ཨ་རིའི་རྒྱལ་ས་ཝ་ཤིན་ཏུན་དུ་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ཁ་བ་ཆེན་པོ་བབས་ནས་གཞུང་གི་ལས་ཁུངས་ཁག་དང༌། སློབ་གྲྭ་སོགས་བདུན་ཕྲག་གཅིག་ཙམ་རིང་ཛ་དྲག་གི་གནས་སྟངས་འོག་སྒོ་རྒྱག་དགོས་བྱུང་འདུག ཚེས་༥ཉིན་གྱི་དགོང་མོ་ནས་ཚེས་༦ཉིན་གང་བོར་ཨ་རིའི་རྒྱལ་ས་ཝ་ཤིན་ཏུང་ གྲོང་ཁྱེར་ནང་དུ་ཁ་བ་ཨིན་ཀྲི་ཉེར་བཞི་བབས་ནས། གཞུང་གི་ལས་ཁུངས་ཁག་དང༌། སློབ་གྲྭ་སོགས་ཛ་དྲག་གནས་སྟངས་འོག་སྒོ་རྒྱག་དགོས་བྱུང་འདུག་ལ། གྲོང་ཁྱེར་ནང་གི་ཚོང་ཁང་དང་ཟ་ཁང་མང་པོ་ཞིག་གིས་ནམ་རྒྱུན་ལྟར་བྱེད་སྒོ་སྤེལ་ཐུབ་ཀྱི་མེད།
དེ་བཞིན་ས་འོག་གི་མེ་འཁོར་མ་གཏོགས་སྤྱི་སྤྱོད་རླངས་འཁོར་དང་། མེ་འཁོར་སོགས་ཀྱིས་འགྲུལ་བསྐྱལ་ལས་དོན་མཚམས་འཇོག་དང༌། རྒྱལ་སའི་ཉེ་འགྲམ་གྱི་གནམ་ཐང་ཆེ་བ་གསུམ་ཡོད་པ་ཚང་མས་གནམ་གྲུ་འཕུར་བསྐྱོད་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད།དེ་ནས་ཡང་ཚེས་༩ཉིན་གྱི་དགོང་མོ་དང་ཚེས་༡༠་ཉིན་གང་བོར་མུ་མཐུད་དུ་ཁ་བ་བབས་ནས་ཨ་རིའི་རྒྱལ་ས་ཝ་ཤིན་ཏུང་ནང་དུ་ཁ་བ་ཨིན་ཀྲི་༥༦་ཙམ་བབས་ནས་ལོ་རྒྱུས་ནང་ཁ་བ་འབབ་ཚད་ཆེ་ཤོས་ཀྱི་ཟིན་ཐོར་གྱུར་ཡོད་པ་རེད། ད་ཐེངས་ཁ་བ་ཆེན་པོ་འདི་ཨ་རིའི་ཤར་ཕྱོགས་ཀྱི་རྒྱལ་ས་ཝ་ཤིན་ཏུན་དང་། ཝིར་ཇི་ནི་ཡ། མ་རོས་ལན་ཌི། ཧྥི་ལི་ཌེ་ཧྥུ་ཡ། ནིག་ཇིར་སུའི་མངའ་སྡེ་སོགས་ནང་བབས་འདུག
