ལས་ཚབ་དགེ་རྒན་ཚོས་དཀའ་ངལ་ཞུ་གཏུགས།

འབྲི་མཁན། དཔལ་ལྡན་རྒྱལ། on March 31st, 2010

ཟླ་བ་འདིའི་ཚེས་༢༥ཉིན་རེབ་གོང་ས་ཁུལ་གྱི་ལས་ཚབ་དགེ་རྒན་ཡོངས་ཀྱིས་རང་ཉིད་ཀྱི་འཚོ་བའི་དཀའ་ཁག་སྲིད་གཞུང་ལ་སྙན་ཞུ་ཤིག་ཕུལ་ནས་གནད་དོན་ཐག་གཅོད་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་འདུག

སྙན་ཞུ་ཆ་ཚང་འདིར་བཀོད་ཡོད་པར་གཟིགས་རོགས་ཞུ།

ཐུན་རིན་རྫོང་མི་དམངས་སྲིད་གཞུང་ལ།
ངེད་ཅག་ནི་གཞི་རིམ་སློབ་གྲྭ་ཁག་ན་སློབ་གསོའི་བྱ་བ་གཉེར་མཁན་གྱི་ལས་ཚབ་དགེ་རྒན་ཡིན་པ་དང༌། ༢༠༠༣ ལོ་ནས་ད་ལྟའི་བར་ངེད་ཚོས་གཟི་བརྗིད་ལྡན་ཞིང༌། དཀའ་ཁག་ཆེ་བའི་དགེ་རྒན་གྱི་བྱ་བ་དང་དུ་བླངས་ནས་སློབ་གྲྭ་རང་ཁྱིམ་དང༌། སློབ་མ་བུ་ཕྲུག་གི་འདུ་ཤེས་བཟུང་སྟེ་མི་རིགས་སློབ་གསོའི་བྱ་བར་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་བྱས་པ་ཡིན།

img_2889

རེབ་གོང་གི་ཡུལ་ལྗོངས།

ཉེ་ཆར་ང་ཚོའི་ཁྲོད་ཀྱི་དགེ་རྒན་མང་ཆེ་ཤོས་ནི་རེབ་གོང་ས་ཁུལ་གྱི་སློབ་གྲྭ་སོ་སོའི་རྐང་འཛིན་དགེ་རྒན་དུ་གྱུར་ཡོད་པར་མ་ཟད། སློབ་གཙོ་དང༌། སློབ་སྟོན་པའི་འགན་འཁུར་མཁན་ཀྱང་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད། དེ་ལས། ང་ཚོ་སྟེ་ལས་ཚབ་དགེ་རྒན་དག་གཞི་རིམ་སློབ་གསོའི་ལས་གནས་སྟེང་གོ་གནས་གལ་ཆེན་ཟིན་ཡོད་པ་དེས། རེབ་གོང་སློབ་གསོའི་གར་སྟེགས་དང་འབྲལ་ཐབས་མེད་པ་མཚོན་ཐུབ་པ་རེད། ཡིན་ནའང༌། སྲིད་གཞུང་གིས་ད་ལྟའི་བར་ལོ་ངོ་བདུན་གྱི་རིང་གླ་ཆ་སྒོར་ ༡༣༠ ནས་ ༥༠༠ ལྷག་བྱིན་ཏེ་ན་གཞོན་མང་པོ་ཞིག་གི་གསེར་ལས་ལྷག་པའི་ལང་ཚོའི་དུས་སྐབས་དེ་སྤྱི་ཚོགས་ཀྱི་གད་སྙིགས་སུ་བཏང་ཞིང༌། ལོ་ངོ་མང་པོར་སྲིད་གཞུང་ལ་དཀའ་ཁག་སྙན་ཞུ་ཕུལ་ཚེ། འབྲེལ་ཡོད་སྡེ་ཁག་གིས་ཐོག་མར་སྙན་ཞུ་འབུལ་མཁན་གྱི་མི་སྣ་དག་བརྩད་ཞིབ་བྱས་ཏེ་འཇིགས་སྐུལ་གནང་འོང་གི་རེད་མོད། འོན་ཀྱང་ན་གཞོན་འདི་དག་གིས་མི་རིགས་སློབ་གསོའི་ལས་དོན་ལ་སེམས་ཤུགས་གཅིག་བསྡུས་སྒོས་བརྩོན་ལེན་བྱ་རྒྱུའི་ཁག་ཁུར་སྙན་ཞུ་འབུལ་བ་རེད།
གཅིག ལས་བགོས་སྒྲིག་གཞི་རྒྱ་བསྐྱེད་དུ་(扩大编制)གཏོང་བ།
སྲིད་གཞུང་གིས་ལས་བགོས་སྒྲིག་གཞི་རྒྱ་བསྐྱེད་བྱ་རྒྱུ་ནི་མིག་སྔར་གྱི་གནད་དོན་གཙོ་བོ་རེད། འབྲེལ་ཡོད་ཞིབ་བཤེར་གྱི་སྡོམ་རྩིས་གཞིར་བཟུང་ན། དེང་སྐབས་ལས་ཚབ་དགེ་རྒན་གྱིས་རྫོང་ཡོངས་ཀྱི་གཞི་རིམ་སློབ་ཁུལ་གྱི་དགེ་རྒན་ཁྲོད་བརྒྱ་ཆ་ ༣༥ ཟིན་ཡོད་པས། ལས་ཁུར་དགེ་རྒན་(在职教员)གྱི་ཁ་གྲངས་དང་དངོས་ཡོད་སློབ་མའི་ཁ་གྲངས་བསྡུར་ཚད་ཆ་སྙོམས་མིན་པ་ཧ་ཅང་མངོན་སུམ་རེད། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གནད་དོན་འདི་གོང་རིམ་ལ་ཡར་ཞུ་བྱས་ཏེ། ལས་བགོས་སྒྲིག་གཞི་རྒྱ་བསྐྱེད་གཏོང་བར་ངེས་པར་བརྩོན་ལེན་བྱ་རྒྱུ་ནི་ང་ཚོའི་རེ་བ་ཡིན།
གཉིས། དམིགས་བསལ་སྲིད་ཇུས་ལག་བསྟར་བྱེད་པ།
ང་ཚོས་དཀའ་ཁག་ཆེ་བའི་གཞི་རིམ་མཐའ་འཁོབ་ས་ཆ་ནས་སློབ་གསོའི་ལས་དོན་གྱི་འགན་འཁྲི་ཆེས་ལྕི་མོ་ཁུར་ནས་མི་ལོ་བདུན་ལྷག་རིང་སློབ་གསོའི་བྱ་བའི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་པས། སྲིད་གཞུང་གིས་ང་ཚོའི་གནས་བབ་ལ་གཞིགས་ཏེ་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ནས། ལས་ཞུགས་གནད་དོན་ལོ་རིམ་ལྟར་ཐག་གཅོད་བྱེད་པ།
གསུམ། འཚོ་བར་ཁ་གསབ་སྤྲོད་པ།
སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་དང༌། འཚོ་བའི་ཆུ་ཚད་ཡར་རྒྱས་སུ་སོང་བ་དང་བསྟུན་ནས་ང་ཚོའི་ཟླ་རེའི་ཡོང་འབབ་ཀྱིས་བུ་ཕྲུག་དང་ཕ་མ་གཉོར་སྐྱོང་གི་འགན་བབ་ཕར་ཞོག ཐ་ན་རང་གི་ལྟོ་གོས་ཀྱང་ཐག་གཅོད་དཀའ་བའི་གནད་དོན་དུ་གྱུར་ཡོད། གནད་དོན་འདིའི་སྐོར་གྱི་འགྲོ་གྲོན་གནས་ཚུལ་རགས་བརྩིས་ཤིག་བརྒྱབ་ན། ཟླ་རེའི་ཟས་རིན་ལ་སྒོར་ ༥༥༠ དང༌། ཟླ་རེའི་རྒྱུན་སྤྱོད་མཁོ་དངོས་འགྲོ་གྲོན་ལ་སྒོར་ ༧༠༠ ། ཟླ་རེའི་འཕྲུལ་རྟ་དང་རླངས་འཁོར་གླ་དངུལ་གྱི་འགྲོ་གྲོན་ལ་སྒོར་ ༡༢༠  བཅས་ཟླ་རེའི་སྤྱིའི་འགྲོ་གྲོན་ལ་སྒོར་ ༡༣༧༠ ལྷག་ཡིན། འོན་ཀྱང་ང་ཚོའི་ཟླ་རེའི་ཆེས་དམའ་བའི་ཡོང་འབབ་སྒོར་ ༥༠༠ ལས་མེད་པས། ཡོང་འབབ་ལས་འགྲོ་གྲོན་ལྕི་བའི་གནད་དོན་འདི་ཅི་མགྱོགས་ཀྱིས་ཐག་གཅོད་ཡག་པོ་བྱ་དགོས།

བཞི། སྡོད་ཁང་མེད་པའི་གནད་དོན་ཐག་གཅོད་བྱེད་པ།
ང་ཚོར་སྡོད་ཁང་མེད་པའི་གནད་དོན་དངོས་འདིར། འབྲེལ་ཡོད་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ཏེ་ཐག་གཅོད་བྱེད་དགོས་པ་བཅས་སོ།།
མཇུག་མཐར་མཁྱེན་དཔྱོད་ཡངས་པའི་གོང་རིམ་འགོ་ཁྲིད་རྣམས་ཀྱིས་ང་ཚོའི་འཚོ་གནས་གནད་དོན་འདིར་ཐུགས་ཁུར་མཛད་ནས་ཅི་ཐུབ་གང་མགྱོགས་ཀྱིས་ཐག་གཅོད་ཀྱི་བྱ་བ་ཡག་པོ་ཞིག་ཡོང་རྒྱུ་མཁྱེན།
ཞེས་ཐུན་རིན་རྫོང་གཞི་རིམ་སློབ་ཁུལ་གྱི་ལས་ཚབ་དགེ་རྒན་ཡོངས་ཀྱིས། སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༥ ལ།



3 Comments so far ↓

  1. namtso says:

    very nice picture

  2. namtso says:

    if u have pictures send me all please.

  3. godhak says:

    ངའི་ཕ་ས་ཕ་ཡུལ་རེབ་གོང་སྒོ་དམར། ཧ་ཅང་དྲན།

བསམ་ཚུལ་འབྲི་རོགས།





*