བོད་ཕྱི་ནང་གི་དྲ་རྒྱ་བཀག་འགོག

འབྲི་མཁན། དཔལ་ལྡན་རྒྱལ། on January 15th, 2010

དེང་སྐབས་བོད་ནང་གི་རྒྱུགས་ཆེ་བའི་བོད་ཡིག་དྲ་ཚིགས་མང་པོ་ཞིག་ཕྱི་ལོག་ནས་བལྟ་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་འདུག དཀའ་ངལ་འདི་ནི་གསར་བ་གང་ཡང་མིན། གནས་ཚུལ་མཁོ་སྤྲོད་ལ་སྟངས་འཛིན་བྱེད་ཐུབ་མིན་ནི་རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་གནས་ཐུབ་མིན་ལ་འབྲེལ་བ་ཆགས་ཡོད་པས། འདས་པའི་ལོ་ཁ་ཤས་རིང་བོད་ཡིག་ཙམ་མ་ཡིན་པར་རྒྱ་ཡིག་གི་དྲ་རྒྱ་ཁ་ཤས་ལའང༌། རྒྱ་ནག་གཞུང་གིས་བཏགས་ལྷོད་ཐེངས་མང་བྱས་ཡོད། ལྷོད་པའི་དུས་སུ་བོད་ཕྱི་ནང་གཉིས་ཀྱི་དྲ་རྒྱ་བེད་སྤྱོད་བྱེད་མཁན་རྣམས་ཀྱིས་ཕན་ཚུན་གྱི་བསམ་ཚུལ་བརྗེ་རེས་དང༌། ཕན་ཚུན་ལ་གནས་ཚུལ་མཁོ་སྤྲོད་བྱས་ནས་མིའི་རྣམ་དཔྱོད་བེད་སྤྱོད་གཏོང་བར་རམ་འདེགས་བྱས་ཡོད། འགྲོ་བ་མི་སུ་ཡིན་ཀྱང་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་གཏོང་རྒྱུར་གནས་ཚུལ་གང་ཡིན་ཡང་ཕྱོགས་ཡོངས་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེན་པོ་རེད། མིའི་རྣམ་དཔྱོད་བེད་སྤྱོད་གཏོང་བ་ལ་རང་དབང་ངང་གནས་ཚུལ་ཤེས་རྟོགས་བྱེད་ཆོག་པའི་ཐོབ་ཐང་ཞིག་འགྲོ་བ་མི་ཡོངས་ལ་ཅི་ནས་དགོས་པ་ཡིན་མོད། འོན་ཀྱང།བོད་ནང་དུ་ཐོབ་ཐང་དེའང་མེད་པ་མ་ཟད།གནས་ཚུལ་རྒྱུས་ལོན་བྱས་པ་ཙམ་གྱིས་ཉེས་པ་ཕོག་པའི་ཉེན་ཁ་ཡོད། བོད་ནང་དུ་ཕྱི་ཕྱོགས་ཀྱི་དྲ་རྒྱ་སོགས་བཀག་འགོག་བྱེད་བཞིན་པ་ཐད་ཉེ་ཆར་ང་ལ་བོད་ནས་ཡི་གེ་ཞིག་འབྱོར་བ་འདི་ལྟར།

དཔལ་ལྡན་རྒྱལ་ལགས།
བདེ་མོ། ཁྱོད་ཚོའི་དྲ་ཚིགས་དང་ཡང་ན་ཕྱི་ལོགས་ཀྱི་ཆབ་སྲིད་དང་འབྲེལ་བའི་དྲ་ཚིགས་ཡོངས་བོད་ནང་ན་བལྟ་ཐུབ་གི་མི་འདུག དམར་ཕྱོགས་ཚང་གིས་དེ་ལ་ཤུགས་གནོན་ཆེན་པོས་འགོག་བཞིན་ཡོད། ཕྱི་སྡོད་དང་ནང་སྡོད་གྱི་བོད་མིའི་བར་ལ་འགལ་ཟླ་དང་བར་ཐག་འབྱུང་རྒྱུ་དེ་ཁོ་ཚོའི་ཐབས་ལམ་ཅིག་རེད། དེ་ང་ཚོས་སྔོན་ནས་ཤེས་ཡོད། ཐབས་ཤེས་འདྲ་མིན་གྱིས་མཚམས་མཚམས་ཕྱིའི་དྲ་ཚིགས་ལབལྟ་གི་ཡོད། ཡིན་ཡང་སྤྱང་ཚོགས་འཛོམས་ས་ཞིག་ན་ཞི་བ་དང་བདེ་འཇགས་མེད་པས་ང་ཚོས་ནམ་ཡང་གཟབ་གཟབ་བྱས་ཡོད།

ག་གེ་མོ་ནས་གུས་དུད་དང་བཅས་ཕུལ།



བསམ་ཚུལ་འབྲི་རོགས།





*