད་རྒྱའི་འབྲེལ་མོལ་ཐད་མོས་མཐུན་བྱུང་དོན། “༡)ཚོགས་ཆེན་འདིར་བོད་གཞིས་བྱེས་གཉིས་ནས་བསམ་ཤོག་ཕུལ་འབྱོར་དང་ཚོགས་བཅར་བ་ཡོངས་ཀྱིས་བགྲོ་གླེང་སྦྱང་བཤད་ཞིབ་ལྷུག་བྱུང་བའི་ནང༌། འབྱུང་འགྱུར་བོད་ཀྱི་སྲིད་ཇུས་འཛིན་ཕྱོགས་ཐད།  སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་ལམ་སྟོན་ཅི་སྩལ་ལ་ཤར་སྐྱོད་བྱ་རྒྱུར་སྤྱི་མོས་དང༌།  མུ་མཐུད་དབུ་མའི་ལམ་དུ་བསྐྱོད་རྒྱུར་མང་མོས། ལྷག་པར་འདས་པའི་རྒྱ་གཞུང་གི་བྱེད་བབ་ལ་གཞིགས་ཏེ།  ད་ཡོད་འབྲེལ་མོལ་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང༌། དུས་ཐུང་ནང་གྲུབ་འབྲས་མ་བྱུང་ཚེ་རང་བཙན་དང་རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་ཇུས་འཛིན་པའི་བསམ་འཆར་ཡང་ཤུགས་ཆེན་བྱུང༌།
༢) དབུ་མའི་ལམ་དང་རང་བཙན། རང་ཐག་རང་གཅོད་སོགས་བོད་མིའི་འཐབ་རྩོད་ཀྱི་ལམ་ཕྱོགས་གང་དུ་བསྐྱོད་ཀྱང༌། དམིགས་ཡུལ་སྒྲུབ་བྱེད་ཀྱི་ཐབས་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཁོ་ན་མུ་མཐུད་བསྟེན་རྒྱུའི་ཐག་གཅོད་དང་ལག་བསྟར་བྱུ་རྒྱུ། ཞེས་རྒྱལ་ཡོངས་ཚོགས་ཆེན་ཐོག་ཐག་གཅོད་བྱུང་བ་ལྟར་ད་ལྟའི་བཀའ་ཤག་གིས་མི་མང་གི་བསམ་འཆར་ཤུགས་ཆེན་འདི་ལ་ཉན་ནས་ བོད་རྒྱའི་འབྲེལ་མོལ་ཡག་པོ་ཞིག་མ་ཡོང་འདི་རྒྱ་ནག་གི་མགོ་ཁྲིད་ཚོར་བསྐྱར་དུ་ཁག་དཀྲི་བྱས་ཏེ་བོད་དོན་སྲིད་ཇུས་ལ་འགྱུར་བ་ཞིག་གཏོང་རྒྱུ་ཡིན་ནའམ། ཡང་ན། མ་འོངས་པའི་ལོ་གཅིག་ལྷག་གི་བཀའ་ཤག་གི་ལས་ཡུན་རིང་རེ་བ་ཞིག་གི་སྣེ་ལ་འཇུས་ཏེ་ཐབས་ཤེས་སམ་བྱེད་ཐབས་གཞན་ཞིག་བརྒྱུད་ནས་མུ་མཐུད་བོད་རྒྱའི་འབྲེལ་མོལ་ཐོག་ཤུགས་རྒྱག་རྒྱུ་ཡིན་ནམ། 

ཕྲན་གྱིས་༢༠༠༣ལོར་བྲིས་པའི་བོད་རྒྱའི་ཞི་མོལ་གྱི་ཁོར་ཡུག་ལ་བལྟ་བ་ཞེས་པའི་རྩོམ་ཡིག་ལ་གཟིགས་རོགས།

 རྡ་རམ་ས་ལ་དང་པེ་ཅིན་བར་གྱི་འབྲེལ་བ།



2 Comments so far ↓

  1. བསམ་གྲུབ། says:

    འཛམ་གླིང་སྤྱི་ཡི་ཆབ་སྲིད་གནས་བབ་ལ་བལྟ་བཞིན་དུ་བོད་ཀྱི་གནད་དོན་ལ་དམིགས་ནས་དཔྱད་པ་བཏང་བའི་རྩོམ་ཡིག་འདི་རིགས་བྲིས་ན། དངོས་གནས་ཆབ་སྲིད་དཔྱད་བརྗོད་ཀྱི་རྣམ་པ་ཐོན་པ་དང་། དེས་བོད་མིའི་བསམ་པའི་གོ་རྟོགས་དང་བློ་རྒྱ་བསྐྱེད་པར་ཕན་པ་ཆེན་པོ་ཐོན་སྲིད་པས། རྩོམ་ཡིག་འདི་རིགས་བྲི་དུས་དཀའ་ཁག་ཆེན་པོ་ཡོད་མོད། རྩོམ་གཞན་བཅུ་ཉི་ཤུ་བྲི་བ་ལས་རིན་ཐང་ཆེ་བ་འདུག་པས། བོད་དོན་དཔྱད་རྩོམ་རང་བྲི་བར་འབད་རོགས། དེ་ཡང་ཁྱེད་རང་གི་ཟིན་བྲིས་འདི་ཡི་ཁྱད་ཆོས་ཡིན་ལ་རིན་ཐང་ཡང་དེ་རང་ལ་འདུག མ་ཟད་བློ་རིག་པ་ཡང་དེ་རང་ལས་འཕེལ་ནུས་པས་འཕྲལ་ཕུགས་གཉིས་ཀ་སྤྱི་སྒེར་གཉིས་ཀར་ཕན་པ་ཁྱད་པར་ཡོད་པས་མུ་མཐུད་བརྩོན་རོགས།

  2. བསམ་གྲུབ་ལགས།
    ཕྲན་གྱི་ཟིན་བྲིས་ནང་ཕེབས་པར་ཐུགས་རྗེ་ཆེ།

བསམ་ཚུལ་འབྲི་རོགས།





*