གནམ་ས་གོ་འབྱེད།

འབྲི་མཁན། དཔལ་ལྡན་རྒྱལ། on April 13th, 2010

ཞོགས་དུང་ལགས་ཀྱིས་བརྩམས་པའི་་{གནམ་ས་གོ་འབྱེད་}ཅེས་པའི་དེབ་དེ་བཀླགས་ཟིན་པ་ཡིན། ཁོང་གིས་རང་ཉིད་བློས་བཏང་གི་སྙིང་སྟོབས་འདིས་ཤེས་ཡོན་ཅན་གཞན་རྣམས་ལ་བློ་ཁོག་གསར་བ་ཞིག་སྤྲོད་ཐུབ་པའི་རེ་བ་ཡོད། དེབ་འདིའི་སྐོར་ལ་མང་པོ་གོ་ཐོས་བྱུང་བ་དང༌།   བསམ་པའི་རེ་སྒུག་ནང་བཞིན་ས་བྱི་ཞི་རྒོལ་ཆེན་མོའི་སྐོར་ལ་འདོད་བློ་ཁེངས་པ་ཞིག་མ་བྱུང༌། གང་ལྟར་དེབ་འདི་འདྲ་ཞིག་བརྩམས་པར་ཁོང་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་།
 
ཁོང་གིས་དེབ་འདིའི་ནང་དུ་ས་བྱི་ཞི་བའི་གསར་བརྗེ་ཆེན་མོ་ནས་འགོ་བཙུགས་ཏེ། ཨ་རིའི་རྩོམ་པ་པོ་ Hennry David Thoreau ཡིས་མཛད་པའི་།  “Cilvil disobedience”  སྤྱི་འབངས་ཀྱི་མི་རྟོན་པ།   “Resistance to civil government”  རྒྱལ་འབངས་སྲིད་གཞུང་ལ་རྒོལ་གཏམ་གཏོང་བ། ཞེས་པའི་བསམ་བློ་ལྟ་བ་འགྲེལ་བརྗོད་དང༌།  དེ་བཞིན་སེམས་དཔའ་ཆེན་མོ་གན་ངྷིའི་ཡི།  Mohandas Karamchand Gandhi    མཚེ་མེད་ཞི་བའི་ལྟ་སྤྱོད་སྐོར་འགྲེལ་བརྗོད་བྱས་འདུག་  གཤམ་དུ་དེབ་ཆ་ཚང་བཀོད་ཡོད་པར་གཟིགས་རོགས་ཞུ།

  
shokགནམ་ས་གོ་འབྱེད།
ཞོགས་དུང་།
——ས་བྱི་ཞི་བའི་གསར་བརྗེ་ལ་བྲིས་པ།
བདེ་སྐྱིད་ནི་རང་དབང་གི་འབྲས་བུ་ཡིན་ལ། རང་དབང་ནི་དཔའ་སྤོབས་ཀྱི་འབྲས་བུ་ཡིན་ནོ།། 
——གནའ་བོའི་ཀེ་རི་སེའི་དམངས་གཙོའི་ཆབ་སྲིད་མཁན་ཕེ་རི་ཁི་ལེས།
 
2008ལོའི་བོད་ཀྱི་ཞི་བའི་གསར་བརྗེ་འདིར་དབང་སྒྱུར་པས“3•14དོན་རྐྱེན”དང་། “ལྷ་སའི་དོན་རྐྱེན” “ལྷ་སའི3•14དོན་རྐྱེན” “3•14ལྷ་སའི་ཟིང་ཆ” “ལྷ་སའི3•14རྡུང་གཅོག་འཕྲོག་སྲེག་དོན་རྐྱེན”སོགས་བཏགས་འདུག་པ་དང་། བོད་ཀྱི་གསར་ལམ་ཁག་དང་རྩོམ་པ་པོའི་ཁྲོད་དུ། “ཞི་རྒོལ་ལས་འགུལ་ཆེན་མོ”དང“ས་བྱི་ཞི་རྒོལ་ཆེན་མོ” “ཞི་བའི་འོས་ལངས” “སྒེར་ལངས” “སྡེབ་ལངས”ཞེས་སོགས་བཏགས་མིང་གང་མང་འདུག་མོད། ཁོ་བོས་མིང་དེ་ལྟར་འདོགས་དོན་ནི། དབང་སྒྱུར་པའི་བཏགས་མིང་རྣམས་ཁྱབ་ཆུང་བ་དང་། ངོས་བཟུང་མེད་པ། ཕྱོགས་རེ་བའི་སྐྱོན་འདུག་ཅིང་། ཕལ་ཆེ་བ་ཕྱོགས་རིས་འཐེན་འཁྱེར་དང་གླེང་ཕྱོགས་ངན་དམོད་ཀྱིས་བཏགས་ཕྱིར། བཏགས་མིང་དོན་ལ་མི་གནས་པས་དབྱུགས། བོད་མིས་བཏགས་པ་ལྟར་ན། ཞི་བའི་གསར་བརྗེ་འདིར“རྩ་འཛུགས་ཡོད་པ་དང་། དམིགས་ཡུལ་ཡོད་པའི”དོན་ཅན་གྱི་ལས་འགུལ་གྱི་ཁྱད་ཆོས་མེད་པ་དང་། “གཉའ་གནོན་པ་ལ་ངོ་རྒོལ”བྱས་པ་ཙམ་མ་ཡིན་པར་གྱེན་ལོག་གི་ཁྱད་ཆོས་འདུག་པ་དང་། “ལོག་སྤྱོད་དབང་སྒྱུར་ལ་རྒོལ་ཕྱིར་ཐུན་མོང་གིས་དྲག་པོས་སྦྱོར་བ་བརྩམས”པའི་དོན་ཅན་གྱི་འོས་ལངས་མ་ཡིན་པར་ཞི་བའི་ཁྱད་ཆོས་འདུག་ཕྱིར། བཏགས་མིང་དེ་རྣམས་ཀྱང་དོར། ཁོ་བོས་དུས་ས་བྱི་དང་རྣམ་པ་ཞི་བ། ངོ་བོ་གསར་བརྗེ་སྟེ། “རང་བྱུང་ཁམས་བཅོས་སྒྱུར་དང་སྤྱི་ཚོགས་བཅོས་སྒྱུར་ཁྲོད་གསར་བཅོས་ཆེན་པོ་བྱས་པ”དང་། “སྤྱི་ཚོགས་ལམ་ལུགས་རྙིང་པ་གཏོར་ཏེ་སྤྱི་ཚོགས་ལམ་ལུགས་གསར་པ་གཞི་ཚུགས་པར་བྱེད་པ་དང་། སྤྱི་ཚོགས་མདུན་སྐྱོད་འཕེལ་རྒྱས་གཏོང་བ་ཡིན”ཞེས་པའི་ཐ་སྙད་ཀྱི་མཚན་ཉིད་ལྟར་དང་། བོད་ཀྱི་གདགས་སྟངས་ལྟར་དང་། རྒྱལ་སྤྱིའི་ཡོངས་གྲགས་ཁྱབ་སྤྱོད་ཀྱི་བརྗོད་པ་དང་ཡང་བསྟུན་ཏེ“ས་བྱི་ཞི་བའི་གསར་བརྗེ”ཞེས་བཏགས་པ་ཡིན།
 
གཏམ་གྱི་འགོ་མ།
ད་ལོར། ཁོ་བོར་ཚོར་ཤེས་ཆེན་པོ་གསུམ་བྱུང་ཡོད་པ་ཡིན། དེ་ཡང་དགའ་བའི་ཚོར་པ་དང་། སྐྱོ་བའི་ཚོར་པ་དང་། འཇིགས་པའི་ཚོར་པ་བཅས་སོ།། ཁོ་བོས་ཐོག་མར་འདི་གསུམ་བཤད་པའི་རྗེས་ལ། དེ་འབྲེལ་རང་བཞིན་གྱིས་བཤད་དགོས་བྱུང་བའི་བསླབ་པ་འཚེ་མེད་ཞི་བའང་བཤད་རྒྱུ་ཡིན།
 སྤྱིར་ཚོར་ཤེས་ཞེས་པ་ནི་ཇི་མ་ཇི་བཞིན་བརྡ་སྤྲོད་ནུས་པ་ཞིག་མ་རེད། རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་མི་རྣམས་ལ་རྗོད་བྱེད་ཀྱིས་ཁེགས་པས་དང་། གཉིས་ནི་མི་རྣམས་ལ་ཉམས་མྱོང་གིས་ཁེགས་པས་སོ།། དེ་ཡང་ཚོར་ཤེས་གང་རུང་བརྗོད་མཁན་ལ་ཐ་སྙད་ཀྱིས་སྟོངས་པར་གྱུར་པ་དང་། ཚོར་ཤེས་གང་རུང་ཉན་མཁན་ལ་ཉམས་མྱོང་དང་བྲལ་བར་གྱུར་པ་ན། ཚོར་ཤེས་གང་ཡང་དཔྱོད་ཤེས་ཀྱིས་བཤད་ནུས་པ་ཞིག་མ་རེད། མི་རྣམས་ཀྱིས་ཚོར་ཤེས་གོ་བྱེད་དུ་མིང་བརྡ་ཐ་སྙད་གང་ཇི་སྙེད་ཅིག་བཟོས་ཤིང་། གདོང་གི་ཉམས་འགྱུར་དང་། ལག་གི་ཕྱག་རྒྱ། སྐད་ཆའི་གདངས་དབྱངས་དང་བཅས་ཏེ་བརྡ་སྤྲོད་པར་བྱེད་མོད། བརྡ་སྤྲད་པ་ཇི་བཞིན་འཕྲོད་པར་འགྱུར་བ་ནི་དཔེ་མི་སྲིད་པ་ཞིག་རེད། དེ་ལྟ་ནའང་། ཚད་འདི་ནས་བཤད་ན། འགྲོ་བ་མིའི་རིགས་ཀྱི་ཤེས་བྱ་ཡོད་རྒུ་དཔྱོད་ཤེས་ཀྱིས་བཤད་ཁུལ་བྱས་པ་ཙམ་མམ་རྗོད་པ་ཙམ་པོ་བའི་ངོས་ནས་མ་དར་བ་མེད་པ་འདྲ་བས། ཁོ་བོས་ཀྱང་འདི་ཉིད་ཆོས་ཉིད་ཅིག་ལ་ཆ་བཞག་སྟེ་ཚོར་ཤེས་གང་རུང་ཨུ་ཚུགས་ཀྱིས་བཤད་འདོད་པ་ཡིན།
ངག་རྒྱུན་དུ། སྔོན་གྱི་དུས་སུ་བོད་དུ་ཉི་མ་གཅིག་ལ་སྐྱིད་སྡུག་ཐེངས་གསུམ་བྱུང་མྱོང་བའི་བཤད་སྲོལ་ཞིག་འདུག དེ་ཡང་། རྒྱལ་དབང་ལྔ་པའི་དུས་ཏེ། ཉིན་ཞིག་རྒྱལ་དབང་ལྔ་པ་སྐུ་མྱ་ངན་ལས་འདས་པའི་གཏམ་ངན་ཐོས་པས་མི་རྣམས་སྐྱོ་སྡུག་གིས་ནོན་ཏེ་ཡོད་པ་ལ། ཡང་སྲིད་བཙལ་རྙེད་བྱུང་ཡོད་ཅེས་པའི་གཏམ་བཟང་དེ་མུར་ཐོས་པས་དགའ་བ་རྒྱས་པ་དང་། ཡང་ཡུད་ཙམ་དུ་ཁྲི་འདོན་མཛད་སྒོ་གྲུབ་པའི་བརྡ་ཡང་ཐོས་པས་ཐམས་ཅད་སྤྲོ་བ་བརྟས་སོང་ཟེར་བའི་བཤད་རྒྱུན་ཞིག་དམངས་ཁྲོད་དུ་འདུག བོད་མིའི་ལོ་རྒྱུས་བཤད་རྒྱུན་ལ་མ་གཞི་ནས་ལྷ་སྒྲུང་དང་རྟོག་བཏགས་འདྲེས་ཕྱིར་ཡིད་ཆེས་དཀའ་ནའང་། རྒྱལ་དབང་ལྔ་པ་འདས་དུས་ཕྱི་ནང་རྒྱུ་རྐྱེན་དུ་མའི་དབང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལོ་ངོ་བཅུ་ཕྲག་ལྷག་ལ་གསང་རྒྱ་བསྡམས་ཞེས་ལོ་རྒྱུས་ལ་འཁོད་འདུག་པ་ལྟར་ན། དམིགས་བསལ་གྱི་དུས་སྐབས་དེ་དག་ལ་དམིགས་བསལ་གྱི་བྱུང་བ་དེ་འདྲ་མ་བྱུང་བའི་ངེས་པའང་མེད་པས་འདིར་དགོས་དབང་གིས་རྩོམ་གྱི་རྒྱུ་ཆར་བཏུས་ནས། བོད་དུ་ཉི་མ་གཅིག་གི་ནང་ལ་སྐྱིད་སྡུག་ཐེངས་གསུམ་བྱུང་བ་ནང་བཞིན། ང་ལ་ད་ལོ་ལོ་གཅིག་གི་ནང་ལ་དགའ་སྐྱོ་འཇིགས་གསུམ་གྱི་དམིགས་བསལ་ཚོར་པ་བྱུང་བ་རེ་རེ་བཞིན་བཤད་ན།
 
དང་པོ། དགའ་བ་སྙིང་སྟོབས་ས་བོན་དགུ་འགྱུར།
ལོ་རྒྱུས་ཀྱི་མཐོ་ས་ནས་བལྟས་ན། དུས་རབས་ཉེར་གཅིག་པའི་དུས་མགོར་སླེབས་པ་ན། བོད་མི་རྣམས་ཀྱིས་ད་གཟོད་རང་དབང་དང་འདྲ་མཉམ། ཐོབ་ཐང་དང་དམངས་གཙོ། དད་མོས་སོགས་སོ་སོའི་ཐོབ་ཐང་རྣམས་གཞི་རྒྱ་ཆེན་པོ་དང་། ཁ་ཞེ་གཉིས་མེད་དང་། བློ་ཐག་རྦད་ཆོད་ཀྱིས་བརྩད་བྱུང་བ་ནི་དངོས་གནས་དགའ་འོས་པ་ཞིག་རེད། ཐོབ་ཐང་གི་ཕྱིར་དུ་ཞི་བའི་གསར་བརྗེ་བསླངས་པ་འདིས་ཆེ་ས་ནས་བཤད་ན་མི་བུ་སྒེར་གྱི་ཐོབ་ཐང་བརྩད་པ་དང་། ཆུང་ས་ནས་བཤད་ན་མི་རིགས་ཀྱི་ཁོག་དཔུང་ལ་རྒྱ་བརྩད་བྱུང་བས། ཆེ་ས་ཆུང་ས་གང་ནས་བསམས་ཀྱང་བསུབ་ཏུ་མེད་པའི་བོད་མིའི་ལོ་རྒྱུས་ཀྱི་རྡོ་རིང་ལྟར་སོང་འདུག་ཕྱིར། སྒེར་གཅོད་པའི་ལག་རོགས་ཤིག་མིན་ཚེ་ཐམས་ཅད་དགའ་འོས་པའི་དོན་དག་གལ་ཆེན་ཞིག་ཏུ་ཅི་ལ་མི་རྩི།
ཕྱིར་དྲན་ཞིག་བྱས་ན། བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་ནས་བཟུང་། བོད་མི་ཚོའི་ཤེས་རབ་དང་བློ་གྲོས། འཇོན་ནུས་མཐའ་དག་ནང་སེམས་ཀྱི་ཕྱིར་དུ་ཤུགས་ཕུལ་ཏེ་སེམས་ཀྱི་དེ་ཉིད་བཙལ་ཅིང་ཆོས་དང་ཆོས་ལུགས་མཐའ་གཅིག་ཏུ་བསྒྲུབས་ཏེ་མི་ལོ་སྟོང་ཕྲག་ཡས་མས་འགོར། དུས་ཡུན་རིང་པོ་དེ་འདྲའི་ནང་ལ། ཁོང་ཚོས་དེ་སྔའི་བཙན་པོའི་སྐབས་ཀྱི་ས་ཁོངས་འདུ་ཤེས་དང་རིགས་རྒྱུད་འདུ་ཤེས། ཁྱིམ་སྲིད་འདུ་ཤེས། དཔའ་བོའི་འདུ་ཤེས་རྣམས་རིང་དུ་སྤངས་ཏེ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་འཚང་རྒྱ་བའི་གདམས་པ་གཅིག་པུ་དེ་གཞི་རྒྱ་ཆེན་པོ་དང་། ཁ་ཞེ་གཉིས་མེད་དང་། བློ་ཐག་རྦད་ཆོད་ཀྱིས་ལྷུར་བླངས་པ་སྟེ། བློ་སྦྱོང་ཞེན་པ་བཞི་བྲལ་གྱིས་བདེན་པ་བཞི་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་སོགས་བཤད་ཅིང་བསྒྲུབས་ཏེ་འོངས་པ་དེ་འདྲ་རེད། དེ་ཡང་མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་གཉིས་དང་། འཇིག་རྟེན་རིག་གནས་དང་འཇིག་རྟེན་ལས་འདས་པའི་རིག་གནས་གཉིས། སྲིད་པའི་རིག་གནས་དང་ཞི་བའི་རིག་གནས་གཉིས། མངོན་གྱུར་རིག་གནས་དང་ལྐོག་གྱུར་རིག་གནས་གཉིས་བཅས་ལས་སྔ་མ་རྣམས་སྤངས་ཏེ་ཕྱི་མ་རྣམས་བླངས་པ་དང་། མ་མཐར་ཡང་ཕྱི་མ་གཙོ་ལ་སྔ་མ་ཕལ་བར་བསྐྱུར་བཞག་པ་རེད། དེ་བས། སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་ཡང་ཡང་བཟླས་ཤིང་བསྒོམས་ཏེ་ཆོས་ལུགས་བསྒྲུབས་པ་མ་གཏོགས། རང་དབང་དང་འདྲ་མཉམ་དང་ཐོབ་ཐང་དང་དམངས་གཙོ་ཞེས་སྲིད་ཀྱི་དོན་བྱས་མི་འདུག ཁྱིམ་སྲིད་བརླག་མི་རུང་ཞེས་པའི་བཙན་པོའི་སྐབས་ཀྱི་ཁྱིམ་སྲིད་འདུ་ཤེས་ཀྱི་རྒྱུན་ཞིག་ཡོད་པའི་དབང་དུ་བཏང་ནའང་། ཕྱི་ཕྱིར་སླེབས་དུས“ཆོས་སྲིད་ཟུང་འབྲེལ”ཞེས་ཕལ་བའི་གནས་སུ་དེད་སོང་བས། མི་རྣམས་ལ་མཚོན་ན་རང་དབང་ཞེས་པ་དང་འདྲ་མཉམ་ཞེས་པ་དང་ཐོབ་ཐང་ཞེས་པ་དང་དམངས་གཙོ་ཞེས་པའི་ཁྱིམ་སྲིད་ཀྱི་དོན་རྣམས་ནི་ཟ་རྒྱུ་ཞིག་གམ་འཐུང་རྒྱུ་ཞིག་ཡིན་མིན་ཡང་ཧ་གོ་མེད་པའི་ཚོད་རེད།
རང་དབང་དང་འདྲ་མཉམ། ཐོབ་ཐང་དང་དམངས་གཙོ་སོགས་ནི་གཞི་རྩའི་ཆ་ནས་ཆབ་སྲིད་ཀྱི་བརྡ་ཆད་ཅིག་ཡིན་ནའང་། ཆབ་སྲིད་ཀྱི་འདུ་ཤེས་དང་། ས་ཁོངས་ཀྱི་འདུ་ཤེས། མི་རིགས་ཀྱི་འདུ་ཤེས་དབེན་པའི་ཡུལ་དུས་སུ་བརྡ་ཆད་དེ་དག་ལ་ཤེས་རྟོགས་འབྱུང་བ་ནི་དཔེ་མི་སྲིད་པ་ཞིག་རེད། འདུ་ཤེས་དེ་དག་ཡོད་མ་མྱོང་བའི་རྟགས་ནི་ལོ་ཚིགས་སྐོར་ཞིག་གཞན་དང་བསྡུར་བས་ཀྱང་ཤེས་ཏེ།
སྤྱི་ལོ1215ལོར་དབྱིན་ཇི་པ་རྣམས་ཀྱིས《རང་དབང་རྩ་འཛིན་ཆེན་མོ》བཟོས་ཤིང་། དེར་རང་དབང་དང་ཐོབ་ཐང་གི་གོ་དོན་རྩ་འཛིན་དུ་ཕབ་པའི་དུས་རབས་སུ། བོད་རྣམས་སིལ་བུར་ཐོར་ཏེ་སིལ་བུར་གནས་ཤིང་སོ་སོའི་ས་ནས་ཡོན་རྒྱལ་པོ་དང་རྒྱལ་སྲས་ལ་མགོ་བཏགས་ཞུས་ཞོར་ཆོས་སྡེ་གསར་རྒྱག་ལ་བྲེལ་བའི་གནས་སྐབས་སུ་ལུས་སོང་།
དེ་ནས་མི་ལོ་མང་པོ་ཕྱིན་པ་སྟེ་མུན་ནག་ལྟ་བུའི་དུས་རབས་བར་མ་མཇུག་རྫོགས་ནས་ཡུན་རིང་མ་ལོན་པའི་སྤྱི་ལོ1689ལོར། དབྱིན་ཇི་པ་རྣམས་ཀྱིས་ཡང་བསྐྱར《ཐོབ་ཐང་ཁྲིམས་འཆར》བཟོས་ཏེ་རང་དབང་དང་འདྲ་མཉམ་དག་ཁྲིམས་ཀྱི་འཆར་ཟིན་དུ་བཅས་དུས་སུ། བོད་རྣམས་ཀྱིས་རང་ཉིད་སིལ་བུ་ནས་སིལ་བུར་འཐོར་བྱེད་ཀྱི་ལྟ་བའི་ནང་རྐྱེན་ཏེ། ཆོས་ལུགས་གྲུབ་མཐའ་རྩོད་པའི་སྒང་རེད། ཧམ་པ་སྟག་རྐྱང་གིས་ཟ་སེམས་ཆེ་བའི་གཞན་རིགས་ཀྱིས་ཚུལ་དེ་ལ་གནས་དུས་ཚོད་རྩིས་ཀྱིས་སྲིད་དབང་གཡོ་འཛིན་བྱེད་པའི་སྦྱོར་བ་མངོན་ལྐོག་ཀུན་ནས་བསྟར་ནའང་། བོད་རྣམས་ཀྱིས་ཆོས་ལུགས་གྲུབ་མཐའ་ཙམ་བརྩད་དེ་རྩོད་ཉོག་གི་རྒྱལ་ཕམ་ཤན་མ་ཕྱེད་པར་ཡོད་ཚུལ་ནི་འཇམ་དབྱངས་བཞད་པའི་རྡོ་རྗེས《གྲུབ་མཐའ་ཆེན་མོའི་རྩ་བ》མཛད་པའི་དུས་ལ་ཁེལ་འདུག་པས་ཤེས་འོང་།
དེ་ནས་མི་ལོ་ཆིག་བརྒྱ་མ་ལོན་པའི་དུས་ཏེ་སྤྱི་ལོ1776ལོར་ཨ་རི་པ་རྣམས་ཀྱིས《རང་བཙན་གསལ་བསྒྲགས》སྤེལ་ཅིང་། མི་བུའི་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་རྣམས་ཟིན་ཐོར་བཀོད་དེ་འཛམ་གླིང་ཡོངས་ལ་གསལ་བསྒྲགས་བྱས་དུས་ནི། སྐབས་དེར་མཚན་སྙན་མཐོ་བའི་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཆིང་ཆན་ལུང་གིས་རྒྱ་ནག་པེ་ཅིང་དུ་གདན་ཞུའི་ཡི་གེ་འབྱོར་བའི་ལོ་ལ་ཁེལ་འདུག་ཅིང་། མ་འགྱངས་པར(1779ལོ)ཕེབས་འབྱོར་བྱུང་ནས་གསུང་ཆོས་མང་པོ་བསྩལ་པའི་དུས་རེད། བོད་གཞུང་དབང་ཆ་ཚོད་འཛིན་དང་བོད་སྡོད་ཨམ་བན་གྱི་དབང་ཆ་སྲ་བརྟན་བཏང་བའི《ཆུ་གླང་རྩ་ཚིག》དོན་ཚན་ཉེར་དགུ་ཅན་གཏན་འབེབས་བྱེད་མཁན་ནམ། སྲིད་དོན་མགོ་མཇུག་གོ་ལྡོག་བྱེད་མཁན་དེ་རིགས་ལ་བོད་རྣམས་ཀྱིས“གོང་མ”ཞེས་འབོད་ཅིང་། འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན་ཟེར་ནས་བུ་སྟོར་མ་ལ་དུངས་པ་བཞིན་ཞབས་ལ་མགོ་བོས་ཕྱག་བྱེད་དུ་སོང་ངོ་།། འབྱོན་དོན་ནི“མཆོད་ཡོན་འབྲེལ་བ”ཟེར་བའི་བླ་མེད་ཀྱི་འབྲེལ་བར་རློམ་པ་དེའི་ཟམ་མཐུད་དུ་བྱོན་པ་ཡིན་ཟེར་ལས་ཆེ་མོད། དོན་དངོས་སུ་སོ་སོའི་བདག་པོས་འབངས་ལ་བསྩལ་པའི་ཐམ་ག་དང་། འཇའ་ས། གོ་གནས། རྒྱུ་ནོར་སོགས་ཀྱི་ཕྱིར་དུ་རེད། གདན་ཞུས་ཕེབས་འབྱོར་དེ་ལྟ་བུ་ནི“མཆོད་ཡོན་འབྲེལ་བ”ཡི་བྱུང་བ་བརྒྱ་ལས་དཔེ་མཚོན་གཅིག་སྟེ། དེས་གོང་མ་དང་འོག་མ། སྟེང་མ་དང་འགབ་མའི་འབྲེལ་བ་མཚོན་པ་མ་གཏོགས། འདྲ་མཉམ་དང་རང་དབང་མཚོན་མེད་པ་མངོན་གསལ་རེད། 
ཡང་མི་ལོ་མང་པོ་མ་ཕྱིན་པའི་སྤྱི་ལོ1789ལོར། ཧྥ་རན་སི་པ་རྣམས་ཀྱིས་མི་བུའི་ཐོབ་ཐང་དེ་དག་ཁོ་ཚོའི《མི་བུའི་ཐོབ་ཐང་གསལ་བསྒྲགས》སུ་གསལ་པོར་བཀོད་དུས་སུ། བོད་རྣམས་ཀྱིས་རང་དབང་དང་འདྲ་མཉམ་ཞེས་པ་གོ་ཐོས་ཡོད་པ་ལྟ་ཞོག འཛམ་གླིང་ཞེས་པའང་ག་འདྲ་ཞིག་ཡིན་པ་ཧ་གོ་མེད་པའི་ཚོད་རེད། རྒྱུ་མཚན་ནི། འཛམ་གླིང་ཞེས་པ་ངོ་སྤྲོད་རགས་རིམ་མཛད་མཁན་གྱི་བཙན་པོ་ནོ་མིན་ཧན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་འཁྲུངས་མ་ཐག་པའི་ལོ་རེད། ཁོང་གིས་ཕྱིས་སུ《འཛམ་གླིང་རྒྱས་བཤད》(1830ལོ)བརྩམས་གནང་ནའང་། འཛམ་གླིང་ཧྲིལ་པོ་མ་ཡིན་པའི་ཡུལ་གྲུ་སྐོར་ཞིག་གི་སྣོད་བཅུད་དག་ལྷ་སྒྲུང་དང་གནའ་ཐོས། མཚར་གཏམ་གྱིས་བཅིངས་ཏེ་ལྷ་ཆོས་ཀྱི་ཕྱག་མཛུབ་གཡོས་པ་ཙམ་ལས་མི་ཆོས་ཀྱི་བློ་མིག་སྤྱོད་ཐུབ་མེད་པ་འདྲ། དེ་འདྲ་ཡིན་ཕྱིན། འཛམ་གླིང་ཡུལ་གྲུ་གཞན་ན་ཆེས་གལ་ཆེན་གཙིགས་ཆེན་དུ་བརྩི་ཞིང་སྲིད་ཆོས་སུ་གྱུར་པའི་མི་བུའི་རང་དབང་དང་འདྲ་མཉམ་སོགས་ནི་བོད་རྣམས་ཀྱིས་སྣང་ལ་ཅི་ལྟར་ངེས་ཏེ་ངེས་སྲིད་པ་མ་རེད།
སྲིད་ཆོས་རྩྭ་བཞིན་དོར་ལ་ལྷ་ཆོས་གསེར་བཞིན་བླངས་ཏེ་ལྷོད་གཡེང་འཐུས་ཤོར་གྱིས་མི་ལོ་སྟོང་ཕྲག་སོང་བ་སྟེ། སྤྱི་ལོ1948ལོར་སླེབས་པ་ན། འཛམ་གླིང་སྒང་དུ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ཏེ། རྒྱལ་ཁབ་དང་མི་རིགས་གང་ཡང་བཙན་གཉོམ་དང་དབུལ་ཕྱུག་ལ་མ་ལྟོས་པར་སོ་སོའི་གོ་ཐང་ཉེ་སྙོམས་བབ་འབྲེལ་འབྱུང་བའི《འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས》བྲིས་ཏེ་འདྲ་མཉམ་དང་རང་དབང་གི་རྩ་དོན་སྐྱེ་འགྲོ་ཡོངས་ལ་བསྒྲགས་དུས་སུ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཚང་རྒྱ་བར་འདོད་པའི་བོད་མི་ནི་དེ་དུས་ད་གཟོད་གཉིད་ལས་ས་མ་སད་དུ་འཛམ་གླིང་ཞེས་པ་ངོས་འཛིན་དུ་ཕྱི་རོལ་ལ་ལྟ་སྐོར་དུ་འགྲོ་ཁུལ་བྱས་པ་སྟེ། རལ་པོར་ལྷན་པའི་སྐྱོ་རོགས་ཀྱི་དཔེ་བཞིན་ཨ་རི་དང་དབྱིན་ཇིའི་རྒྱབ་སྐྱོར་འོག་ཚོང་དོན་སྐུ་ཚབ་ཚོགས་པ་ཞེས་པ་ཞིག་རྩ་འཛུགས་ཀྱིས་ཨ་རི་སོགས་ཕྱི་རྒྱལ་ཁག་ལ་བཏང་སོང་བ་དེ་ཙམ་རེད། བོད་ཀྱི་བརྟན་གཡོ་རྣམས་དེ་ལྟའི་མུར་ཅི་མིན་འདི་མིན་དུ་སྟག་གི་སྟེང་ལ་ཝ་མོ་བསྣན་པ་ལྟ་བུའི་གཞན་རིགས་ཀྱིས་རྡོག་བརྫིས་བྱེད་ས་ཞིག་ཏུ་གྱུར་ཅིང་། ད་ལྟའི་བར་དུ་ཅི་ཡིན་འདི་ཡིན་མེད་པར་ཕ་བསད་པ་ལ་རྒྱལ་རྔ་བརྡུངས་ནས་སོས་དལ་བག་ཕེབས་སུ་བསྡད་སོང་བ་དེ་འདྲ་རེད། (གོང་གི་བོད་ཀྱི་གནས་ཚུལ་རྣམས《བོད་རྒྱ་ཚིག་མཛོད་ཆེན་མོ》ཡི《བོད་ཀྱི་ལོ་རྒྱུས་འདས་པའི་ལོ་ཚིགས་དང་སྦྱར་ཏེ་བསྒྲིགས་པའི་རེའུ་མིག》དང《དུང་དཀར་ཚིག་མཛོད་ཆེན་མོ》ཡི《ལོ་ཚིགས་དྭངས་ཤེལ་མེ་ལོང》དག་གཞིར་བཟུང་ནས་བྲིས་པ་ཡིན།)
ང་ཚོས་གོང་གི་ལོ་ཚིགས་འདི་ཙམ་གཤིབ་བསྡུར་བྱས་པས་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་གནད་འགའ་ཟིན་ཡོད་སྙམ་སྟེ། བོད་ཀྱི་ལོ་རྒྱུས་ནི་མགོ་འདོགས་རིང་ལུགས་དང་། གྲུབ་མཐས་འཐེན་འཁྱེར། མཆོད་ཡོན་འབྲེལ་བ། ཁ་རུབ་སྒོ་བསྡམས་ཀྱི་ལོ་རྒྱུས་ལས་མ་འདས་པའི་ཚུལ་དེ་རེད།
དེ་ནི་འཛམ་གླིང་ཡུལ་གྲུ་གཞན་དུ་མི་བུའི་མི་ངོ་ཤེས་ཏེ་སོ་སོའི་བདེ་སྡུག་གི་ཕྱིར་དུ་རང་དབང་དང་འདྲ་མཉམ་ལ་སོགས་སྲོལ་དུ་བཙུགས་ཤིང་ཁྲིམས་རྩར་བཅས་པའི་ལོ་རབས་སུ། བོད་རྣམས་ནི་སྔར་བཞིན་ཆོས་ཀྱི་ཐར་ལམ་བགྲོད་ཀྱང་ལམ་སྣེ་མ་རྙེད་པ་དང་སྲིད་ཀྱི་མགོན་སྐྱབས་བཙལ་ཀྱང་སྲིད་དོན་མ་འཁྱོངས་པའི་ལོ་རྒྱུས་གནས་སྟངས་ཏེ། འདི་ཙམ་གྱིས་ཀྱང་བོད་ཀྱི་ལོ་རྒྱུས་ཕྱོགས་བསྡོམས་བྱེད་ནུས་པ་འདྲ། 
ཡིན་ནའང་། སྤྱི་ལོ་དུས་རབས་ཉེར་གཅིག་པའི་དུས་མགོར་སླེབས་པ་ན། མི་བུ་སྒེར་གྱི་ཐོབ་ཐང་གི་གོ་རྟོགས་སད་པའི་རྟགས་སུ་མཐོང་དཀའ་ནའང་། མི་རིགས་དང་རིག་གནས། ས་ཁོངས་སོགས་ཀྱི་འདུ་ཤེས་རྙེད་པའི་དན་རྟགས་སུ། དེ་སྔའི་ལྷ་ས་ཁོ་ན་ཙམ་མ་ཡིན་པར་མདོ་དབུས་ཁམས་གསུམ་དུ་རང་དབང་དང་འདྲ་མཉམ་གྱི་སྐད་གསང་མཐོན་པོར་བསྒྲགས་པའི་ཞི་བའི་གསར་བརྗེ་གཞི་ཁྱོན་ཆེན་པོ་ཞིག་བློ་ཐག་རྦད་ཆོད་དང་ཁ་ཞེ་གཉིས་མེད་ཀྱིས་འཕྱུར་བ་དང་། ལྷ་སར་གསུམ་བཅུའི་དུས་དྲན་ནས་དབུ་བརྩམས་པའི་གསར་བརྗེ་དེ་ནི་རྫིང་ལ་རྡོ་བ་དབྱུགས་པ་བཞིན་ཕྱོགས་བཅུར་མཆེད་ཅིང་། དགོན་གྲོང་དང་ཕོ་མོའི་དབྱེ་བ་མེད་པར་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་དུ་འབྲོག་གི་རྩྭ་ཐང་དང་རོང་གི་སྲང་ལམ་གང་ལའང་གནམ་ལ་སྐར་འོད་འཚེར་བ་བཞིན། ས་ལ་མེ་ཏོག་གད་པ་བཞིན་ཤིན་ཏུ་རབ་ཏུ་རྣམ་པར་གཡོས་སོ།།          
བྲག་དང་སྒོ་ང་། ཁྲ་དང་བྱེའུ། ར་དང་སྤྱང་ཀིའི་ངང་ཚུལ་ཡིན་པ་ཤེས་བཞིན་དུ། སྟག་དམར་ཡག་རྒྱ་རྫོང་ནགས་དང་འབྲོང་བྲེ་སེར་ཁྲ་ཡག་རྫ་ལ་འཇུག་པ་ལྟ་བུའི་རྟོགས་སད་འདི། མ་གཞི་དུས་ཡུན་རིང་པོར་ཡིད་མཁར་བརྣགས་པའི་རེ་བའི་འདོད་པ་སྐར་མདའ་བཞིན་གནམ་ནས་ལྷུང་བ་དང་། མི་ལོ་མང་པོར་སེམས་ལ་བཅངས་པའི་བདེན་པའི་ན་ཟུག་ཆུ་མིག་བཞིན་ས་ནས་བརྡོལ་བ་ཡིན་ནའང་། སྣོག་རྫུན་འཕྲུལ་གསུམ་གྱིས་སྣ་ནས་ཁྲིད་ཅིང་གཡོ་སྒྱུ་ཁྲམ་གསུམ་གྱིས་རྩིབ་ནས་བསྐྱོར་ལ། གཏུམ་དྲག་བཙན་གསུམ་གྱིས་རྗེས་ནས་བཤར་བའི་མི་ཡུལ་སྒེར་གཅོད་ཀྱི་གཤིན་རྗེའི་འཁོར་ལོ་དེས། རྡུང་འཚིར་གནོན་གསུམ་ནམ་ལངས་པ་འདྲ་བ་ཞིག་དང་སྒྲོ་སྐུར་རྩད་གསུམ་ས་རུབ་པ་ལྟ་བུའི་ལས་ཀྱིས། སྐད་ཅིག་ཉིད་ལ་ཚ་དང་ཚ་བ་ཡང་སོས་དང་གྲང་དང་གྲང་བ་པད་ཆེན་ལྟར་གས་པའི་གནས་ལ་ཁྲེལ་བག་མེད་པར་མངོན་སུམ་གྱིས་བརྫངས་སོང་།
འོན་ཀྱང་། རྒྱུག་པ་ལེབ་རྡུང་བྱས་ཀྱང་དངངས་མ་སྐྲག དཀར་པོ་རུས་རྐང་གཏོར་ཡང་འཇིགས་མ་ཡེར། དམར་པོ་ཁྲག་ལ་བརྫིས་ཀྱང་དཔའ་མ་ཞུམ། རྣོ་ལྕགས་ངར་མ་དང་ལྕགས་སྒྲོག་ཁོལ་མ། མདའ་མདེའུའི་ཚ་དབལ་ལ་བྲང་ཁོང་དང་གདོང་པ་གཏོད་ནུས་པའི་སྙིང་སྟོབས་འདིས། རང་ས་མ་མོའི་བྲང་མགོ་འདྲ་བོ་རང་གིས་སྲུང་ཞིང་། རང་ཐང་གསེར་གྱི་ཐུ་ལུམ་འདྲ་བོ་རང་གིས་འཚོས་པ་ཡིན་ཕྱིར། མི་ཡུལ་འཇིག་རྟེན་འདིའི་སྙིང་སྟོབས་གང་གིས་ཀྱང་འདི་ཡི་ཁྲི་ཆའི་ཆར་ཡང་ག་ལ་འོང་། སྟག་གཟིག་དོམ་དྲེད་དཔའ་བ་གཟན་ལ་དཔའ་བ་ཙམ་དང་། ལྕགས་ཀྱི་མི་བུ་དཔའ་བ་འཕྲུལ་ལ་དཔའ་བ་ཙམ་རེད། ལྷ་འཛུམ་མདངས་གྲོལ་ཞིང་འདྲེ་ཞེད་སྣང་ལངས་ལ། མི་བུས་སྨོན་པ་ཤོར་པའི་སྙིང་སྟོབས་འདི་ལྷ་ཡི་བྱིན་རླབས་དང་འདྲེ་ཡི་ཆོ་འཕྲུལ་མིན་ལ། མི་བུས་བཤུག་སྤྲོད་ཀྱང་མ་ཡིན་པར། ཕ་རྒན་གྱི་ལྕེ་སྣེ་ནས་གསུངས་ཤིང་མ་རྒན་གྱི་ལག་སྣེ་ནས་སོན་པས། སྤྱན་རས་གཟིགས་དབང་གཟིགས་ན་སྟོད་རི་རབ་ཀྱི་རྩེ་མོ་ནས་འཛུམ་ཆོག་ཅིང་སྣང་བ་མཐའ་ཡས་ཐོས་ན་སྨད་རྒྱ་མཚོའི་གཏིང་རིམ་ནས་བཞད་ཆོག་ཨང་། “བདག་བློའི་ཏི་སེའི་རི་བོར་བག་ལ་ཉལ་བའི་གངས་སེང་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག”པའི་སྙན་ངག་པའི་བརྗོད་པ་དེ། ད་ལྟ“བདག་བློའི་ཏི་སེའི་རི་བོར་མཁའ་ལ་འཕྱོ་བའི་གངས་སེང་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག”ཏུ་ངང་ཤུགས་ཀྱིས་བཅོས་པ་མ་ཡིན་ནམ།
འཇིག་རྟེན་ཐམས་ཅད་ཧྲིག་ཧྲིག་པོ་དང་འཛམ་གླིང་ཧྲིལ་པོ་ཡེར་ཡེར་བོར་བཟོས་པའི་མི་ཡུལ་གཟི་བརྗིད་ཡོད་ཚད་ཀྱི་དྭངས་མ་འདིའི་རྒྱུ་རྐྱེན་ནི། ལ་ལས་དབང་སྒྱུར་འགོངས་པོའི་སྲིད་ཇུས་མ་རུངས་པ་ཡིན་པར་བཞེད་པ་ལྟར་ན། གནོན་ཤུགས་གང་ཞིག་ཐེགས་པར་དཀའ་བས་ཞབས་ནས་གྱེན་ལ་ལྡོག་པར་རྩོམ་པའི་སྙིང་སྟོབས་ལ་བསམ་ན་དེ་ལ་རྒྱུ་མཚན་ཞིག་ལོས་ཡོད་སྙམ་ཞིང་། འགའ་ཤས་ཧམ་པ་ཅན་གྱིས་རྒྱུ་ནོར་བགོ་སྐལ་ཕྲོགས་པས་ཡིན་པར་བཞེད་པ་ལྟར་ན། ཞིང་གི་རྡུལ་སྙེད་རང་ལ་དབང་བས་རྐུན་ཇག་ཚོགས་ལ་རྒོལ་བར་རྩོམ་པའི་འུ་ཐུག་ལ་བསམ་ན་དེ་ལའང་གཏན་ཚིགས་ཤིག་ལོས་ཡོད་སྙམ་བྱུང་། ཁ་ཅིག་གིས་དངོས་གཙོ་སྨྲ་བ་སེམས་གཙོ་སྨྲ་བ་ལས་ཕམ་པའི་འབྲས་རྟགས་སུ་བཞེད་པ་ལྟར་ན། ཤིན་ལྐོག་རིག་གནས་ཀྱི་ལྟ་གྲུབ་ལ་དཔྱད་མི་བཟོད་པས་དད་པའི་སྟོབས་ནི་སྟོབས་ཤུགས་ཀུན་ལས་ཀྱང་ལྷག་པར་བསམ་ན་དེ་ལའང་གནས་ལུགས་ཤིག་མི་འདུག་བསམ་གྱི་མེད། དེ་ལྟར། ཆབ་སྲིད་ཀྱི་ཚ་གཅུན་གནོན་སྡོམ་དང་། དཔལ་འབྱོར་གྱི་ཧམ་ལེན་བཙན་འཕྲོག རིག་གནས་ཀྱི་སིམ་ཟོས་འདྲ་སྒྱུར་བཅས་ཟུར་གང་ནས་བལྟས་ནའང་ཞི་བའི་གསར་བརྗེ་འདི་འདྲ་སློང་བའི་རྒྱུ་རྐྱེན་དུ་མ་སོང་བ་འགའ་ཡང་མེད་པ་འདྲ། ཡིན་ནའང་། ཁོ་བོས་དེའི་ཕན་ཆད་ནས་མཐོང་བ་ནི། བཙན་པོའི་སྐབས་ཀྱི་བག་ཆགས་ཏེ་བག་ལ་ཉལ་བའི་ཁྱིམ་སྲིད་འདུ་ཤེས་གཏིང་ནས་སད་དེ། རིགས་རྒྱུད་དང་ས་ཁོངས་ཀྱི་“བདག”འཚོལ་བའི་སྙིང་སྟོབས་དེ་ཡིན་སོང་། རྒྱུ་མཚན་ནི། སྤྱི་ལྡོག་ནས་བལྟས་ན། བོད་རྣམས་ལ་ད་ལྟའི་དུས་ནའང་སྲིད་འབྱོར་རིག་གསུམ་གྱི་རྟོགས་པ་ཆེར་རྒྱས་མེད་པ་དང་གཅིག དད་པ་ཅན་དུ་ཁས་འཆེས་པའི་མི་འབོར་མང་ཤོས་གསར་བརྗེ་རུ་མ་ཞུགས་པ་དང་གཉིས། ལས་ཞུགས་མི་སྣ་གཙོ་བོ་ན་གཞོན་ཡིན་པ་དང་གསུམ་བཅས་ལ་དཔག་ན། གསར་བརྗེ་འདིའི་རྒྱུ་རྐྱེན་གཙོ་བོ་ནི་དད་པ་ལས་གཞན་སོ་སོའི་བག་ཆགས་ཕུགས་སྦུབས་ཀྱི་སྙིང་སྟོབས་སོས་པ་ཡིན་པར་ཐག་བཅད་ཆོག་པ་འདྲ། ལྟོས་བཅས་ཀྱིས་བཤད་ན། ལས་ཞུགས་ཀྱི་མི་བུ་དཔའ་བོ་དཔའ་མོ་ཕལ་ཆེ་བ་ནི་ཁྱིམ་གྱི་འཚོ་ཚིས་ཀྱི་ཁུར་ཆེན་པོ་མེད་པ་དང་། བརྡ་འཕྲིན་དང་དུས་སྐད་དུས་ཐོག་ཏུ་ཐོས་པ། སྤོབས་པ་ཆེ་ཞིང་མིག་རྒྱང་རིང་བ། རིགས་ཞེན་གྱི་ཁོག་དཔུང་དང་ལ་རྒྱས་ཕྱུག་པ་བཅས་ཀྱི་ཕྱིར། ནམ་ཞིག་སྙིང་སྟོབས་ཀྱི་བག་ཆགས་སད་ཚེ་ཡུལ་དུས་དང་འཚམ་པའི་རང་དབང་དང་འདྲ་མཉམ་གྱི་སྐད་བརྒྱབ་ཅིང་གསར་བརྗེ་དེ་འདྲ་མི་འབྱུང་རང་འབྱུང་ཆགས་པ་རེད་སྙམ།
ལོ་རྒྱུས་ནི་ངེས་ཅན་རྒྱུ་འབྲས་ཀྱི་ཆོས་ཅན་ཡིན་ནམ་ཡང་ན་ངེས་མེད་སྟེས་དབང་གི་ཆོས་ཅན་ཡིན་ཞེས་པ་ནི་འཛམ་གླིང་ལོ་རྒྱུས་སྨྲ་བ་དག་གི་བརྗོད་གཞི་ཆེན་པོ་ཞིག་ཡིན་སྐད་དེ་ཁོ་བོས་དེ་ལ་དཔྱད་པ་བརྗོད་མི་འདོད། ཧར་གྱིས་བལྟས་ན། གསར་བརྗེ་འདི་ནི་ངེས་མེད་སྟེས་དབང་གིས་བྱུང་བའི་དོན་རྐྱེན་གློ་བུར་བ་ཞིག་ཡིན་པ་འདྲ་ཡང་། དོན་དམ་དུ་རུས་རྐང་དང་ཟུངས་ཁྲག་ལ་བརྒྱུད་པ་ཟམ་མ་ཆད་པའི་བཙན་པོའི་སྐབས་ཀྱི་རིགས་རྒྱུད་འདུ་ཤེས་དང་དཔའ་བོའི་སྙིང་སྟོབས་ཀྱི་བག་ཆགས་སད་པ་ཡིན་པར་འདོད། གསར་བརྗེའི་འབྱུང་རྐྱེན་ནི་དད་སྟོབས་ཁོ་ན་ལ་རག་ལས་པ་ཡིན་ཟེར་ན། དད་ལྡན་ཡོད་དོ་ཅོག་འདི་ལ་ཞུགས་མ་སོང་བས་ཁས་ལེན་དཀའ་བའི་ཚོད་དུ་སྣང་ཕྱིར། ཁོ་བོས་དད་པ་ལས་ལྷག་སྙིང་སྟོབས་རྒྱས་པའི་འབྲས་བུར་ཁ་ཚོན་གཅོད་དོ།།
ས་བྱི་ཞི་བའི་གསར་བརྗེ་ནི་ཁ་དོག་གསར་བརྗེ་ཡི་རྒྱུན་མཐུད་པའི་གསར་བརྗེ་ཞིག་རེད་ཅེས་འཛམ་གླིང་མཐོང་བའི་སྤྱན་མིག་ཅན་དག་གིས་བཞེད། འཛམ་གླིང་གཞི་ཁྱོན་གྱི་ངོས་ནས་བལྟས་ན་དེ་ལ་རྒྱུ་མཚན་ངེས་ཅན་འདུག་པ་བསྙོན་མེད་རེད་དེ། 1989ལོར། ཅེ་ཁེ་སི་ལོ་ཝ་ཁེ་རུ་རྣམ་པ་ངང་པའི་ཁུལ་ལྟར་འཇམ་པའམ་རྣམ་པ་དར་ཟབ་ལྟར་འཇམ་པའི་ཆ་ནས་བཏགས་པའི“ངང་ཁུལ་གསར་བརྗེ”འམ“དར་ཟབ་གསར་བརྗེ”བྱུང་བ་སྟེ། འཚེ་མེད་ཞི་བའི་ཐབས་ལམ་གྱིས་གུང་ཁྲན་ཏང་ངམ་ཐུན་མོང་ཐོན་སྐྱེད་ཚོགས་པའི་དབང་སྒྱུར་ལ་ངོ་རྒོལ་གྱིས་དམངས་གཙོར་ཕྱིན་པའི་གསར་བརྗེ་བྱུང་བའི་རྗེས་སུ། དུས་རབས21པའི་དུས་མགོར་སླེབས་པ་ན། ཡོ་རོབ་ཤར་མ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཁག་ལ་ཁ་དོག་གསར་བརྗེ་བསྟུད་མར་བྱུང་བ་དཔེར་ན། 2004ལོར་ཀེར་རྗེ་ཡ(Georgia)ཡི་མེ་ཏོག་རྒྱ་སེའི་གསར་བརྗེ་སྟེ། ཁོ་ཚོའི་གསར་བརྗེ་ནི་མེ་ཏོག་རྒྱ་སེ་ཡིས་མཚོན་ཞིང་། ཁ་དོག་ཟིང་དམར་ཡིན་པའི་ཆ་ནས་ཁ་དོག་གསར་བརྗེ་རུ་བཏགས་པ་དང་། ཡང2004ལོའི་ཡོ་ཁི་རན(Ukraine)གྱི་མེ་ཏོག་ཨ་འབྲུམ་གྱི་གསར་བརྗེ་སྟེ། ཁོ་ཚོའི་གསར་བརྗེ་ནི་མེ་ཏོག་ཨ་འབྲུམ་གྱིས་མཚོན་ཞིང་། ཁ་དོག་ཁམ་ནག་ཡིན་པའི་ཆ་ནས་ཁ་དོག་གསར་བརྗེ་རུ་བཏགས་པ་དང་། 2005ལོའི་ཁེར་རྗེ་སི་སི་ཐན(Kyrgyz)གྱི་མེ་ཏོག་ཡུལ་རྒྱན་གསར་བརྗེ་སྟེ། ཁོ་ཚོའི་གསར་བརྗེ་ནི་མེ་ཏོག་ཡུལ་རྒྱན་གྱིས་མཚོན་ཞིང་། ཁ་དོག་སེར་པོ་ཡིན་པའི་ཆ་ནས་ཁ་དོག་གསར་བརྗེ་རུ་བཏགས་པ་དང་། 2007ལོའི་འབར་མའི་ཆོས་གོས་གསར་བརྗེ་སྟེ། འབར་མའི་དམག་གཞུང་ལ་རྒོལ་བའི་གཙོ་ཤུགས་གྲྭ་པ་ཡིན་ཞིང་། ཆོས་གོས་ཀྱི་ཁ་དོག་ངུར་སྨྲིག་ཡིན་པའི་ཆ་ནས་ཁ་དོག་གསར་བརྗེ་རུ་བཏགས་པ་ལྟ་བུས་མཚོན་ཏེ། ཉེ་བའི་ལོ་འདི་འགར་བྱུང་བའི་ཁ་དོག་གསར་བརྗེ་ནི་སྒེར་གཅོད་དང་དམངས་གཙོ་མ་ཡིན་པའི་སྲིད་དབང་བརྗེ་སྤོར་བྱེད་པའི་གསར་བརྗེའི་ལས་འགུལ་ཤ་སྟག་དང་། དེ་ཡང་གསར་བརྗེ་ལ་ཞུགས་མཁན་རྣམས་ཀྱིས་མེ་ཏོག་འཆང་ཞིང་། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དབང་དང་དམངས་གཙོ་ནན་སྲུང་དང་དོན་གཉེར་བྱས་པའི་ཞི་བདེའི་རིམ་འགྱུར་ཞིག་རེད།
ང་ཚོས་བོད་ཀྱི་ས་བྱི་ཞི་བའི་གསར་བརྗེ་འདི་འཛམ་གླིང་གཞི་ཁྱོན་གྱི་རང་དབང་དང་དམངས་གཙོར་བགྲོད་པའི་ཞི་བདེའི་རིམ་འགྱུར་གྱི་གྲས་སུ་བཞག་སྟེ་བལྟས་པ་ཡིན་ན། གསར་བརྗེ་འདིའི་རྒོལ་ས་སྒེར་གཅོད་རིང་ལུགས་པ་ཡིན་པ་དང་། ཐབས་ལམ་འཚེ་མེད་ཞི་བ་ཡིན་པ། དམིགས་ཡུལ་རང་དབང་དང་དམངས་གཙོ་ཡིན་པ་བཅས་ཀྱི་ཕྱིར། ཁ་དོག་གསར་བརྗེའི་རྗེས་སུ་སོང་ཞིང་ཁ་དོག་གསར་བརྗེའི་གྲས་སུ་བགྲང་རུང་བ་སྟེ། སྒེར་གཅོད་དྲག་དཔུང་ལ་ཁ་གཏད་བཅག་པའི་གསར་བརྗེ་ཡི་གཙོ་ཤུགས་གྲྭ་པ་ཡིན་པ་དང་། ཆོས་གོས་ཀྱི་ཁ་དོག་ངུར་སྨྲིག་ཡིན་པས་བོད་ཀྱི་ཆོས་གོས་གསར་བརྗེའམ་བོད་ཀྱི་ངུར་སྨྲིག་གསར་བརྗེ་ཞེས་གདགས་འོས་འདུག ཁོ་བོས་བཏགས་པའི་བོད་ཀྱི་ངུར་སྨྲིག་གསར་བརྗེའམ་ས་བྱི་ཞི་བའི་གསར་བརྗེ་འདི་ཕྱི་གླིང་གསར་ལམ་དག་ཏུ2008ལོའི་དོན་ཆེན་གཅིག་ཏུ་བགྲང་གི་འདུག་ཅིང་། བགྲངས་པ་གང་ལ་གནས་ལུགས་ཆེན་པོ་འདུག་པ་དེ་དེ་བཞིན་དུ་འཛམ་གླིང་ལོ་རྒྱུས་སུ་ཐེབས་པ་ཡིན་ན། གསར་བརྗེ་ལ་རེ་ཞིག་འབྲས་བུ་མ་ལོན་ཀྱང་། གསར་བརྗེ་ལ་རེ་ཞིག་རྒྱལ་ཁ་མ་ཐོབ་ཀྱང་། གྲུབ་པར་གྱུར་ན་ལྟ་ཅི་སྨོས།། མ་གྲུབ་ན་ཡང་མཛེས་པའི་རྒྱུ།། ཞེས་པ་ལྟར། བོད་རྣམས་ཀྱིས་འགྲོ་བ་མིའི་རིགས་ཀྱི་རང་དབང་དང་འདྲ་མཉམ་དང་ཐོབ་ཐང་དང་དམངས་གཙོ་དང་ཞི་བདེ་ཡི་ལོ་རྒྱུས་སུ་ཁ་བཤད་ཙམ་མིན་པ་དང་། སྨོན་ལམ་ཙམ་མིན་པ་དང་། སྔ་ན་མེད་པ་དང་། བསུབ་ཏུ་མེད་པའི་བྱས་རྗེས་བཞག་སོང་ཞེས་ཁོ་བོས་ཁ་ཚོན་བཅད་དེ་སྨྲ།
བོད་རྣམས་ཀྱིས་དུས་ཡུན་རིང་པོར་གཞི་ཁྱོན་ཆེན་པོའི་ཆབ་སྲིད་གྱེན་ལོག་བྱས་མྱོང་མེད་ཅིང་། དེ་བཞིན་དུ་ཆབ་སྲིད་འོས་ལངས་དང་། ཆབ་སྲིད་འཐབ་རྩོད། ཆབ་སྲིད་གསར་བརྗེ་གང་ཡང་བྱས་མྱོང་ཡོད་པ་མ་རེད། ཁོ་བོས་བསམ་ན་དེ་ལ་རྒྱུ་རྐྱེན་གསུམ་ཡོད་དེ། གཅིག་ནི་ས་ཁོངས་དང་མངའ་དབང་གི་ཆབ་སྲིད་འདུ་ཤེས་མེད་པ་དང་། གཉིས་ནི་ཆོས་དང་ཆོས་ལུགས་མ་གཏོགས་དོན་གཉེར་མེད་པ། གསུམ་ནི་སྡེ་བ་དང་ཚོ་བའི་ཁ་ཐོར་སྤྱི་ཚོགས་ཆུང་ངུ་མ་གཏོགས་འདུས་སྡོད་ཀྱི་སྤྱི་ཚོགས་ཆེན་པོ་ཆགས་མ་མྱོང་བ་བཅས་ཀྱིས་རེད་འདོད། ད་ལྟའི་མི་རྣམས་ཀྱིས་གྱེན་ལོག་དང་། འོས་ལངས། འཐབ་རྩོད། གསར་བརྗེ་སོགས་ཆབ་སྲིད་ཀྱི་བརྡ་ཆད་དུ་སོང་བའི་མིང་འདི་དག་ཐོས་ཚེ། ཁ་སྙེར་སྣ་སྙེར་བྱེད་ཅིང་འཇིགས་སྐྲག་དངངས་སྐྲག་ཏུ་འགྲོ་བ་ནི་དམར་པོའི་གསར་བརྗེ་ཞེས་པའི་མཇུག་འབྲས་ཏེ། དམར་པོའི་གསར་བརྗེའི་སྒང་ལ་མི་རྣམས་གསར་བརྗེའི་ངོ་ལོག་པ་དང་ཇག་པར་བཏགས་ནས་འཐབ་རྩོད་དང་། རྡུང་རྡེག འཚིར་གནོན། ཉམ་ཉེས། རྩ་གཏོར། རྨེག་མེད། ཁ་བཏགས་པར་བྱས་སོང་བས། ད་དུང་ཡང་འཇིགས་སྣང་གི་རྒྱུན་མ་ཡལ་བར་ཡོད་པས་རེད། དེ་ལྟ་བུའི་འཐབ་རྩོད་ལ་འཐབ་རྩོད་དང་དེ་ལྟ་བུའི་གསར་བརྗེ་ལ་གསར་བརྗེ་རུ་འབོད་ནའང་། དེ་ནི་དྲག་པོའི་འཐབ་རྩོད་དང་དྲག་པོའི་གསར་བརྗེ་སྟེ་དྲག་པོའི་འཐབ་རྩོད་དང་དྲག་པོའི་གསར་བརྗེ་ཡིས་རྒྱལ་ཁ་ལོན་པའི་དབང་དུ་བཏང་རུང་། སླར་ཡང་དྲག་པོའི་དབང་སྒྱུར་བྱེད་པ་ཆོས་ཉིད་རེད། ས་བྱི་ལོའི་གསར་བརྗེ་ནི་ཞི་བའི་གསར་བརྗེ་དང་། ཞི་བའི་འཐབ་རྩོད། ཞི་བའི་གྱེན་ལོག་ཡིན་ཞིང་། མི་བུའི་གནས་ལུགས་དང་མ་འགལ་བའི་གསར་བརྗེ་ཞིག་སྟེ། འདི་འདྲའི་གསར་བརྗེ་ནི་དབང་སྡེམ་སྒེར་གཅོད་རིང་ལུགས(集权专制主义)པ་ཞིག་མིན་ཚེ། རླབས་ཆེ་ལ་གཟི་བརྗིད་ལྡན་པའི་གསར་བརྗེ་ཞིག་ཏུ་འཛམ་གླིང་ཤར་ནུབ་ཀུན་གྱིས་ཁས་ལེན་སྲིད་པ་རེད།
དེ་ལྟར་ཞིབ་ཏུ་བསམ་ན། ཁོ་བོ་དགའ་བའི་ཚོར་པ་སྐྱེས་པ་ལ་རྒྱུ་མཚན་བཞི་ཡོད་དེ། གཅིག་ནི་གསར་བརྗེའི་དོན་སྙིང་དང་། གཉིས་ནི་གསར་བརྗེའི་ཤུགས་རྐྱེན། གསུམ་ནི་གསར་བརྗེའི་དམིགས་ཡུལ། བཞི་ནི་བདེན་མཐའ་གསལ་རྒྱུའི་རྟགས་མཐོང་བ་བཅས་སོ།།
 
 
གཅིག  གསར་བརྗེའི་དོན་སྙིང་ལ་སྙིང་སྟོབས་དང་། རྟོགས་སད། གྱེན་ལོག ཟིན་ཐོ།
དྲིལ་བསྒྲགས་བཅས་ལྔ་ཡོད་དེ།
1.སྙིང་སྟོབས་ཞེས་པ་ནི་གསར་བརྗེ་འདིར་དཔའ་བོའི་སྙིང་སྟོབས་མ་ཉམས་པའི་དགེ་མཚན་དོན་སྙིང་ཡོད་པ་ལ་གོ་བ་ཡིན། བཙན་པོའི་སྐབས་ཀྱི་སྟག་འདྲ་གཟིག་འདྲའི་དཔའ་བོའི་སྙིང་སྟོབས་བག་ལ་ཞ་བ་དེ་རྐྱེན་དང་ཕྲད་པས་དགུང་དུ་འཕྱོ་ཞིང་། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་གི་སྤྲུལ་པ་དང་ཡང་སྤྲུལ་ལྟ་བུར་སོང་བའི་གསར་བརྗེའི་ནང་ཞུགས་ཀྱི་ཤི་གསོན་བཙོན་བཞུགས་གནང་མུས་ཀྱི་མི་བུ་རྣམས་ནི་དཔའ་བོ་དང་དཔའ་མོར་མ་གྱུར་པ་མེད་པ་དང་། དཔའ་བོའི་སྙིང་སྟོབས་གཟུགས་ཡིན་ན། ས་གཞི་འདིའང་སྣོད་དུ་ཆུང་བའི་ཚུལ་འདི་ནི། མི་ལོ་སྟོང་ཕྲག་ཡུན་གྱི་བདག་མེད་དང་སྟོང་ཉིད་བཤད་པའི་ཆོས་ཀྱི་ཞི་བས་མ་ཐུབ་ཅིང་། མི་ལོ་ལྔ་བཅུའི་རིང་གི་བཙན་གནོན་དང་ཚ་གཅུན་རྒོད་པའི་སྲིད་ཀྱི་དྲག་པོས་མ་ཐུལ་བར། བྲག་རི་རྦད་ཀྱིས་ཉིལ་བའི་རྔམ་བརྗིད་དང་། འབྲུག་སྟོང་ཅིག་ཅར་ལྡིར་བའི་ཟིལ་ཤུགས། རྦབ་ཆུ་དྲག་ཏུ་རྒྱུག་པའི་འཁྱོམ་སྒྲ། རིམ་པ་དགུ་རུ་གཡོ་བའི་ས་འགུལ་གྱི་ཤུགས་ཀྱིས་སྟོད་ནས་སྨད་ལ་སྦར་ཞིང་སྨད་ནས་སྟོད་ལ་མཆེད། གནམ་ནས་ས་ལ་བབས་ཤིང་ས་ནས་གནམ་ལ་འཕྱོ། རི་རབ་བཞིན་ལྕི་བའི་གནོན་ཤུགས་དང་། ཡང་སོས་བཞིན་གཟིར་བའི་མནར་གཅོད། ཡི་དྭགས་བཞིན་གདུང་བའི་བཀྲེས་སྐོམ་ཡོད་པ་ཤེས་བཞིན་དུ། དོན་སྙིང་ལྷོག་ལྷོག་དང་། ཁྲག་དམར་འཛར་འཛར། དཔུང་རྡང་ཤིག་ཤིག་གིས་འཕྱུར་བའི་སྙིང་སྟོབས་ས་བོན་དགུ་འགྱུར་འདི་ནི་བཙན་པོའི་སྙིང་སྟོབས་ཀྱི་བག་ཆགས་རྨང་ནས་སད་པ་ཡིན་ཏེ། སྟག་གི་སྤྱིལ་པོ་ཕུབ། འོག་རྟ་གཡུལ་དུ་བསད། གདོང་ཁྲག་གིས་བྱུགས་ཏེ་སླར་མི་ལྡོག་པའི་རྩིས་སུ་བྱས་པའི་སྟོད་ཀྱི་དཔའ་ཚན་དང་། རལ་གྲི་ལ་རི་མོ་བྲིས། དུར་རྒྱགས་ལྟོར་ཟོས། ཚེ་སློག་རྒྱབ་ཏུ་གོན་ཏེ་ཕྱིར་མི་ལྡོག་པའི་རྩིས་སུ་བྱས་པའི་བར་གྱི་དཔའ་ཚན་དང་། རལ་གྲིའི་ཤུབས་བཅག ཁ་ཆེམས་ཉེ་བ་ལ་ཕོག བུ་སྨད་ཉེ་དྲུང་ལ་བཅོལ་ནས་ཕྱིར་མི་ལྡོག་པའི་རྩིས་སུ་བྱས་པའི་སྨད་ཀྱི་དཔའ་ཚན་ཇི་བཞིན། ཚེ་སྲོག་གཏའ་མ་ལ་བཞག མི་ཚེ་རིན་དོད་དུ་ཕུལ། བདེ་སྡུག་ལ་ཅི་སྙམ་པར་རང་དབང་དང་ཐོབ་ཐང་གི་རྒྱལ་ས་དམིགས་པའི་ཕྱིར་མི་ལྡོག་པའི་ལམ་ལ་རྩ་བརྟན་རྦད་ཆོད་ཀྱིས་འཇུག་པའི་དབུ་བརྩམས་པ་ཡིན་ཞིང་། འདི་ལ་ཕོ་བ་དང་ལྟོ་བ་འགྲངས་པ་ཙམ་གྱིས་ཡིད་ཚིམ་དུ་སྡོད་པའི་ཙི་ནའམ་རྒྱ་ནག་པས་བསྒྲུན་དུ་མེད་ཅིང་། འབྱོར་པ་དང་ཁེ་ཕན་རག་པ་ཙམ་གྱིས་གནས་ལུགས་དབྱུགས་བཞག་པའི“སྐྲ་སེར་སྤྲེའུས”ཀྱང་དོ་བ་མིན། ལོ་རྒྱུས་མཁན་དག་གིས་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་གནས་ཚུལ་དང་ཐ་ན་རུས་མིང་ཙམ་ཡང་ཟིན་ཐོར་འགོད་པ་བརྗེད་མི་རུང་བའི་གསར་བརྗེའི་ནང་ཞུགས་ཀྱི་སྙིང་སྟོབས་ཅན་ཁོང་ཚོས་སྣེ་དྲངས་པ་ནས་བཟུང་། བོད་མིའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་གི་མཆོད་བརྗོད་བརྩམས་སོང་བ་དང་། བོད་མིའི་ལོ་རྒྱུས་ཀྱི་རྡོ་རིང་གསར་པ་ཞིག་གི་རྨང་གཞི་བཏིངས་སོང་བས་ན། སྙིང་སྟོབས་སྲོག་ཏུ་བྱས་པའི་མི་རིགས་ཤིག་དང་སྙིང་སྟོབས་སྲོག་གིས་བཟུང་བའི་མི་བུ་ཞིག འཛམ་གླིང་འདིར་སུ་དང་གང་གིས་ཀྱང་གཞོམ་གཞིག་མེད་པའི་ཆོས་ཉིད་བདེན་པ་དྲན་པས་དཔའ་བོའི་སྙིང་སྟོབས་མ་ཉམས་པའི་དོན་སྙིང་འདི་ཡིས་མི་དགའ་གང་གིས་དགའ།
2.རྟོགས་སད་ཅེས་པ་ནི་གསར་བརྗེ་འདིར་ཁྱིམ་སྲིད་ཀྱི་འདུ་ཤེས་གང་རུང་རྙེད་ཅིང་ཁྱིམ་སྲིད་ཀྱི་གོ་རྟོགས་གང་རུང་སད་པའི་དགེ་མཚན་དོན་སྙིང་ཡོད་པ་ལ་གོ་བ་སྟེ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། མངའ་དབང་གི་འདུ་ཤེས། ཆབ་སྲིད་ཀྱི་འདུ་ཤེས། ས་ཁོངས་ཀྱི་འདུ་ཤེས། མི་རིགས་ཀྱི་འདུ་ཤེས། མི་བུའི་འདུ་ཤེས་སོགས་རྙེད་པ་དང་། རང་དབང་གི་གོ་རྟོགས་དང་། འདྲ་མཉམ་གྱི་གོ་རྟོགས། ཐོབ་ཐང་གི་གོ་རྟོགས། བདག་ཉིད་ཀྱི་གོ་རྟོགས། དམངས་གཙོའི་གོ་རྟོགས་སོགས་སད་པའི་འགོ་བརྩམས་པ་ཡིན་ཞིང་། བོད་རྣམས་ལ་འདུ་ཤེས་དང་གོ་རྟོགས་དེ་དག་སད་པ་ནི་ཕྱི་ཕྱིར་རྗེས་ལ་འོངས་པ་ཞིག་སྟེ། ད་ལྟ་ལ་ཐུག་གི་བར་དུ་ཁོ་ཚོར་སངས་རྒྱས་བྱང་སེམས་དང་། སེམས་ཅན་ཐམས་ཅད། བསྐལ་པ་འཇིག་རྟེན། སྐྱབས་འགྲོ་ཕྱག་འཚལ། རྒྱལ་པོ་གོང་མ། ལྷ་ཆོས་འདྲེ་ཆོས་སོགས་ཀྱི་འདུ་ཤེས་དང་གོ་རྟོགས་ཡོད་པ་མ་གཏོགས། གོང་གསལ་ཁྱིམ་སྲིད་ཀྱི་འདུ་ཤེས་དང་གོ་རྟོགས་དེ་རིགས་ཡོད་པ་མ་རེད། བརྒྱ་ལ་ཡོད་པའི་དབང་དུ་བཏང་ནའང་རེ་འགའ་ཙམ་ལས་མེད། དལ་ཅིང་འགོར་བའི་ངང་ལ་ཕྱིན་པའི་འདུ་ཤེས་དང་གོ་རྟོགས་རྣམས་ད་ནི་ཚང་མ་དང་། ཧྲིལ་པོ་དང་། ཡོད་ཚད་དང་། ཡོངས་རྫོགས་དང་། ཀུན་ཁྱབ་ཀྱི་ཚུལ་གྱིས་བོད་དུ་རྙེད་དང་རྙེད་བཞིན་ལ། ག་ལེ་ག་ལེར་འབྱོར་བའི་འདུ་ཤེས་དང་གོ་རྟོགས་འདི་དག་ཧ་ལས་པ་སྟེ། འདི་ཡི་དབང་གིས་དུས་རྣམ་ཀུན་ཏུ་བྲན་གཡོག་ལྟར་དབང་སྒྱུར་འདོད་པའི་སྒེར་གཅོད་དབང་སྒྱུར་པ་ལ་ན་ཟུག་བཟོད་གླགས་མེད་པ་བྱིན་ཡོད་པ་དང་། འདི་ཡི་དབང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་འདུ་ཤེས་རྗེས་ལུས་ཡིན་པར་སྒྲོག་པའི་ཕྱི་གླིང་གི་མཁས་པ་དེ་ཚོར་བསམ་ཞིབ་ཡང་བསྐྱར་གཏོང་བའི་གསལ་བཏབ་ཡོད་པ་དང་། འདི་ཡི་དབང་གིས་ཁོ་ཚོ་རང་དབང་དང་དམངས་གཙོར་ཕྱིན་ཀྱང་གཞན་གྱི་བདེ་སྡུག་ལ་ཁ་ཡ་མི་བྱེད་པའི་ཕྱི་གླིང་གི“མིའི་རིགས་ཀྱི་ཕུ་ནུ”དེ་ཚོ་ཁ་སྐྱེངས་ངོ་སྐྱེངས་བཟོས་ཡོད་ལ། འདི་ཡི་དབང་གིས་སྒེར་གཅོད་དབང་སྒྱུར་འོག་སྟག་འཛུམ་དྲུག་ཉིལ་ལེར་འཆི་བ་ལས་ཝ་རྔ་མ་ཤལ་ལེར་གསོན་ན་དགའ་ཟེར་བའི་ཙི་ནའི་རིགས་རྣམས་ཧ་ལས་ཧང་སང་དུ་བཏང་བ་དང་། འདི་ཡི་དབང་གིས་འཁོར་པ་སྙིང་པོ་མེད་པར་སྒྲོག་པའི་རང་རེའི་སྤྲུལ་སྐུ་དང“རྒྱལ་ཁབ་ཀྱི་རིགས་གཞུང་ལས་གཞི”སྒྲིག་པར་བརྩོན་པའི་རང་རེའི་མཁས་པ་དེ་ཚོ་དགོས་མེད་དོན་མེད་དུ་བྱས་སོང་བ་དང་། འདི་ཡི་དབང་གིས་སྒེར་གཅོད་དབང་སྒྱུར་པའི་བྲན་གཡོག་རྒྱུག་ཅིང་ལྐོག་ཟ་རུལ་སུངས་ཀྱིས་མགུ་ཁ་མ་ཁེངས་པའི་རང་རེའི་དཔོན་པོ་དེ་ཚོ་ཅི་དཀའ་གང་དཀའ་རུ་བཏང་སོང་ལ། འདི་ཡི་དབང་གིས་ཁོ་བོ་ཐེ་བའི་ལར་ཞེན་གདུང་སེམས་བསམ་གཞིག་མེད་ཀྱང་ཡོད་མདོག་སྟོན་པའི་རང་རེའི་ཡི་གེ་རྩོམ་པ་པོ་རྣམས་སྨྲ་མེད་དགུན་གྱི་ཁུ་བྱུག་ལྟར་བཟོས་པ་ནི། ཡ་མཚར་རྟོགས་སད་གཅིག་གི་དོན་སྙིང་གིས་ཏེ། འདི་ཡིས་མི་དགའ་གང་གིས་དགའ།
3.གྱེན་ལོག་ཅེས་པ་ནི་གསར་བརྗེ་འདིར་དབང་སྡེམ་སྒེར་གཅོད་རིང་ལུགས་ཀྱི་དབང་སྒྱུར་ལ་འདོད་མོས་མེད་པ་དང་ཁས་ལེན་མེད་པའི་གྱེན་ལོག་གི་དགེ་མཚན་དོན་སྙིང་ཡོད་པ་ལ་གོ འདི་ལ་དེང་དུས་ཀྱི་ཡིག་ཆའི་སྐད་དུ་ན་ངོ་རྒོལ་ཞེས་འབྲི་བ་རྒྱུགས་ཆེ་ཡང་དོན་ལ་བསམ་ན་གནའ་སྐད་དུ་ཡོད་པ་དེ་སྤྱད་པས་འཚམ། དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་དབང་ཆ་དང་ཁེ་ཕན་བསམ་པ་མ་གཏོགས་མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་ལ་ཅི་མི་སྙམ་པ་ནི་དབང་སྡེམ་སྒེར་གཅོད་རིང་ལུགས་དང་དབང་མཐའ་སྒེར་གཅོད་རིང་ལུགས(极权专制主义)ཀྱི་ཁྱད་གཤིས་རེད། ཁོ་ཚོས་མི་རྣམས་རྟག་ཏུ་བསླུ་བྲིད་དང་། མགོ་སྐོར། རྨོངས་འཐོམས་ཀྱིས་འཚོ་བར་བྱེད་པ་དང་། སུ་དང་གང་ཞིག་ཁོ་ཚོའི་དབང་སྒྱུར་ལ་འདོད་མོས་མེད་པ་དང་ཁས་ལེན་མེད་པ་ཡིན་ན། གང་དེ་དྲག་གནོན་དང་བཙན་ཤུགས། འཇིགས་སྐུལ་གྱིས་ཚར་གཅོད་པ་རེད། ཁོ་བོས་བལྟས་ན། སྒེར་གཅོད་དེ་དག་གི་དབང་སྒྱུར་མཇུག་སྒྲིལ་བ་ལ་ཐབས་ལམ་རྣམ་པ་གཉིས་ཡོད་དེ། གཅིག་ནི་དབང་སྒྱུར་འཕྲུལ་འཁོར་ཁོ་ལས་ཆེ་བའི་སྟོབས་ཤུགས་ཅན་དང་ཕྲད་པས་དྲག་པོས་དྲག་པོ་འདུལ་བའི་ཚུལ་གྱིས་ཕམ་པར་གྱུར་པ་དཔེར་ན། ན་ཙི་དབང་མཐའ་སྒེར་གཅོད་རིང་ལུགས་དང་། ཧྥ་ཤི་སི་དབང་མཐའ་སྒེར་གཅོད་རིང་ལུགས་ལྟ་བུ་དང་། ཅིག་ཤོས་ནི་རང་དབང་དང་དམངས་གཙོའི་གོ་རྟོགས་སད་པའི་མང་ཚོགས་ཀྱི་སྟོབས་ཤུགས་ཆིག་སྒྲིལ་གྱིས་ཞི་བའི་ཐབས་ལམ་ལ་བརྟེན་ནས་སྒེར་གཅོད་དབང་སྒྱུར་མཇུག་སྒྲིལ་བར་བྱེད་པ་དཔེར་ན། གོང་དུ་སོང་བའི་ཁ་དོག་གསར་བརྗེའི་རྒྱལ་ཁ་ལྟ་བུ་རེད། དེ་དག་ལས་གཞན་པའི་ཐབས་ལམ་གསུམ་པ་ཞིག་མཐོང་དཀོན་ཏེ། རང་དབང་དང་དམངས་གཙོ་ལ་མོས་པའི་རྒྱ་ནག་གི་མཁས་པ་ལིའུ་ཞའོ་པོ་སོགས་ཀྱིས་ད་ལོར《08རྩ་འཛིན》ཞེས། རྒྱ་ནག་དེ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཅིག་ཆགས་རྒྱུའི་དམངས་གཙོའི་རྩ་འཛིན་དོན་ཚན་བཅུ་དགུ་ཅན་སྤེལ་པར་དྲ་ཐོག་མིང་རྟགས་འགོད་མཁན་མི་གྲངས་ཁྲི་ལ་ཉེ་བ་ཡོད་ནའང་། དབང་སྡེམ་སྒེར་གཅོད་པས་འབྲེལ་ཡོད་མི་སྣ་འཛིན་བཟུང་བཀག་ཉར་དང་འགུག་འབོད་འདྲི་གཅོད་བྱས་དང་བྱེད་བཞིན་པས་རེ་བ་འཆང་རྒྱུ་ཡོད་པ་མ་རེད། རྒྱ་ནག་འདི་ཞི་བའི་ལུགས་འགྱུར(和平转型)དང་དམངས་གཙོའི་ལུགས་འགྱུར(民主转型)གྱི་དུས་སྐབས་སུ་ཡོད་ཟེར། ཚུལ་དེ་དོན་ལ་གནས་པ་བདེན་དུ་ཆུགས་ཀྱང་། མང་ཚོགས་ཀྱི་ཆབ་སྲིད་འདུ་ཤེས་དང་ཐོབ་ཐང་གོ་རྟོགས་མ་སད་ཚེ། ཤེས་ཡོན་ཅན་ཉུང་ཤོས་ཀྱི་རེ་ཞུས་ཙམ་གྱིས་རྔོ་ཅི་ཡང་མི་ཐོགས་པ་བདེན་རྒྱབ་ར་འཕྲོད་ཡོད། སྒེར་གཅོད་དབང་སྒྱུར་པས་མི་བུ་མི་བུར་མི་བརྩི་ཞིང་ཚེ་སྲོག་ཚེ་སྲོག་ཏུ་མི་མཐོང་གཤིས། མི་བུའི་ཐོབ་ཐང་རྣམས་འདོད་མོས་བཞིན་རང་བསམ་གྱིས་སྤྲོད་མི་སྲིད་པས་ན། ཁོ་ཚོའི་དབང་སྒྱུར་མཇུག་སྒྲིལ་མིན་ནི་མང་ཚོགས་ཀྱི་གོ་རྟོགས་སད་མིན་ལ་རག་ལས་འདུག ས་བྱི་ཞི་བའི་གསར་བརྗེ་ནི་ཐབས་ལམ་སྔ་ཕྱི་གཉིས་ལས་ཕྱི་མར་གཏོགས་ཤིང་། མང་ཚོགས་ཀྱི་ཆབ་སྲིད་འདུ་ཤེས་དང་ཐོབ་ཐང་གོ་རྟོགས་སད་པའི་འབྲས་རྟགས་སུ་མཐོང་འོས་ལ། འབྲས་རྟགས་ཡོད་པ་དེ་བཞིན་གསར་བརྗེ་ལ་རྒྱལ་ཁའི་འབྲས་བུ་རེ་ཞིག་མ་ལོན་ནའང་དོན་སྙིང་ཤིན་ཏུ་ཆེ་བ་མིག་མཐོང་ལག་ཟིན་རེད། བོད་རྣམས་ཀྱིས་དུས་ཡུན་རིང་པོའི་ནང་ལ་གྱེན་ལོག་བྱས་མྱོང་མེད་པ་སྟེ། བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་ན་འབངས་གྱེན་ལོག་བྱུང་བའི་ལོ་རྒྱུས་ཤིག་འདུག་པ་མ་གཏོགས། ད་ལྟ་ལ་ཐུག་གི་བར་དུ་ཆབ་སྲིད་གྱེན་ལོག་བྱས་མེད་ཅིང་། ཁྱད་པར་དུ། རང་དབང་དང་འདྲ་མཉམ། ཐོབ་ཐང་དང་དམངས་གཙོ་ཞེས་པའི་དེང་རབས་རང་བཞིན་གྱི་གྱེན་ལོག་དེ་བས་ཀྱང་བྱས་ཡོད་པ་མ་རེད། 2008ལོར་སླེབས་དུས། སྒེར་གཅོད་དབང་སྒྱུར་ལ་འདོད་མོས་མེད་པའི་གྱེན་ལོག་བྱས་པར་མ་ཟད། རང་དབང་དང་དམངས་གཙོར་བགྲོད་པའི་གསར་བརྗེ་བྱས་སོང་བ་འདི་ཤིན་ཏུ་རབ་ཏུ་རྩ་ཆེ་བའི་དོན་སྙིང་སྟེ་འདི་ལས་དགའ་བ་གཞན་ཡོད་དམ།
4.ཟིན་ཐོ་ཞེས་པ་ནི་གསར་བརྗེ་འདི་རྒྱལ་སྤྱིའི་འགྲོ་བ་མིའི་རིགས་ཀྱི་རང་དབང་དང་དམངས་གཙོའི་ལོ་རྒྱུས་ཟིན་ཐོ་ལ་ཐེབས་པའི་དགེ་མཚན་དོན་སྙིང་ཡོད་པ་ལ་ཟེར། བོད་རྣམས་ཀྱིས་འཛམ་གླིང་ལོ་རྒྱུས་འཕེལ་རྒྱས་དང་། ཆབ་སྲིད། དཔལ་འབྱོར། རིག་གནས་སོགས་མདོར་ན་མིའི་རིགས་ཀྱི་དཔལ་ཡོན་ཡར་རྒྱས་ལ་ཕན་པའི་དགེ་མཚན་དོན་སྙིང་ཅན་གྱི་ལས་ཤིག་ད་ལྟའི་བར་དུ་བྱས་ཡོད་པ་མ་རེད་ལ། གཞན་གྱི་གྲུབ་འབྲས་ལ་སྤྱོད་རྐྱང་གིས་ཚེ་རབས་ནས་མི་རབས་རྫོགས་པ་ནི་གནས་ཚུལ་ངོ་མ་རེད། བརྒྱ་ལ་དགེ་མཚན་དོན་སྙིང་ཅན་གཅིག་རྩི་བའི་དབང་དུ་བཏང་ནའང་། རང་ཉིད་ཀྱི་བཙན་པོའི་རྒྱལ་རབས་རྩ་བ་ནས་འཇིག་པར་བྱས་ཤིང་སོག་པོའི་བཙན་རྒྱལ་སྐེད་པ་ནས་ཆད་པར་བྱས་པའི་སངས་རྒྱས་ཆོས་ལུགས་སམ་ནང་ཆོས་མ་གཏོགས་ཡོད་པ་མ་རེད། ད་ལྟའི་དུས་སུ། བོད་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཤེས་པ་རྒྱུ་མཚན་དུ་བྱས་ནས། བོད་ལ“འོད་སྟོང་ལྡན་པའི་རིག་གནས་ཡོད” “རིན་ཐང་བྲལ་བའི་ཆོས་ལུགས་ཡོད” “འཛམ་གླིང་ཞི་བདེར་ཕན་པ་ཡོད”སོགས་ཟེར་ནས་རང་སེམས་གསོ་བྱེད་ཀྱི་ཚིག་ཁ་ལ་མ་ཎི་བཞིན་ཟློ་ཞིང་ཤོག་བུར་རི་མོ་བཞིན་འབྲི་ནའང་། ཁོ་བོས་བལྟས་ན་ད་དུང་བསྡོམས་ཚིག་ཁ་ཚོན་གཅོད་སྔ་བར་ཡོད། དེ་ལ་ལྟོས་པས་ད་ལོའི་ཞི་བའི་གསར་བརྗེ་འདིས་འཛམ་གླིང་གི་མིའི་རིགས་ཀྱི་རང་དབང་དང་དམངས་གཙོའི་ལོ་རྒྱུས་སུ་འོད་སྟོང་ལྡན་ལ་རིན་ཐང་བྲལ་བའི་ཤོག་ལྷེ་གསར་པ་ཞིག་སྣོན་པ་བརྒྱབ་ཡོད་སྙམ། བོད་རྣམས་མི་ལོ་ལྔ་བཅུའི་ཡུན་ལ་རང་དབང་དང་འདྲ་མཉམ་དང་དམངས་གཙོ་དང་ཐོབ་ཐང་སོགས་ཡོངས་ཁྱབ་རིན་ཐང(普世价值)མི་འདོད་པ་དང་མི་མཁོ་བ་དང་མི་དགོས་པ་ལྟར་བསྡད་པ་ནི། དོན་གྱིས་ཁོ་ཚོས་དེ་དག་གི་རིན་ཐང་མ་རྟོགས་པ་དང་དེ་དག་གི་རྟོགས་པ་མ་སད་པ་ཙམ་མ་གཏོགས། “གལ་ཏེ་མི་རིགས་ཤིག་གཞན་གྱིས་དབང་དུ་བསྡུས་ཀྱང་། གང་ལ་ངན་ལྟུང་བྱུང་མེད་པ་ཡིན་ན། དེའི་གནས་སྟངས་ལེགས་བཅོས་འབྱུང་བའི་སྲིད་པ་ཡོད་ཅིང་། ལམ་འགྲོ་རྒྱུག་པའི་གོ་སྐབས་ཤར་ཙམ་གྱིས་གང་དེས་གོ་སྐབས་དེ་རིགས་ཆུད་ཟོས་སུ་གཏོང་མི་སྲིད།……”(《古代人的自由与现代人的自由》[法]贡斯当贡斯当著商雾印书馆出版 1999年12月第1版 P294 )ཅེས་པ་ལྟར་རྒྱུ་རྐྱེན་དང་དུས་སྨིན་ཚེ་འདོད་པ་གང་གི་ཕྱིར་དུ་གཅེས་པའི་སྲོག་ཀྱང་ཕངས་མེད་དུ་སྦྱིན་པའི་སྤོབས་གདེང་ཡོད་པ་འདི་བཞིན། སྔོན་ཆད་ཆོས་ལུགས་ལ་གཞོལ་ཆེ་བས་རྒྱལ་ཁབ་ཀྱི་མངའ་དབང་ཡང་སྟོངས་པར་བྱས་སོང་བ་ལྟ་བུ་རེད། རང་དབང་དང་འདྲ་མཉམ་འཐོབ་རེ་བྱེད་པ་དང་། ཐོབ་ཐང་དང་དམངས་གཙོ་དོན་གཉེར་བྱེད་པའི་མི་དམངས་དང་མི་རིགས་དང་མི་བུ་གང་ཡང་རླབས་ཆེན་གྱི་མི་དམངས་དང་མི་རིགས་དང་མི་བུར་བགྲང་འོས་ཞེས་བཤད་ཕོད་ནའང་། དེ་སྐད་དུ་ཞིབ་འཇུག་ཆེད་མཁས་པ་དག་གིས་གསུངས་ན་བློ་འགུག་གོ་སྐོན་འབྱུང་བ་མ་གཏོགས། ཁོ་བོའི་ངག་ལ་ཡིད་ཆེས་མཁན་དུ་ཡོད། ངས་ཤེས་པ་ནི། བོད་འདིས་བསམ་དོན་མ་གྲུབ་པར་ནམ་ཞིག་འཇིག་པར་གྱུར་པའི་དབང་དུ་བཏང་ནའང་། མིའི་རིགས་ཀྱི་རང་དབང་དང་དམངས་གཙོའི་ལོ་རྒྱུས་སུ། དེ་དུས་བོད་ཅེས་པའི་རི་སུལ་གྱི་མི་རིགས་ཤིག་གིས་ཀྱང་རང་དབང་དང་དམངས་གཙོ་སོགས་འགྲོ་བ་མིའི་རིགས་ཀྱི་གལ་འགངས་ཆེ་བའི་ཡོངས་ཁྱབ་རིན་ཐང་གི་ཕྱིར་དུ་དཀའ་ལས་བརྒྱབ། བརྩོན་པ་བསྐྱེད། སྲོག་ལ་བསྡོས་མྱོང་ཕྱིར། མིའི་རིགས་ཀྱི་དཔལ་ཡོན་ཡར་སྐྱེད་ཀྱི་རྒྱུ་རུ་གྱུར་ཡོད་ཅེས་པ་ལྟ་བུའི་ཚིག་འབྱུང་སྲིད་པས་དགེ་མཚན་དང་དོན་སྙིང་ཆེ་བར་སྙམ་སྟེ་དགའ་འོས་པ་དང་། ཡང་གཅིག་བཤད་ན། དེང་དུས་རང་དབང་དང་དམངས་གཙོར་བགྲོད་པའི་ལམ་ཇེ་ཆེ་དང་། ཁོད་ཇེ་ཡངས། ཐབས་ཇེ་མང་། ཡུན་ཇེ་རིང་ཡིན་ལ། རང་དབང་དང་དམངས་གཙོ་དེ་རྒྱུགས་ཆེ་བའི་ཆབ་སྲིད་ལམ་ལུགས་སུ་ཆགས་འདུག་ཕྱིར། ཕྱིར་མི་ལྡོག་པའི་ལམ་དུ་ཞུགས་པའི་བོད་མི་རེ་རེས་ཁ་ཏོན་མ་ཎིའི་ཞར་ལ་རང་དབང་དང་དམངས་གཙོ་བཟླ་བ་ཡིན་ན། ཁ་ཏོན་མ་ཎིའི་ཕན་ཡོན་མི་ཤེས་པ་དེ་བཞིན་རང་དབང་དང་དམངས་གཙོའི་ཕན་ཡོན་མི་ཤེས་ཀྱང་ནམ་ཞིག་བདེན་དོན་མཐའ་གསལ་འོང་བར་ཁོ་བོར་ཡིད་ཆེས་བརྟན་པོ་ཡོད་པ་ཡིན། རྒྱུ་མཚན་ནི། ཡ་ཧུ་དཱ་པ་རྣམས་ཀྱིས་མི་ལོ་ཉིས་སྟོང་གི་རིང་ལ་གསོད་གཏུབ་དང་། མནར་གཅོད། སྤྲང་འཁྱམས། ཁ་ཐོར། ཆག་འཇིག་མྱངས་མཐར། 1948ལོ་ལ་སླེབས་དུས། ཤར་དབུས་སུ་རྐང་ཚུགས་ཤིང་རང་དབང་དང་དམངས་གཙོའི་རྒྱལ་ས་ཟིན་ཏེ་འདུག་པས་སོ།།
5.ས་བྱི་ཞི་བའི་གསར་བརྗེ་ནི་དྲིལ་བསྒྲགས་ཀྱི་འབྲས་བུ་ཆེན་པོ་ལོན་པའི་དགེ་མཚན་དོན་སྙིང་ཅན་གྱི་གསར་བརྗེ་ཞིག་རེད། ཐོག་མ་གསུམ་བཅུའི་དུས་དྲན་ནས་བཟུང་དུས་ཡུན་རིང་པོའི་ནང་ལ། འཛམ་གླིང་གསར་འགྱུར་བརྒྱུད་ལམ་ཆེ་མ་ཆུང་གསུམ་ཀུན་ཏུ“བོད”དང་། “བོད་ཀྱི་གནས་བབ” “3•14དོན་རྐྱེན” “ཏཱ་ལའི་བླ་མ”སོགས་ཞི་བའི་གསར་བརྗེའི་གནས་ཚུལ་བརྗོད་པའི་གསར་འགྱུར་གྱིས་ཁེངས་ཤིང་། གསར་ལམ་ཁ་ཤས་སུ་གསར་བརྗེའི་འབྱུང་རྐྱེན་དང་། ཁྱབ་རྒྱ། དུས་རིམ། རྣམ་པ་སོགས་བརྗོད་པའི་གསར་འགྱུར་གྱིས་བརྒྱ་ཆའི་ལྔ་བཅུ་ཡན་ཟིན་སོང་བ་དང་། དུས་མཚུངས་སུ། བོད་དང་བོད་ཀྱི་ས་བྱི་གསར་བརྗེར་འབྲེལ་ཡོད་ཀྱི་གཏམ་བརྗོད་དང་། སྙན་ཞུ། དཔྱད་བརྗོད། ངོ་སྤྲོད་ཀྱི་རྩོམ་ཡིག་དང་པར་རིས་ལྟ་བས་གྲངས་མི་ཟིན་པ་བཀོད་པ་མཐོང་། དེ་ལ་བདེན་རྫུན་གཉིས་དང་། དྲང་ལྡོག་གཉིས། དངོས་མིན་གཉིས་ཅི་རིགས་སྣང་ནའང་། སྤྱི་ལྡོག་ནས་བལྟས་ན་བོད་དྲིལ་བསྒྲགས་ཤུགས་ཆེན་བྱས་སོང་བ་དང་། བོད་ཅེས་པ་མ་མཐོང་བ་དང་། མ་ཐོས་པ་དང་། མ་ཤེས་པ་དང་། དོ་སྣང་མ་བྱས་པ་རྣམས་ལ་དོ་སྣང་དང་མཐོང་ཐོས་ཤེས་རྒྱ་བསྐྱེད་སོང་བའི་དགེ་མཚན་དོན་སྙིང་འདུག ཁྱད་པར་དུ། སྒེར་གཅོད་སྲིད་གཞུང་གིས་རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར། དུས་དེབ་སོགས“ཚོགས་པའི་མགྲིན་ངག”ཟེར་བའི་གསར་ལམ་བརྒྱུད་དེ། དང་པོ་བོད་ཀྱི་དམྱལ་བ་མུན་ནག་གི་བྲན་གཡོག་སྤྱི་ཚོགས་ཟེར་བ་ནས་དེང་དུས་བོད་ཀྱི་འོད་ཟེར་སྟོང་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཟེར་བའི་བར་དང་། ཏཱ་ལའི་བླ་མའི་ནག་ཉེས་སྤྱོད་པ་ཟེར་བ་ནས་རྒྱལ་སྤྱིའི་རྒྱ་རྒོལ་སྟོབས་ཤུགས་ཟེར་བའི་བར་དང་། བཙན་བྱོལ་སྲིད་གཞུང་གི་སྲིད་འཛིན་སྒྲིག་གཞིའི་གནས་སྟངས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གནས་ཚུལ་བར་ལ་གསར་འགྱུར་གྱི་ཚུལ་དང་། དངོས་བཤུས་ཀྱི་ཚུལ་དང་། སྙན་ཞུའི་ཚུལ་དུ་བསྟན་སོང་བར་མ་ཟད། རྒྱ་བོད་སོག་གསུམ་གྱི་མཁས་པ་དང་། ཆེད་མཁས། ཞིབ་འཇུག་པ། དཔོན་པོ། བླ་སྤྲུལ། མི་སེར་སོགས་ཆེད་དམིགས་ཚགས་བཙུགས་ཀྱིས་བོས་ཏེ། བོད་ཀྱི་སྔར་སོང“བྲན་གཡོག་སྤྱི་ཚོགས”ལ་དགག་རྒྱག་དང་། མཚང་འབྲུ། སུན་འབྱིན། ཐེར་འདོན། དམའ་འབེབས། སྐྱོན་རྗོད་བྱེད་ཐུབ་ཚོད་ཅིག་བྱས་ཤིང་། བོད་ཀྱི་ད་ལྟའི“སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས”ལ་གཟེངས་བསྟོད་དང་། བསྔགས་བརྗོད། ཡིན་འཇོག་བྱེད་ཐུབ་ཚོད་ཅིག་བྱས་ཏེ་བོད་རྣམས་ལེགས་པ་ཆེན་པོའི་དུས་རབས་སུ་གནས་ཡོད་པར་སྒྲོག་པ་དང་། ལྷག་དོན་ཏཱ་ལའི་བླ་མ་ཟེར་བ་ནི“མི་གདོང་གཅན་གཟན་གྱི་སེམས་ཅན་ཡིན་པ”དང་། “ཆོས་གོས་གྱོན་པའི་སྤྱང་ཀི་ཡིན་པ”སོགས་སྔ་ན་མེད་པའི་སྒྲོ་སྐུར་དང་མཚན་སྨོད་བྱས་པ་ན། དྲ་འབུ་མགོ་སྟོང་ཀླད་མེད་དག་གིས་ཏཱ་ལའི་བླ་མ་ཟེར་བ་དེར་བཤད་རྒྱུའི་ཡིག་འབྲུ་གསུམ(རྒྱ་ཡིག)ཡོད། དེ་ནི“ཁོ་བསད་ཞོག”ཅེས་པ་དེ་ཡིན་ཟེར་བ་དྲ་བར་བཀོད་པ་མཐོང་བ་དང་། དཔོན་ཕྱོགས་ཀྱིས་ད་དུང་འཐབ་རྩོད་འདི་ནི“རྒྱལ་ཁབ་གཅིག་གྱུར་དང་རྒྱལ་ཁབ་ཁ་ཕྲལ་བར་གྱི་འཐབ་རྩོད་ཡིན་པ”དང་། “དགྲ་དང་རང་ཕྱོགས་བར་གྱི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡིན་པ” “རྒྱ་བོད་གཉིས་ལག་ཐུག་མ་མྱོང་བ་མིན། ལག་ཐུག་པའི་འབྲས་བུ་ག་འདྲ་ཡིན་པ་སུ་ལའང་གསལ”སོགས་དགྲ་བོ་ཤ་སྟག་ཏུ་བལྟས་ནས་འཇིགས་སྐུལ་དང་བཅས་ལངས་ཕྱོགས་སྟོན་པ་བཅས། དཔྱོད་ཤེས་དང་ཚོར་ཤེས་གང་དུ་གྱུར་ཀྱང་གཞུང་སྒེར་ཀུན་གྱིས་རྣམ་འགྱུར་སྟོན་པ་གང་ཡང་བོད་ཀྱི་གནས་སྟངས་དྲིལ་བསྒྲགས་སུ་མ་སོང་བ་མེད་པའི་བོད་ནང་གི་གནས་ཚུལ་དང་། དེ་ག་ནང་བཞིན་ཕྱི་གླིང་གི་ཡུལ་གྲུ་སོ་སོར་བོད་མི་རྣམས་ཀྱིས་ཞི་བའི་གོམ་བགྲོད་སོང་བ་ནས་རྔམ་སྟོན་ཁྲོམ་སྐོར་བྱས་པའི་བར་དང་། ཁ་གཡང་སྐད་འབོད་བརྒྱབ་པ་ནས་སྙན་ཞུ་རེ་ཞུ་ཕུལ་བའི་བར། དེ་བས་ཀྱང་། ཨོ་ལིམ་པིག་གི་དཔལ་འབར་ལག་བརྒྱུད་སྐབས་སུ། རང་དབང་ལུང་པར་སྡོད་པའི་བོད་མི་མང་པོས་བོད་ཀྱི་གནས་བབ་དང་འདོད་མོས་གང་ཡིན་དཔལ་འབར་དེ་དང་འགྲོགས་ཏེ་འཛམ་གླིང་སྒང་ལ་ཚ་ཚ་འུར་འུར་གྱིས་བརྒྱུད་སྒྲོག་བྱས་པ་ཧ་ལས་པའི་ཚད་དུ་སླེབས་པ་བཅས། མདོར་ན། ཞི་བའི་གསར་བརྗེ་ཡིས་བོད་འདི་རང་དབང་དང་དམངས་གཙོར་མོས་པ་འཛམ་གླིང་ཡོངས་ལ་ངོ་ཤེས་སུ་བཅུག་པ་དང་། ཕྱི་ནང་ཀུན་གྱི་དྲང་ལྡོག་གཉིས་དང་། བདེན་རྫུན་གཉིས། དངོས་དང་དངོས་མིན་གཉིས་ཀྱི་ཡིག་རིས་དང་པར་རིས་དང་བརྙན་རིས་དང་བརྡ་འཕྲིན་གང་ཡང་བོད་ཀྱི་གནས་བབ་དྲིལ་བསྒྲགས་ཀྱི་རྒྱུ་རུ་མ་སོང་བ་མེད་གཤིས། ད་ལོའི་ཞི་བའི་གསར་བརྗེ་འདིར་དྲིལ་བསྒྲགས་ཀྱི་རྒྱལ་ཁ་ཆེན་པོ་ལོན་པའི་དགེ་མཚན་དོན་སྙིང་འདུག་པ་བསྙོན་དུ་མེད་པས། འདི་ཡིས་མི་དགའ་གང་གིས་དགའ། 
 
གཉིས།  གསར་བརྗེའི་ཤུགས་རྐྱེན་ལ་བཞི་ཡོད་དེ། དཔེ་བརྗོད་དང་། ཐ་ཚིག
གསལ་འདེབས། སྐུལ་མ་བཅས་སོ།། 
1.དཔེ་བརྗོད་ཅེས་པ་ནི་ཞི་བའི་གསར་བརྗེ་འདིས“སྒྲོམ་གཞི་གཅིག”གམ“ཁྱིམ་ཚང་གཅིག”ཏུ་ཆབ་སྲིད་འཚོ་བ་རོལ་བའི་མི་རྣམས་ལ་དེང་རབས་ཀྱི་གསར་བརྗེ་ཞེས་པའི་དཔེ་བརྗོད་གསོན་པོ་ཞིག་བསྟན་ཏེ་གསར་བརྗེ་བྱེད་པའི་ཤུགས་རྐྱེན་བག་ཆགས་བཞག་པ་ལ་ཟེར། འདི་ལྟ་སྟེ། ཝ་རྔ་མ་ཤལ་ལེར་གསོན་པ་ལས།། སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ།། ཞེས་པ་ནི་བོད་ཀྱི་བཤད་སྟངས་ཤིག་རེད། རྒྱ་ལའང་དེ་མཚུངས་ཀྱི་བཤད་སྟངས་ཤིག་ཡོད་པ་བོད་སྐད་དུ་དོན་བསྒྱུར་བྱས་ན། སྟག་འཛུམ་དྲུག་ཉིལ་ལེར་ཤི་བ་ལས།། ཝ་རྔ་མ་ཤལ་ལེར་གསོན་ན་དགའ།། ཞེས་པའོ།། བཤད་ཚུལ་འདི་ལས་བོད་རྒྱ་གཉིས་ཀྱི་རིན་ཐང་ལྟ་ཚུལ་དང་ཤི་གསོན་ལྟ་ཚུལ་མཐོང་ཐུབ་ལ་དེ་དག་ལྡོག་ཟླ་རྐྱང་རྐྱང་ཡིན་ཚུལ་ཀྱང་རྟོགས་ནུས། ད་ལོའི་ཞི་བའི་གསར་བརྗེ་ཡིས་བོད་མི་རྣམས་ཀྱི་བཤད་ཚུལ་དེ་དཔང་རྟགས་ཁུངས་འཕེར་ཡོད་པ་བསྟན་ཅིང་ཁ་མིན་དོན་ལ་གནས་པ་ར་འཕྲོད་པར་བྱས། སྒྲོམ་གཞི་གཅིག་ཏུ་ཡོད་པའི་མི་རྣམས་སྒེར་གཅོད་དབང་སྒྱུར་གྱི་འོག་ཏུ་སྡོད་པ་གཅིག་མཚུངས་ཡིན་ནའང་། ཝ་རྔ་མ་ཤལ་ལེར་གསོན་འདོད་ཀྱི་མི་རྣམས་ནི་བཙན་དྲག་གཏུམ་སྤྱོད་ཀྱི་འགབ་ཏུ་སྲོག་མགོ་གང་ཐོན་གྱིས་འཚོ། དཔོན་ཕྱོགས་ཀྱི་ནང་ཁུལ་རྒྱུ་ཆ་ལྟར་ན། ཙོག་འདུག་རེ་ཞུ་དང་། མཇལ་གཏུག ཐ་ན་དྲག་རྩུབ་རྩོད་པའང་འདུས་པའི་ཐོབ་ཐང་རྩོད་ལེན་གྱི་དོན་རྐྱེན་གྲངས་ཀ་ལོ་རེ་བཞིན་བརྒྱད་ཁྲི་ནས་བཅུ་ཁྲིའི་བར་འབྱུང་གི་འདུག་རབས་བཀོད་པ་གཞན་རྩོམ་དུ་མཐོང་མོད། ད་ལོའི་བོད་ནང་བཞིན་རང་དབང་དང་དམངས་གཙོའི་ཕྱིར་དུ་གཞི་ཁྱོན་ཆེན་པོའི་སྐད་འབོད་དང་། ཁྲོམ་སྐོར། གྱེན་ལོག་སོགས་གསར་བརྗེ་བྱེད་པའི་སྙིང་སྟོབས་ཡོད་མི་འདུག ཁོ་ཚོས་མི་ལོ89སྔོན་གྱི“ལྔ་བཞི་ལས་འགུལ”ཡས་མས་སུ་དམངས་གཙོའི་ཁ་གཡང་ཙམ་བསྒྲགས་མྱོང་ཡོད་ནའང་། དེའི་རྗེས་ཀྱི་མི་ལོ་མང་པོའི་ནང་ལ་སྒེར་གཅོད་དང་སྒེར་གཅོད་པའི་བར་ལ་སྡིག་པ་མིག་བཙུམ་གྱི་འཐབ་རྩོད་ནང་འདུམས་མ་བྱུང་བར་ལུས་ཤིང་། མཇུག་མཐར་དམར་པོ་ཁྲག་གི་འཁོར་ལོ་བསྐོར་པའི་དྲག་པོའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པ་ན། སྔར་ལས་ཀྱང་འཇིགས་སུ་རུང་བའི་དབང་མཐའ་སྒེར་གཅོད་ཀྱི་ལམ་དུ་ཞུགས་ཏེ། འཐབ་རྩོད་ཀྱི་རྗེས་ལ་འཐབ་རྩོད་མཐུད་ཅིང་དྲག་སྤྱོད་ཀྱི་ཁ་ལ་དྲག་སྤྱོད་བསྣན་པའི་འཆར་གཞི་དང་རྩ་འཛུགས། དམིགས་ཡུལ་ཡོད་པའི་ལས་འགུལ་བསྟུད་མར་སྤེལ་ནས་མི་རྣམས་འཕྲུལ་ཆས་བཞིན་བཟོས་ཏེ། ཉེས་ཉེས་མེད་ཀྱི་མི་བུ་བྱེ་བ་མང་པོ་ལྔ་ལམ་དུ་བརྫངས་དུས། རང་དབང་དང་དམངས་གཙོའི་ལྟ་བ་ཡོད་མཁན་ལྟ་ཞོག་ཁ་ལ་འཁྱེར་མཁན་ཡང་ཡོད་མ་མྱོང་ལ། ལྡོག་སྟེ་ཁ་ཞེ་གཉིས་མེད་དུ་བསམ་ཞིང་སྒྲོག་པ་ནི་སྒེར་གཅོད་པ་ཁྲི་ལོར་ཤོག་དང་སྒེར་གཅོད་སྲིད་གཞུང་ཁྲི་ལོར་ཤོག་ཅེས་པ་དེ་རེད། དེ་ལྟར་དུས་ཡུན་རིང་པོ་འདས་ཤིང“བཅོས་སྒྱུར་སྒོ་འབྱེད”རྗེས་ཀྱི་ལོ11པ་སྟེ། 1989ལོའི“དྲུག་བཞི་དོན་རྐྱེན”དུས་སུ་ཞར་དང་ཞོར་ལ་རང་དབང་དང་དམངས་གཙོའི་ཁ་གཡང་བསྒྲགས་པ་ཡོད་ཀྱང་། སྒེར་གཅོད་སྲིད་གཞུང་གི་འཛེམ་བག་བྲལ་བའི་དྲག་གནོན་ལས་ད་ལོའི་བོད་ཀྱི་ཞི་བའི་གསར་བརྗེ་ནང་བཞིན་སྦྲུམ་མ་མངལ་ཤོར་ལྟར་སོང་ཞིང་། ད་ལྟའི་བར་དུ་རྒྱ་ནག་རང་དབང་རིང་ལུགས་ཀྱི་མཁས་པ་རྣམས་མ་གཏོགས་སྐད་རྒྱག་མཁན་ཙམ་ཡང་བྱུང་མྱོང་ཡོད་པ་མ་རེད། དེ་དང་བསྡུར་བས་བོད་ཀྱི་ས་བྱི་ཞི་བའི་གསར་བརྗེ་ནི་གཞི་ཁྱོན་ཆེན་པོ་དང་། སྙིང་སྟོབས་རྟོགས་སད། བློ་ཐག་རྦད་ཆོད། ཁ་ཞེ་གཉིས་མེད་ཡིན་ཕྱིར། ཝ་རྔ་མ་ཤལ་ལེར་གསོན་ན་དགའ་བའི“ཕ་མ་གཅིག་གི་བུ་སྤུན”རྣམས་ལ་དཔེ་བསྟན་པ་འདི་ལྟ་སྟེ། སྒེར་གཅོད་པས་དུས་དང་རྣམ་པ་ཀུན་ཏུ་རང་དབང་དང་དམངས་གཙོ། ཐོབ་ཐང་སོགས་ཡོངས་ཁྱབ་རིན་ཐང་རྣམས་མི་བུ་སོ་སོར་གང་དགར་སྤྲོད་པ་དཔེ་མི་སྲིད་པས། དེ་དག་རྩོད་ཅིང་བརྩོན་པ་ལ་ཞི་བའི་གསར་བརྗེའི་ཐབས་ལམ་ལས་གཞན་མེད་པ་དང་། དེང་རབས་ཀྱི་ཞི་བའི་གསར་བརྗེ་ཇི་ལྟར་བྱ་ཚུལ་གསལ་བོར་བསྟན་པར་མ་ཟད། ཡོངས་ཁྱབ་རིན་ཐང་ནི་རྩོད་འོས་པ་ཞིག་དང་། རྩོད་དགོས་པ་ཞིག རྩོད་རུང་བ་ཞིག་ཡིན་པའི་དེང་རབས་ཀྱི་ཞི་བའི་གསར་བརྗེའི་དཔེ་གསོན་པོ་ཞིག་བསྟན་སོང་། དུས་མཚུངས་སུ། བོད་རྣམས་ནི་སྒེར་གཅོད་དབང་སྒྱུར་པའི་གླེང་ཕྱོགས་ཀྱིས་བག་ཆགས་བཞག་པ་ལྟར་ཀླ་ཀློ་དང་། རྨོངས་རྟུལ། དམུ་རྒོད། ཅི་དང་གང་ཡང་མི་ཤེས་པའི་གླེན་བླུན་དེ་འདྲ་མ་ཡིན་པར། རང་དབང་དང་དམངས་གཙོ། ཐོབ་ཐང་གི་གོ་རྟོགས་སད་ཅིང་། སྒེར་གཅོད་དབང་སྒྱུར་འོག་གཡུང་མོ་ལུག་བཞིན་དང་ཤི་མ་གསོན་དུ་སྡོད་མི་འདོད་པའི་རིགས་ཤིག་ཡིན་པ་ཁོ་ཚོར་ངེས་ཤེས་འདྲོང་བའི་ཤུགས་རྐྱེན་བག་ཆགས་ཀྱང་བཞག་སོང་བ་སྟེ། འདི་ཡང་ཁོ་བོ་དགའ་བའི་རྒྱུ་རྐྱེན་གཅིག་ཡིན།
2.ཐ་ཚིག་ཅེས་པ་ནི་སྒེར་གཅོད་དབང་སྒྱུར་པའི་དབང་སྒྱུར་ནག་ཉེས་དང་དབང་སྒྱུར་སྲིད་ཇུས་ལ་ཐ་ཚིག་ཅིག་བསྒྲགས་ཏེ། ལྟ་སྤྱོད་ཡོད་ཚད་ལ་འགྱུར་བ་གཏོང་དགོས་པའི་ཤུགས་རྐྱེན་བག་ཆགས་བཞག་སོང་བ་དེ་རེད། བོད་རྣམས་ལ་དུས་ཡུན་རིང་པོའི་བར་དུ་མངའ་དབང་གི་འདུ་ཤེས་དང་རང་དབང་གི་གོ་རྟོགས་སོགས་འཁྲུངས་མ་མྱོང་བའི་རྐྱེན་ལས་སྒེར་གཅོད་པའི་དབང་འོག་ཏུ་ཚུད་པ་ནས་བཟུང་། 1959ལོའི་འོས་ལངས་དང་། 1989ལོའི་ལྷ་སའི་ཟིང་ཆ་ཟེར་བ་མ་གཏོགས་གཞི་ཁྱོན་ཆེན་པོས་ངོ་རྒོལ་དང་གྱེན་ལོག་བྱས་པ་མེད་ཅིང་གསར་བརྗེ་དེ་བས་ཀྱང་བྱས་མྱོང་ཡོད་པ་མ་རེད། ལྡོག་སྟེ་བྲན་གཡོག་ཡར་ལངས་ཀྱི་སྤྲོ་དགས་བཏང་བའི་གླུ་གཞས་ལ་གསན་བཞིན་སྣང་བ་སྐྱིད་པ་གཅིག་གཉིས་གསུམ་བཞི་ལ་བཅིབས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར“བྱ་འཕུར་བ་ལྟར་རྒྱུག”པ་ཟེར་མོད། ཡིན་ནའང་། སྙིང་སྟོབས་དང་རྟོགས་སད་ལས་བྱུང་བའི2008ལོའི་ཞི་བའི་གསར་བརྗེ་འདིས། སྒེར་གཅོད་པའི་དབང་སྒྱུར་ནག་ཉེས་དང་དབང་སྒྱུར་སྲིད་ཇུས་ལ་ཐ་ཚིག་ནན་མོ་ཞིག་བསྒྲགས་སོང་བ་མངོན་སུམ་རེད།
སྒེར་གཅོད་པས་བོད་མི་རྣམས་ནི་ཁ་ལ་ཐལ་བ་བཏབ་ཀྱང་ཕུ་འདེབས་མི་ཤེས་པ་དང་། རུམ་ལ་མེ་མུར་བླུགས་ཀྱང་ཚ་ཟེར་མི་ཤེས་པ། རྒྱབ་ལ་སྒ་ཆས་བསྟད་ཀྱང་འདྲོགས་ལངས་མི་ཤེས་པའི་ཁ་ལོ་རྟ་ལ་སྒྱུར་བ་དང་། སྣ་ལོ་གཡག་ལ་འདུལ་བ་ལྟ་བུའི་ཟོག་ནང་བཞིན་ཅི་འདོད་གང་འདོད་དུ་དབང་སྒྱུར་རུང་བའི་སེམས་ཅན་རིགས་ཤིག་ཏུ་མཐོང་བ་ཡིན་གྱི་མ་རེད་མོད། བོད་རྣམས་ས་ཁོངས་དང་མི་རིགས་ཀྱི་འདུ་ཤེས་ཆུང་བ་རྒྱུ་མཚན་དུ་བྱས་པ་ཡིན་གྱི་རེད་དེ། ཞིང་ལྗོངས་ལྔ་རུ་བགོས་ཏེ་ཁ་ཕྲལ་དབང་སྒྱུར་བྱས་འདུག་པ་དང་། ཡང་བོད་རྣམས་མི་ཆོས་དང་མི་ཚུལ་རིག་གནས་ལ་མི་དད་པ་རྒྱུ་མཚན་དུ་བྱས་པ་ཡིན་གྱི་རེད་དེ། སློབ་གྲྭ་ཐམས་ཅད་དགོན་པ་ལྟར་འགྱུར་བ་དང་དགོན་པ་ཐམས་ཅད་སྤྲུལ་སྐུས་ཁེངས་པའི་མཐུན་རྐྱེན་སྦྱར་འདུག་པ་དང་། ཡང་བོད་རྣམས་སྐད་བརྡ་དང་ཡིག་རིགས་ལ་མི་མོས་པ་རྒྱུ་མཚན་དུ་བྱས་པ་ཡིན་གྱི་རེད་དེ། རང་གི་སྐད་དང་ཡི་གེ་གཏིང་བརྗེད་དུ་འགྲོ་བའི་སློབ་གསོའི་མ་ལག་བཙུགས་འདུག་པ་དང་། ཡང་བོད་རྣམས་སྟོང་ཉིད་བདག་མེད་སྨྲ་བ་དང་མགྲོན་བསུ་འགྲུལ་བར་དགའ་བ་རྒྱུ་མཚན་དུ་བྱས་པ་ཡིན་གྱི་རེད་དེ། མི་འབོར་ཕོན་ཆེ་སྐོང་བསགས་ཀྱིས་བོད་ཡུལ“གསར་སྤེལ”ཕྱིར་དུ་གནས་སྤོ་བྱེད་པའི་འཆར་གཞི་བཟོས་འདུག་པ་དང་། ཡང་བོད་རྣམས་ཐོབ་དང་གོ་ས་མི་འདོད་པ་རྒྱུ་མཚན་དུ་བྱས་པ་ཡིན་གྱི་རེད་དེ། རང་སྐྱོང་ཟེར་ཡང་མཐོ་དཔོན་དབང་ཡོད་ཀྱི་ཁྲི་སྟེགས་ཅི་རིགས་བོད་མིར་མི་དབང་བའི་ལུགས་སྲོལ་བཙུགས་འདུག་པ་དང་། ཡང་བོད་རྣམས་འདོད་པ་ཁོག་བཙོས་ཡིད་ཆེས་མི་རུང་བ་རྒྱུ་མཚན་དུ་བྱས་པ་ཡིན་གྱི་རེད་དེ། ལས་སྒོ་གལ་གནད་ཆེ་རིགས་བོད་མི་འཛུལ་བའི་སྒོ་བསྡམས་འདུག་པ་དང་། ཡང་བོད་རྣམས་འདོད་ཆུང་ཆོག་ཤེས་ལེ་ལོ་སྒྱིད་ལུག་ཆེ་བ་རྒྱུ་མཚན་དུ་བྱས་པ་ཡིན་གྱི་རེད་དེ། ཐོན་ཁུངས་གཏེར་ཁུངས་སྔོག་བཞིན་དབུལ་སྐྱོར་མུག་སྐྱོབ་ཀྱི་སེར་སྣའི་གནང་སྦྱིན་སྩོལ་བཞིན་པ་དང་། ཡང་བོད་རྣམས་དམུ་རྒོད་ཆོས་ཅན་ཀླ་ཀློའི་ངང་ཚུལ་འདུག་པ་རྒྱུ་མཚན་དུ་བྱས་པ་ཡིན་གྱི་རེད་དེ། དྲག་པོའི་གོ་མཚོན་དང་འཇིགས་སྐུལ་ཞེད་སྟེར་གྱི་ཚ་གཅུན་མངོན་དུ་བསྟར་བ་སྟེ། དེ་དང་དེ་ལ་སོགས་པ་ནི་སྒེར་གཅོད་པའི་དབང་སྒྱུར་བྱེད་ཕྱོགས་དང་དབང་སྒྱུར་སྲིད་ཇུས་རེད། དོན་དམ་དུ་ཐབས་ཞི་དྲག་དང་། ཡུན་རིང་ཐུང་། རྣམ་པ་མངོན་ལྐོག་གཉིས་ལས་མཐོང་བའི་བྱེད་ཕྱོགས་དང་སྲིད་ཇུས་དེ་སོགས་ནི་བོད་ཀྱི་ཐུན་མིན་ཁྱད་ཆོས་ལ་དམིགས་ནས་བཟོས་པ་ག་ལ་ཡིན་ཏེ། རྟག་བརྟན་གྱི་དབང་སྒྱུར་ཞིང་ས་ལེབ་ལེབ་ཅིག་བཟོ་འདོད་ཀྱིས་ཡིན་པ་སུས་མི་ཤེས།
ཁོ་ཚོས་ལྟོ་བ་ཁོ་ན་མ་གཏོགས་བསམ་པ་འདུན་པ་གཞན་མེད་པའི་ཁོ་ཚོའི་རིགས་ལ་དབང་སྒྱུར་བའི་རིགས་ལམ་གྱིས་བོད་རྣམས་ཀྱང་ད་ལྟའི་བར་དབང་བསྒྱུར་པ་རེད་ལ། མི་ལོ་ལྔ་བཅུའི་རིང་ལ་རྒྱུན་བསྐྱངས་པའི་དབང་སྒྱུར་བྱེད་ཕྱོགས་དང་སྲིད་ཇུས་ཅི་རིགས་རང་དབང་དང་འདྲ་མཉམ་དང་ཐོབ་ཐང་དང་དམངས་གཙོའི་ལམ་ལུགས་དང་རྩ་བ་ནས་འགལ་འདུག་ཕྱིར། བོད་མི་རྣམས་ཀྱིས་བློ་སྤོབས་དང་དཔའ་ངར་ཆེན་པོས་གསར་བརྗེ་བྱས་བྱུང་ལ། གསར་བརྗེའི་འབྲས་བུ་ཅི་འབྱུང་ཆ་མི་འཚལ་ནའང་། དབང་སྒྱུར་པ་ལ་ཏན་ཏན་བསམ་རྒྱུ་ཞིག་དང་སྒོམ་རྒྱུ་ཞིག  གོ་རྒྱུ་ཞིག་སྤྲད་ཡོད་ཅིང་། བོད་ལ་ལྟ་སྟངས་དང་། བྱེད་ཕྱོགས། སྲིད་ཇུས་སོགས་ལ་འགྱུར་བ་མི་གཏོང་རང་གཏོང་ཆགས་ཡོད། ཁོ་བོས་བལྟས་ན། དབང་སྒྱུར་པས་ད་རག་བར་དུ་བོད་འདི་རྒྱུས་ལོན་མི་འདུག་ལ་ཤེས་རྟོགས་ཀྱང་མི་འདུག དེང་ནས་བཟུང་། གལ་ཏེ་དབང་སྒྱུར་པའི་ནང་དུ་བོད་འདི་རྒྱུས་ལོན་དང་ཤེས་རྟོགས་ཡོད་པ་དང་། ཆབ་སྲིད་བློ་གཤོག་ཆེ་ཞིང་ཆབ་སྲིད་མིག་རྒྱང་རིང་བའི་ཁ་ཆེན་དབང་ཆེན་རེ་བྱུང་བ་ཡིན་ན། གཉིས་ཕན་འགྲོ་སྐྱོབ་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ལམ་དུ་འབྱོན་ལས་ཆེ་མོད། རྒྱུ་འབྲས་ཁྲེལ་བག་མེད་པའི་ཁོ་ཚོའི་སྲོལ་རྒྱུན་ལ་བསམ་ན། དབང་སྒྱུར་བྱེད་ཕྱོགས་དང་སྲིད་ཇུས་གང་ཡང་སྔར་ལས་རྩུབ་ཅིང་དྲག་པོ་དང་། གཉན་ཞིང་བཙན་པ། དོག་ཅིང་འཕྲང་བ། གཏུམ་ཞིང་རྒོད་པར་འགྱུར་བའི་སྲིད་པ་ལོས་ཆེ་ཨང་སྙམ་པ་འདུག གང་ལྟར། ཞི་བའི་གསར་བརྗེ་འདིས་སྒེར་གཅོད་དབང་སྒྱུར་པའི་ནག་ཉེས་བསམ་སྤྱོད་ལ་ཐ་ཚིག་ནན་མོ་བསྒྲགས་ཤིང་། ལྟ་སྤྱོད་ཡོད་ཚད་ལ་འགྱུར་བ་གང་རུང་ངེས་ཅན་དུ་གཏོང་དགོས་པའི་ཤུགས་རྐྱེན་བག་ཆགས་བཞག་སོང་ཕྱིར། འདི་ཡང་ཁོ་བོ་དགའ་བའི་ཚོར་པ་སྐྱེས་པའི་རྒྱུ་རྐྱེན་དུ་བགྲང་འོས་པ་ཡིན།
3.གསལ་འདེབས་ཞེས་པ་ནི་བོད་རྣམས་རང་དབང་དང་དམངས་གཙོ་ལ་མོས་པའི་རྒྱུ་མཚན་གྱིས། བོད་དུ་གནད་དོན་ལྷགས་འདུག་ཅིང་གནད་དོན་དེ་ཡང་ཛ་དྲག་ཚབས་ཆེན་གྱི་ངང་ལ་ཡོད་པ་འཛམ་གླིང་ཀུན་ལ་གསལ་འདེབས་བྱས་ཏེ། གནད་དོན་ངེས་པར་དུ་ཐག་གཅོད་བྱེད་དགོས་སུ་ཡོད་པའི་ཤུགས་རྐྱེན་བག་ཆགས་བཞག་པ་ལ་ཟེར། སྤྱིར་བཤད་ན། བོད་ཀྱི་དཀའ་ཉོག་གམ་གནད་དོན་སེལ་མིན་ནི་བོད་རང་ཉིད་མ་གཏོགས་རེ་བ་རྒྱག་ས་གཞན་མེད་མོད། འོན་ཀྱང་ཕྱི་རྐྱེན་དང་ནང་རྐྱེན་གྱི་དབང་དུ་བཏང་ནས་བཤད་ན། ནང་རྐྱེན་དུ་གྱུར་པའི་བོད་ཕུད། ཕྱི་རྐྱེན་དུ་སོང་བའི་རྒྱལ་སྤྱིའི་སྤྱི་ཚོགས་ལའང་རག་ལས་འདུག་པ་བསྙོན་མེད་རེད། ཁོ་བོས་རྒྱུན་དུ་འདི་ལྟར་སེམས་ཏེ། མི་བུ་གཉིས་བར་ལ་འགལ་བ་ཡོད་པར་ཆ་བཞག་ན། ཁ་འཛིང་ཙམ་གྱིས་ནི་གྱོད་དོན་དུ་མི་ཆགས་ལ་གྱོད་དོན་མེད་ཚེ་གཟུ་བཤད་རྒྱུ་ཡོད་པ་མ་རེད། ནམ་ཞིག་རྨས་སྐྱོན་ཁྲག་སྦྱོར་གྱི་འཐབ་འཛིང་བྱུང་ན་དེ་དུས་གྱོད་དོན་དུ་སོང་ཞིང་ད་གཟོད་གཟུ་པ་ཞེས་པའམ་དཔང་པོ་ཞེས་པའི་གྱོད་འདུམ་མཁན་ཞིག་འབྱུང་སྟེ། བརླ་མི་རྒྱལ་བ་དང་དཔྱི་མི་ཁིས་པའི་གཟུ་བཤད་ངེས་ནའང་། བོད་རྣམས་ཀྱིས་གྱོད་དོན་མ་བཟོས་དོན་རྐྱེན་མ་བསླངས་པས། སྔ་དྲོ་གྱོད་པའི་གྱོད་ཡིན། ཕྱི་དྲོ་གཟུ་པའི་གྱོད་ཡིན་ཞེས་དམེ་ཤོར་འཁྲུག་པ་སྡུམ་པའི་གཟུ་པའམ་དཔང་པོ་ཞིག་ཅི་ལྟར་རྙེད། དེས་ན་བོད་དོན་བདེན་མཐའ་གསལ་ངེས་དང་བསམ་དོན་མྱུར་འགྲུབ་སྨྲ་བ་སོགས་ནི་རང་སེམས་གསོ་བྱེད་ཀྱི་སྨོན་ལམ་ཞིག་མིན་ན་ཁ་སྟོང་ནང་གི་ཚིག་སྟོང་ཞིག་ཡིན་པར་སེམས་ཀྱི་ཡོད། ད་ལོའི་ཞི་བའི་གསར་བརྗེ་ནི་ཏག་ཏག་གྱོད་དོན་བཟོས་པའི་ཚད་དུ་སོན་ཞིང་། གལ་སྲིད་འཛམ་གླིང་སྒང་འདིར་རྒྱུ་འབྲས་དྲང་སྙོམས་ཀྱི་གཟུ་པ་ཞིག་བཞུགས་ན། བོད་དོན་འདི་བཞིན་ཐུགས་ཁུར་དོ་སྣང་དང་གྲོས་རིམ་ཉིན་ཐོར་འགོད་པའི་དུས་སུ་ཁེལ་འདུག
ཡིན་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་ནི་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་སྲོག་ཤིང་ཡིན་པའི་བྱམས་སྙིང་རྗེ་དང་། བྱང་ཆུབ་སེམས་དཔའ། སྟོང་ཉིད་བདག་མེད། བདག་གཞན་མཉམ་བརྗེ་ཡི་ཉམས་ལེན་མཁན་མ་ཡིན་ལ། ཁོ་ཚོའི་རིག་གནས་སུའང་གདུང་སེམས་མཉམ་སྐྱེད་དང་ནང་མི་ཕུ་ནུ་སོགས་ཀྱི་བསམ་བློ་ལྟ་བ་འདུག་ནའང་། “བདག”ལ་ཁེ་ཕན་མེད་ཚེ་གཞན་ལ་རོགས་གྲོགས་མི་བྱེད་ཅིང་། རྟག་ཏུ་རང་དབང་དང་འདྲ་མཉམ་དང་ཐོབ་ཐང་དང་དམངས་གཙོ་སོགས་ཡི་གེར་བྲིས་ཤིང་ཁ་ལ་ཁྱེར་ཏེ་རྒྱུག་ནའང་། སྔོན་འགྲོ་ནི“བདག”གི་ཁེ་ཕན་ཁོ་ན་ལས་མ་འདས། བོད་ནང་བཞིན་རང་གི་མངའ་དབང་དང་ས་ཁོངས། མི་རིགས་ཀྱང་མི་སེམས་པར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་མཁན་ནི་ཁོ་ཚོའི་གྲས་སུ་སྔར་བྱུང་མ་སོང་ལ་ཕྱིས་ཀྱང་འབྱུང་མི་སྲིད། “བདག”ལ་ཁེ་ཕན་འདུག་ན་ཨ་རབ་འཇིག་རྟེན་ཧྲིལ་པོ་ཁོང་ཁྲོས་སྦོས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་དང་ཨབ་གྷན་གྱི་སྒེར་གཅོད་སྲིད་གཞུང་མགོ་རྟིང་བསློགས་ཏེ་དམངས་གཙོར་ཁྲིད་སོང་ལ། “བདག”ལ་ཁེ་ཕན་མེད་ན་རུ་ཝང་ཏ་རུ་རིགས་རྒྱུད་གཙང་སེལ་བཟོ་རྩིས་ཀྱིས་མི་མགོ་ས་ཡར་ལོངས་པ་དམར་གསོད་བྱས་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་ཡ་བྱས་མྱོང་མེད། “བདག”གི་ཁེ་ཕན་སྲོག་ཏུ་བྱས་ཏེ་གཞན་གྲོགས་བྱེད་མཁན་སྔར་བྱུང་མྱོང་ལ་མ་འོངས་པ་ནའང་འབྱུང་སྲིད་པ་རེད་མོད། འོན་ཀྱང་ད་སྔའི་བོད་དུ་མེད་ན་སེམས་ཅན་གྱི་འཚོ་གནས་སྐྱིད་སྡུག་ཉམས་པར་འགྱུར་བའི་འབྱོར་པའི་ཐོན་ཁུངས་ནུས་ཁུངས་རྡོ་སྣུམ་ཕོན་ཆེ་ལྟ་བུ་སྔོག་རྙེད་མ་བྱུང་བས་གྲོགས་དན་མཛད་མི་དཀོན་ཞིང་། འཐབ་ཇུས་དོན་སྙིང་ཆེ་ཟེར་ཡང་གློག་རྡུལ་དུས་རབས་སུ་སྐམ་ས་ལས་རྒྱ་མཚོ་དང་མཁའ་དབྱིངས་ཀྱི་དོན་ནུས་ཆེ་བས་རོགས་ར་མདར་རྒྱུག་པའི་གྲོགས་པོ་ག་ལ་ཡོད། ནམ་ཞིག་བོད་མིས་བཞེད་པ་ལྟར། ས་འོག་ཐམས་ཅད་གཏེར་མཛོད་དང་། ས་སྟེང་ཐམས་ཅད་སྨན་མཛོད་ཡིན་པའི་བདེན་ཐག་ཆོད་ཚེ། “སྐྲ་སེར་སྤྲེའུའི”རིགས་ཀྱི་སྤྲུལ་བའི་ལྷ་དམག་དགུ་འབུམ་དགུ་ཁྲི་འབྱོན་ལས་ཆེ་ཡང་། དེ་དུས་ཁོ་ཚོས་སྔར་བཞིན་བོད་ཡུལ་འདི་ཚོང་གི་མ་རྩ་དང་གཏའ་མར་འཇོག་སྲིད་དེ། སྔོན་ཆད་ཚོང་གི་མ་རྩ་དང་གཏའ་མར་བཞག་མྱོང་བ་དེ་བཞིན་ནོ།། བོད་དོན་བདེན་མཐའ་གསལ་མིན་ནི་ནམ་ཡང་བོད་མི་རང་ཉིད་ལ་རག་ལས་པ་དང་། བོད་མིའི་སེམས་རྩ་བརྟན་ན། 《གདུགས་དཀར》གྱི་ཚབ་ཏུ《མདོ》ཀློག་པ་ལྟ་བུ་དང་། ཡ་ལགས་སོ་ཡིས་མ་ལེགས་སོ་མནན་པ། འཇིག་ལོ་ཡི་རྗེས་སུ་བཤིག་ལོ་འབྲངས་པ་ལྟ་བུ་འདི་ཆོས་ཉིད་བདེན་པ་དང་བཀའ་ལུང་ཚད་མ་མ་ཡིན་ལ། བོད་མིའི་སེམས་རྩ་བརྟན་ན། བདུད་སྡེའི་དཔུང་ཚོགས་ལ་ཞི་བའི་སེམས་ངོ་ཟིན་པའི་དུས་ཡོད་ཅིང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱུ་འབྲས་བློ་མིག་སད་པའི་ཉིན་ཡོད་པ་ཁོ་བོས་རྗེས་དཔག་རིགས་འདེད་ཀྱིས་ཤེས། གང་ལྟར། ཞི་བའི་གསར་བརྗེ་འདིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་ཛ་དྲག་ཚབས་ཆེན་ཡིན་པ་བསྟན་ཅིང་། གྱོད་དོན་གཟུ་པས་བཤད་རྒྱུ་ཡོད་པ་དང་གནད་དོན་ཐག་གིས་གཅོད་རྒྱུ་ཡོད་པའི་ཚུལ་གསལ་འདེབས་བྱས་སོང་ཕྱིར། ཁོ་བོ་དེར་ཡང་དགའ་ནས་ཡོད།
4.སྐུལ་མ་ཞེས་པ་ནི་རང་རིགས་སྒེར་གཞུང་གཉིས་དང་མི་རབས་ཕྱི་མ་རྣམས་ལ་རང་དབང་དང་དམངས་གཙོའི་ཕྱིར་དུ་འཐབ་རྩོད་བྱེད་དགོས་ཀྱི་སྐུལ་མའི་ཤུགས་རྐྱེན་བག་ཆགས་བཞག་སོང་བ་ལ་ཟེར། གོང་དུ་བཤད་པ་ལྟར། བོད་རྣམས་ཀྱིས་ཁྱིམ་སྲིད་ཀྱི་འདུ་ཤེས་སྤངས་ཏེ་ཁ་རུབ་སྒོ་བསྡམས་ཀྱི་ངང་ལ་བསྡད་ཅིང་། རང་ངོ་དང་གཞན་ངོ་གང་ཡང་མ་ཤེས་པར་དུས་ཡུན་རིང་པོ་འགོར། ཁོ་ཚོས་ཁྱིམ་སྲིད་ཀྱི་ཕྱིར་དུ་འཐབ་རྩོད་བྱས་པའི་བྱུང་རབས་མེད་ཅིང་ཡུལ་ལུང་གི་ཆེད་དུ་ཧུར་བརྩོན་བྱས་པའི་ལོ་རྒྱུས་ཀྱང་མེད། གང་ཞིག་གི་ཕྱིར་དུ་འཐབ་རྩོད་བྱས་པའི་བྱུང་རབས་དང་ཅི་ཞིག་གི་ཆེད་དུ་ཧུར་བརྩོན་བྱས་པའི་ལོ་རྒྱུས་བརྗོད་པའི་དབང་དུ་བཏང་ན། དེ་ནི་གྲུབ་མཐའ་བརྩད་པའི་འཐབ་རྩོད་ཀྱི་བྱུང་རབས་ཡོད་པ་དང་ཆོས་གཞིས་བརྩད་པའི་ཧུར་བརྩོན་གྱི་ལོ་རྒྱུས་ཡོད་པ་ཙམ་རེད། བརྩད་པས་མ་གྲུབ་པ་ནི་འཚང་རྒྱ་བའི་གནད་དོན་དང་ཐག་གིས་མ་ཆོད་པའང་འཚང་རྒྱ་བའི་གནད་དོན་རེད། ཁོ་ཚོ་སྔར་བཞིན་ལས་ངན་ཏེ་བོད་ཡུལ་དུ་སྐྱེས་ཤིང་ཁོ་ཚོ་སྔར་བཞིན་བསོད་ཟད་དེ་འཁོར་པ་རུ་འཁྱམས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག  སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་ཅེས་སྨོན་ལམ་རླབས་པོ་ཆེ་བརྒྱབ་ནའང་། སེམས་ཅན་ཐམས་ཅད་སྔར་བཞིན་བདེ་སྡུག་འདྲེས་མར་ཡོད་ཅིང་ཉེ་རིང་ཆགས་སྡང་གི་ངང་ལ་འདུག སེམས་ཅན་ཐམས་ཅད་ཀྱི་བསམ་བློ་ཡོད་མཁན་ནི་སྡུག་བསྔལ་མེད་པའི་བདེ་བ་དང་ལྡན་པར་ཡོད་པ་ལྟར་ཡང་། བདག་ཉིད་རང་རིགས་ཀྱི་འདུ་ཤེས་ཡོད་མཁན་རྣམས་ནི་བདེ་བ་མེད་པའི་སྡུག་བསྔལ་དང་ལྡན་པར་ཡོད། སྟོང་ཉིད་བདག་མེད་ཀྱིས་དགའ་བ་སྒོམ་མཁན་རྣམས་ནི་སེམས་པ་ལྷོད་གྱིལ་ལེར་འདུག་ནའང་། སྟོང་མིན་བདག་ཡོད་ཀྱི་ཉེ་རིང་ཆགས་སྡང་ཅན་རྣམས་ནི་སེམས་པ་གྲིམས་རིལ་ལེར་ཡོད། འཐབ་རྩོད་ལ་ཉེས་པ་ཡོད། འཐབ་རྩོད་ལ་སྡིག་པ་ཡོད། འཐབ་རྩོད་ལ་རྒྱུ་མཚན་མེད། འཐབ་རྩོད་ལ་སྙིང་པོ་མེད། ཅི་དང་གང་ལའང་འཐབ་རྩོད་མེད་པས་དགའ། རང་དབང་གི་ཕྱིར་དུའང་འཐབ་རྩོད་མེད་པས་དགའ་བའི་བསམ་བློ་ཡིས། སེང་གེ་དཀར་མོའི་ཁོག་པ་དེ། ནང་ནས་སྐྱེས་པའི་འབུ་ཡིས་ཟོས་ཟོས་མཐར། ཡོད་ཚད་གཞན་ལག་ཏུ་བརྫངས་ཤིང་ཉེས་མེད་ཀྱི་ཚེ་སྲོག་ཁྲི་སྟོང་མང་པོ་ཤི་འདས་སུ་ཕྱིན་པ་དང་ད་ལྟའང་དེ་དང་དེ་ལྟ་བུའི་རྒྱུན་མཐུད་དེ་འགྲོ། གལ་ཏེ་ཉེས་མེད་ཀྱི་མི་རྣམས་དོན་མེད་དུ་ཤི་བ་ལ་འགན་འཁུར་མཁན་ཞིག་བཙལ་དགོས་ཚེ། དེ་ནི་འཐབ་རྩོད་ལ་མི་མོས་པའི་བསམ་བློ་བག་ཆགས་དེ་ལས་གཞན་ལ་བཙལ་དུ་མེད། ཉེ་རིང་ཆགས་སྡང་བྲལ་བའི་རིག་གནས་བསམ་བློ་དེས་གཞི་ནས་བོད་མིའི་ལོ་རྒྱུས་ལ་འགན་འཁུར་དགོས་པར་འདོད།
ཡིན་ནའང་། བསམ་བློ་དེ་དང་དེ་ལྟ་བུས་ཆེས་མཐའ་མཇུག་གི་མཐའ་ལ་དེད་པའི་བོད་མི་ཉམ་ཐག་རྣམས་ད་ལྟ་སྙིང་སྟོབས་རྒྱས་ཏེ་གོ་རྟོགས་སད་ཏེ་རང་དབང་གི་ས་ལ་སྐྱོད་འགོ་བརྩམས་པ་འདིས། བསམ་བློ་དེ་རིགས་རྩིས་མེད་དུ་བཏང་བ་ཡིན་ཞིང་། ཁ་བཤད་རིག་གནས་ཆོས་ལུགས་དང་དམིགས་ཡུལ་རང་དབང་དམངས་གཙོ་ཡིན་འོས་པ་འདིས་དོན་ལ་བདག་དོན་འཁྱོངས་པའི་གཟི་བརྗིད་ཀྱི་ལས་བྱེད་པ་དང་། ལུས་ཕུང་འབེན་ལ་བཞག  དོན་སྙིང་གཏའ་མར་བཞག ཚེ་སྲོག་རིན་དོད་དུ་ཕུལ་ཏེ། བློ་སྟོབས་ཆེན་པོས། འགྱུར་མེད་བརྟན་པོས། ཕྱིར་མི་ལྡོག་པའི་ཚུལ་གྱིས་བྱས་པའི་གསར་བརྗེ་ཡིས་བོད་མི་གཞིས་བྱེས་གཉིས་དང་། སྒེར་གཞུང་གཉིས། ཁྱད་པར་དུ་ཕྱི་རབས་པ་རྣམས་ལ་ཕྱིས་འབྱུང་འཐབ་རྩོད་ཀྱི་དམིགས་ཡུལ་དང་ཁ་ཕྱོགས་བསྟན་པར་མ་ཟད། རང་དབང་དང་དམངས་གཙོའི་ལམ་དུ་འཇུག་པའི་ཡར་སྐུལ་གྱི་ཤུགས་རྐྱེན་བག་ཆགས་ཟབ་མོ་ཞོག་སོང་ཕྱིར། ཁོ་བོ་དགའ་བ་དང་སྤྲོ་བ་ལྷན་དུ་རྒྱས།
གསུམ། གསར་བརྗེའི་དམིགས་ཡུལ་ནི། རང་དབང་དང་འདྲ་མཉམ། ཐོབ་ཐང་དང་དམངས་གཙོ་སོགས་འགྲོ་མིའི་ཡོངས་ཁྱབ་རིན་ཐང་རྣམས་ཡིན་འོས། དེ་ནི་དམིགས་ཡུལ་དང་པོ་ཡིན་ལ་གཉིས་པ་དང་གསུམ་པ་ཡིན་པར་མ་ཟད་ཆེས་མཐར་ཐུག་གི་དམིགས་ཡུལ་ཀྱང་ཡིན་དགོས། འཛམ་གླིང་འདིའི་དཔའ་ངར་གྱི་རྟ་ལ་ཞོན་པའི་མི་དམངས་དང་། ཧུར་བརྩོན་གྱི་གྲོགས་ལ་འགྲོགས་པའི་མི་རིགས། ཤེས་རབ་ཀྱི་ཕྲ་ཕུང་རྒྱས་པའི་མི་བུ་ཀུན་གྱིས་མི་ལོ་བརྒྱ་ཕྲག་དུ་མའི་སྔོན་ནས་བཟུང་། མཐར་ཐུག་གི་དམིགས་ཡུལ་དེའི་ཕྱིར་དུ། ཚེ་སྲོག་འབེན་ལ་བཞག རྔུལ་ཁྲག་ས་ལ་གཏོར། བདེ་སྐྱིད་གཏའ་མར་བཞག་སྟེ་བརྩོན་པ་བརྒྱ་ཕྲག་དང་ངལ་བ་སྟོང་ཕྲག དཀའ་བ་འབུམ་ཕྲག་བརྒྱབ་པ་ནང་བཞིན། འུ་ཚོས་ཀྱང་ད་ལོ་ནས་བཟུང་མཐར་ཐུག་གི་དམིགས་ཡུལ་དེར་བགྲོད་པའི་དབུ་སྒོ་བརྩམས་པ་རེད།
རང་དབང་དང་འདྲ་མཉམ། ཐོབ་ཐང་དང་དམངས་གཙོ། ཐ་སྙད་སྙིང་དུ་སྡུག་པ་འདི་དག་ནི་ཡུལ་དུས་གནས་བབ་གང་དུ་ཕྱིན་ཀྱང་། རྙིང་པ་དང་རུལ་བ་དང་ཟག་པ་དང་ཟད་པ་དང་ཉམས་པ་དང་རྒུད་པ་དང་ཞིག་པ་དང་བྲུལ་བ་དང་ཡལ་བ་དང་ནུབ་པ་མེད་ཅིང་། འཆར་ནུབ་དང་བྲི་གང་དང་འཕེལ་འགྲིབ་དང་སྐྱེ་འཇིག་དང་ཡོད་མེད་མེད་པའི་ཆོས་ཉིད་ལྟར་དང་། རང་དབང་དང་འདྲ་མཉམ། ཐོབ་ཐང་དང་དམངས་གཙོ། མིང་ཚིག་ཡིད་དུ་འོངས་པ་འདི་དག་ནི་ཡུལ་དུས་གནས་བབ་གང་དུ་ཕྱིན་ཀྱང་། གནས་ལུགས་ཡོད་པ་དང་། རྒྱུ་མཚན་ཡོད་པ། ཁས་འཆེས་ཡོད་པ། ཀུན་ལ་ཁྱབ་ཅིང་ཡོངས་ལ་འཚམ་པའི་རིན་ཐང་རྩ་ཆེན་པོ་སྟེ། བདེན་པ་དང་ཚད་མ་ཟེར་བ་ཡོད་པའི་དབང་དུ་བཏང་ན། འདི་ལས་གཞན་ཡོད་སྲིད་པ་མ་རེད། འཇིག་རྟེན་གྱི་གནས་ལུགས་དང་། མི་ཚུལ་གྱི་དགོངས་བཞེས། མི་བུའི་རྒྱུ་འབྲས་དང་ཡང་འགལ་བ་དང་ལྡོག་པ་དང་མི་མཐུན་མེད་པའི་མཐར་ཐུག་གི“སྔོ་ལྗང་རྩྭ་ཐང”དེ་ནི་ཞི་བའི་གསར་བརྗེ་འདིའི་དམིགས་ཡུལ་ཉག་གཅིག་ཡིན་དགོས་པར་འདོད།
དེ་ལྟ་མ་ཡིན་པར། ཆོས་ལུགས་དང་རིག་གནས། དད་པ་དང་དག་སྣང་གི་ཕྱིར་དུ་ཡིན་ན་ནི། གསར་བརྗེ་འདིའི་གཟི་བརྗིད་དང་རིན་ཐང་དང་དོན་སྙིང་ཆུང་དུ་འགྲོ་སྲིད་ཅིང་། མགོ་རྔ་དང་དུས་ཡུན་དང་མུ་རྒྱུན་ཡང་ཐུང་དུ་འགྱུར་སྲིད་པ་རེད། རྒྱུ་མཚན་ནི། ཆོས་ལུགས་དང་རིག་གནས་ནི་འགྱུར་བའི་ཆོས་ཅན་རེད། དད་པ་དང་དག་སྣང་ཡང་འགྱུར་བའི་ཆོས་ཅན་རེད། འགྱུར་བའི་ཆོས་ཅན་ལ་ཕུ་ཐག་མེད་ཅིང་འགྱུར་བའི་ཆོས་ཅན་ལ་མཇུག་མ་མེད། འགྱུར་བའི་ཆོས་ཅན་ལ་ཡིད་ཆེས་ཀྱང་ཡོད་མི་སྲིད་པས། འགྱུར་བའི་ཆོས་ཅན་དེ་དག་གི་ཕྱིར་དུ་ཡིན་ཞེ་ན་ནི་གསར་བརྗེ་འདི་ལ་རྒྱུན་དང་ཡུན་དང་མུ་ག་འདྲ་ཡོད་མེད་རྟོགས་དཀའ་ཞིང་། དེ་བཞིན་གཟི་བརྗིད་དང་རིན་ཐང་དང་དོན་སྙིང་ཡང་ཆེན་པོ་ཡོད་མེད་བཤད་དཀའ་ཚོད་རེད།
དེའི་ཕྱིར། བོད་མི་སྐྱ་སེར་ཕོ་མོ་དང་རྒན་དར་གཞོན་གསུམ་ཀུན་གྱིས་ས་བྱི་ཞི་བའི་གསར་བརྗེའི་དམིགས་ཡུལ་ནི་མི་བུའི་ཡོངས་ཁྱབ་རིན་ཐང་མངོན་འགྱུར་གྱི་ཕྱིར་དུ་ཡིན་པ་བརྗོད་འོས་ལ། དེ་ལྟར་བརྗོད་པས་ཕ་རོལ་པོས་གོ་བ་བདེ་བླག་ཏུ་ལོན་ཞིང་གསལ་བཤད་མཆན་འགྲེལ་མི་དགོས་པ་དང་། དེ་ལྟར་བརྗོད་པས་ནམ་ཞིག་དེ་འདྲའི་དཔལ་ལ་སྤྱོད་པའི་བསྐལ་པ་འཆར་སྲིད་ཕྱིར། མ་འོངས་བློས་བསླངས་འདིས་ཀྱང་ཁོ་བོར་དགའ་བའི་ཚོར་པ་བསྐྱེད་ཡོད།
བཞི། བདེན་མཐའ་གསལ་རྒྱུའི་རྟགས་མཐོང་བ་ནི།ས་བྱི་ཞི་བའི་གསར་བརྗེ་ལས་བོད་མིའི་བདེན་མཐའ་ངེས་པར་དུ་གསལ་རྒྱུ་ཡིན་པ་དང་བོད་མིའི་བསམ་དོན་ངེས་པར་དུ་འགྲུབ་རྒྱུ་ཡིན་པའི་རྟགས་མཐོང་ཡོད་པ་ཡིན། ཞར་དང་ཞོར་ལ་ཁོ་བོའི་བསམ་དོན་འགྲུབ་པའི་རྟགས་ཀྱང་མཐོང་སོང་བ་ཡིན། རྟགས་འདི་མཐོང་བ་ལས2008ལོ་ནི་བོད་མིའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོ་ཞིག་ཏུ་གྱུར་སོང་བ་ཤེས་ཐུབ་ཅིང་། དཀྱོགས་མཚམས་ཀུན་ལས་དགེ་མཚན་དོན་སྙིང་ཆེ་བ་དང་བསྐལ་པ་ཡར་འགྲོའི་ཆོས་ཅན་གྱི་དཀྱོགས་མཚམས་ཤིག་ཡིན་པ་ཤེས་ཐུབ། མི་ལོ་སྟོང་ཕྲག་གི་རིང་ལ། བོད་མིའི་ལོ་རྒྱུས་བཟང་ངན་གང་ཡང་ཆོས་དང་ཆོས་ལུགས་དང་། བླ་མ་དང་སྤྲུལ་སྐུས་མ་བཟོས་པ་མེད་ཅིང་། འདི་ལྟར་རང་དབང་བྲལ་བའི་ངང་ལ་ཚེ་སྲོག་གྲངས་མེད་ཤོར་ཏེ་དཀའ་ལས་ཚད་མེད་མྱོང་དགོས་བྱུང་བའང་རིག་གནས་དེ་དང་སྐྱེས་བུ་དེ་དག་གིས་བཟོས་པ་རེད། བོད་མིའི་ལོ་རྒྱུས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཁོང་ཚོས་མྱོང་དགོས་ལ་བོད་མིའི་ལོ་རྒྱུས་ཀྱི་འགན་འཁྲིའང་ཁོང་ཚོས་འཁུར་དགོས། དེའི་ཕྱིར། ཁོ་བོས་དེ་དག་ལ་འཕག་འཚག་དང་། དོང་སྤྲུག དོགས་སློང་། དགག་སྒྲུབ། སུན་འབྱིན་བྱེད་པའང་རྒྱུ་མཚན་དེ་ལ་ཐུག་ཡོད་ཅིང་། འབྲས་བུ་མཐོང་བས་རྒྱུ་ལ་དམིགས་པ་ཡིན།
བོད་མིའི་ལོ་རྒྱུས་ལ་དཀྱོགས་མཚམས་འབྱུང་མིན་དང་བོད་མིའི་ལོ་རྒྱུས་ལ་འགྱུར་འགྲོས་འབྱུང་མིན་ནི་རིག་གནས་དེ་དང་དེ་འཛིན་གྱི་སྐྱེས་བུ་ལ་རག་ལས་འདུག་པ་མ་གཏོགས་གཞན་གང་གིས་ཀྱང་མི་ནུས། ཁོ་བོ་ཡི་གེ་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། ཡི་གེ་ཡིས་བོད་མིའི་ལོ་རྒྱུས་ལ་རྔོ་གང་ཡང་མི་ཐོགས་པ་ཤེས་ཡོད་ཅིང་། ཡི་གེ་ཡིས་བོད་མིའི་ལྟོ་རྒྱབ་ལ་གོ་ཅི་ཡང་མི་ཆོད་པ་ཤེས་ཡོད། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ལ་ཕན་ཐོགས་པའི་ཡི་གེ་ནི་དབྱིན་ཇིའི་ཐའོ་མ་སི་ཕའིན་གྱི《རྒྱུན་ཤེས》ལྟ་བུ་ཁ་ཤས་ལས་མེད་པའང་ཤེས་ཡོད། 
དེ་ལྟ་མོད་ཀྱི་མིའི་རིགས་ཀྱི་ལོ་རྒྱུས་སྐྲུན་མཁན་སུ་ཡིན་ཞེས་པ་ནི་རྩོད་གཞི་ཅན་ཞིག་སྟེ། མི་སྣའམ་སྐྱེས་བུ་གང་རུང་གིས་བསྐྲུན་པ་ཡིན་ནམ་མི་དམངས་ཀྱིས་བསྐྲུན་པ་ཡིན། ཡང་ན་རིག་གནས་ཀྱིས་བསྐྲུན་པ་ཡིན་ཞེས་པ་ནི་གཞི་གཅིག་ཏུ་འབབ་ཐབས་བྲལ་བའི་བརྗོད་གཞི་ཞིག་རེད། ཁོ་བོ་རིག་གནས་ཞེས་པ་བཤད་མཁན་ཞིག་ཡིན་པའི་ཆ་ནས། ཕྱོགས་ལྷུང་ཞེན་ཁོག་ཡིན་ཀྱང་རུང་ལོག་རྟོག་འཁྲུལ་ཤེས་ཡིན་ཀྱང་བླ། མིའི་རིགས་ཀྱི་ལོ་རྒྱུས་སྐྲུན་མཁན་ནི་རིག་གནས་རེད་ཅེས་བརྗོད་པར་མོས་པ་ཡིན། རྒྱུ་མཚན་ནི། སྐབས་འདིར་བརྗོད་པའི་རང་དབང་དང་དམངས་གཙོ་སོགས་ཡོངས་ཁྱབ་རིན་ཐང་གི་ངོས་ནས་བཤད་ནའང་། མི་སྣ་གང་ཞིག་དང་མི་དམངས་གང་ཞིག་ལ་རང་དབང་དང་དམངས་གཙོའི་རིག་གནས་བསམ་བློ་ངེས་ཅན་ལྡན་ཚེ། རང་དབང་དང་དམངས་གཙོར་བགྲོད་པའི་ལོ་རྒྱུས་བསྐྲུན་ངེས་པ་རེད། ཁོ་བོས་རིག་གནས་བཤད་ཁུལ་གྱིས་རིག་གནས་བསམ་བློའི་མིག་གིས་བལྟས་ན། བོད་མིའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་འདི་ཡང་རིག་གནས་བསམ་བློ་དང་འབྲེལ་བ་ཡོད་པར་འདོད་དེ། མི་སྣ་གང་རུང་ལ་རང་དབང་དང་དམངས་གཙོ་སོགས་ཡོངས་ཁྱབ་རིན་ཐང་གི་ཤེས་རབ་མཁྱེན་རྟོགས་མཐོ་བས་མི་དམངས་ལའང་སྙིང་སྟོབས་དང་གོ་རྟོགས་རྒྱས་ཏེ་རང་དབང་དང་དམངས་གཙོའི་ལམ་ལ་བགྲོད་པའི་དབུ་སྒོ་བརྩམས་པ་རེད། དེ་ལས་ལོག་ན་དེ་འདྲའི་ལོ་རྒྱུས་མི་འབྱུང་བ་སྨོས་མ་དགོས། དེས་མིའི་རིགས་ཀྱི་ལོ་རྒྱུས་ཀུན་ལ་རིགས་འགྲེ། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བཟོ་སྐྲུན་དེར་ཆེ་ས་དང་མཐོ་ས་ནས་བསམ་བློ་གཏོང་བ་མ་གཏོགས་སྣང་ཚུལ་གང་རུང་དང་དོན་རྐྱེན་གང་རུང་ལ་རྐང་འཛུགས་རྒྱུ་མེད། རྒྱ་ཆེ་ས་དང་དགུང་མཐོ་ས་ནས་བསམ་ན་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བཟོ་སྐྲུན་གང་ཡང་རིག་གནས་བསམ་བློ་ལ་མ་འབྲེལ་བ་མེད་པར་འདོད།
བོད་མིའི་དམིགས་བསལ་ལ་བསམ་ན། རང་དབང་ལ་ཕྱི་ཐོབ་ཐང་གི་རང་དབང་དང་ནང་བསམ་བློའི་རང་དབང་གཉིས་སུ་དབྱེ་རུང་བ་འདྲ། དེ་བཞིན་འདྲ་མཉམ་སོགས་ཀྱང་ཕྱི་ནང་གཉིས་སུ་དབྱེ་དགོས་འདུག ཁོ་བོ་སྙིང་སྟོབས་དང་དཔའ་ངར་ཞན་པས་ལག་ལེན་གསེར་གྱི་ཐིགས་པ་ལེན་མཁན་མ་ཡིན་པར་ཁ་བཤད་ཆུ་ཡི་ཝུ་བ་སྟོར་མཁན་ཡིན་ཞིང་། ཧོན་ལོག་ཁ་སྔ་དང་བྱ་རྒན་གྲག་སྔ་ཡི་ཚུལ་གྱིས་ཕྱི་ཆབ་སྲིད་དང་སྤྱི་དམངས་ཀྱི་ཆ་ཡི་རང་དབང་ལ་བརྩོན་པ་བསྐྱུར་བཞག་སྟེ་ནང་བསམ་བློ་དང་འདུ་ཤེས་ཀྱི་ཆ་ཡི་རང་དབང་བཤད་དེ་མི་རྣམས་སུན་པོ་བཟོས་སོང་། ཁོ་བོས་ད་ཚོད་དུའང་རིག་གནས་ཀྱི་ཆེ་ས་ནས་དང་བསམ་བློ་ཡི་ཟབ་ས་ནས། འདུ་ཤེས་ཀྱི་གཏིང་ས་ནས་འཕག་འཚག་དང་། དོང་སྤྲུག འོས་ལངས། གསར་བརྗེ་བྱས་དང་བྱེད་བཞིན་གྱིས་མི་རྣམས་སུན་པོ་དང་། ཁོང་ཁྲོ། བཟོད་མེད་བཟོས་པ་འདི་འཕྱུགས་སོང་བ་དང་། ནོར་སོང་བ། འཁྲུལ་སོང་བར་བསམ་གྱི་མེད། ཐོག་མར་ནང་བསམ་བློ་ལ་རང་དབང་དང་འདྲ་མཉམ། ཐོབ་ཐང་གི་རྟོགས་པ་སད་རྒྱུ་ནི་དུས་དང་རྣམ་པ་ཀུན་ཏུ་ལས་དོན་ཡོངས་ཀྱི་སྔོན་ལ་འགྲོ་དགོས་པར་འདོད་ཅིང་། རང་དབང་དང་འདྲ་མཉམ། ཐོབ་ཐང་ཀུན་གྱི་རྨང་འདིང་བ་ཡིན་ཕྱིར་གལ་ཆེན་ནང་གི་དོན་ཆེན་རེད་འདོད། ནང་གི་ཐོབ་ཐང་བརྩོན་པའི་ཞི་བའི་གསར་བརྗེ་འདི་ཕྱི་ཡི་ཐོབ་ཐང་བརྩོན་པའི་ད་ལོའི་ཞི་བའི་གསར་བརྗེ་དང་བསྡུར་ན་བཀྲག་དང་འོད་མེད་ཅིང་། མདོག་དང་མདངས་མེད་ལ། ཟུངས་དང་བཅུད་མེད་པ་ལྟར་འདུག་མོད། ནམ་རྩ་ཡུན་རིང་ལ་འདི་ངེས་པར་དུ་བཤད་དགོས་ཤིང་། ནམ་ཞིག་ཕྱི་རང་དབང་གི་རྒྱལ་ས་ཟིན་ཀྱང་ནང་རང་དབང་གི་རྒྱལ་ས་ཟིན་མེད་ཚེ་སྔར་བཞིན་སྒེར་གཅོད་ཡིན་པ་གཅིག་མཚུངས་ཡིན་ཕྱིར། ནམ་དུས་ཡིན་ཀྱང་འདི་ཉིད་མི་བཤད་རང་བཤད་ཆགས་ཡོད་པ་བོད་མིའི་སྤྱི་ཚོགས་དང་བོད་མིའི་སེམས་ཁམས་ཀྱིས་ཐག་བཅད་འདུག མ་འོངས་ཡུན་རིང་ལ་བསམ་གཞིག་གཏོང་མཁན་ཞིག་ཡིན་ན། ཕྱི་ནང་གི་གསར་བརྗེ་གཉིས་ལ་འགལ་བ་ཁྱོན་ནས་མེད་ཅིང་། ཕྱི་ཡི་གསར་བརྗེ་དང་ནང་གི་གསར་བརྗེ་གཉིས་གཅིག་གི་ཟླ་ལ་གཅིག་ཕྱིན་ཏེ་གཤོག་པ་ཡ་མ་བྲལ་བར་འཕུར་སྐྱོད་བྱས་པ་ཡིན་ན། ཐག་རིང་རང་དབང་གི་དག་ཞིང་དེར་ཏན་ཏན་བསླེབ་ངེས་ཡིན་ཞེས་བཤད་སྲིད་པ་རེད། རང་དབང་ཕྱི་ནང་ཡ་མ་བྲལ་བ་དེ་དུས་ནི་ད་གཟོད་མི་བུ་འཐུས་སྒོ་ཚང་བ་ཞིག་དང་། མི་བུ་སྒལ་ཚིགས་ཡོད་པ་ཞིག མི་བུ་མཚན་ཉིད་ཚང་བ་ཞིག་བྱོན་སོང་བ་རེད་དེ། ཁོ་བོས་ནམ་རྒྱུན་དེ་འདྲ་ཞིག་ལ་རེ་བ་རྒྱག་གི་ཡོད།
གང་ལྟར། ཁོ་བོས“བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་ཤར”བ་ཙམ་མ་ཡིན་པར་བོད་ལ་སྐྱིད་པའི་ཉི་མ་ཁྱོན་ཡོངས་དང་རྟག་གཏན་དུ་འཆར་རྒྱུ་ཡིན་པའི་རྟགས་མཐོང་སོང་ལ། བོད་མིའི་བཤད་ཚུལ་ལྟར་ན། ལས་ངན་ཁྲོད་ཀྱི་ལས་ཅན་ཞིག་ཡིན་སོང་བས་ཕྱིར་མི་ལྡོག་པའི་རྩིས་ཀྱིས་ཕྱི་ལག་ལེན་དང་ནང་བསམ་བློ་ཉིས་ཆ་ནས་རང་དབང་དང་ཐོབ་ཐང་བརྩོན་པའི་དབུ་སྒོ་བརྩམས་སོང་། དེ་ནི་ལོ་རྒྱུས་ཀྱི་སྤྱི་ལྡོག་ནས་བལྟས་ན། ཞོགས་པ་ཉི་རྩེ་ཡར་ཤར་གྱི་དུས་ཏེ་ཡོད་ཚད་གསོན་ཤུགས་རྒྱས་པའི་དབུ་བརྩམས་པས་ན་ཁོ་བོ་དགའ་བ་བརྟས་པའི་རྒྱུ་མཚན་ཡོད་པ་གཅིག་དང་། གཞན་ཡང་། ཁོ་བོས་བྲིས་པའི་ཡི་གེ་མཐའ་དག་དེང་གི་བོད་མིས་བོད་མི་མགོ་སྐོར་གཏོང་བྱེད་ཀྱི་གཡོ་རྫུན་འཕྲུལ་གསུམ་གྱིས་བསླད་པའི་རྣམ་ཐར་དང་རྟོགས་བརྗོད། ཆོས་འབྱུང་གི་ཡི་གེ་དེ་འདྲ་མ་ཡིན་པ་དང་། དེང་གི་བོད་མིས་བོད་མི་སྡུག་ལ་སྦྱོར་བྱེད་ཀྱི་རྙེད་གྲགས་བདེ་བསྟོད་ཀྱིས་བཏེགས་པའི“ཞིབ་འཇུག་བྱ་གཞི”དང“ལས་གཞི་རྣམ་གྲངས”བསྒྲིགས་པའི་ཡི་གེ་དེ་འདྲའང་མ་ཡིན་ལ། དེང་གི་བོད་མིས་བོད་མི་བཟི་སྦྲིད་གཏོང་བའི་ངག་ཚིག་གསོག་གསོབ་སྤུངས་པའི་ལྗགས་རྩོམ་དང་བརྩམས་ཆོས་ཀྱི་ཡི་གེ་དེ་འདྲའང་མ་ཡིན་པ་དྲན་པས། ལྷག་ཏུ་དགའ་བའི་ཚོར་པ་རྒྱས་པ་བཅས་སོ།།
 
གཉིས་པ།  སྐྱོ་བ་དམ་དྲག་ལྕགས་ཐག་དགུ་སྒྲོག
 
རང་དབང་དང་འདྲ་མཉམ། ཁེ་དབང་དང་དམངས་གཙོ་སོགས་འདུས་པའི་ཡོངས་ཁྱབ་རིན་ཐང་ནི་ད་ལྟའི་འཛམ་གླིང་སྒང་འདིའི་རྒྱལ་ཁབ་དང་ས་ཁུལ། མི་རིགས་ཀུན་གྱི་གཞི་རྩའི་ལྟ་གྲུབ་ཅིག་དང་མཐར་ཐུག་དམིགས་ཡུལ་ཞིག་ཏུ་ཆགས་འདུག གཞི་རྩའི་ལྟ་གྲུབ་དེ་སྐྱེ་བོ་ཀུན་ལ་མི་འཚམ་པ་མེད་པ་དང་མཆོག་ཏུ་གྱུར་ཅིང་བླ་ན་མེད་པའི་རིན་ཐང་ཞིག་ཏུ་ལྟ་བས་དེ་ལ་ཡོངས་ཁྱབ་རིན་ཐང་ངམ་ཀུན་འཚམ་རིན་ཐང་ཞེས་སུ་འབོད། མི་ཡུལ་གྱི་མངོན་མཐོ་ངེས་ལེགས་དང་མྱང་འདས་ཞི་བ་ལྟ་བུའི་མཐར་ཐུག་གི་དམིགས་ཡུལ་དེར་བགྲོད་ཕྱིར། ཁྱིམ་སྲིད་ཀྱི་གོ་རྟོགས་སད་པ་དང་མི་ཚུལ་གྱི་བློ་རིག་རྒྱས་པའི་མི་རྣམས་ཀྱིས། མི་སྒེར་གྱི་ངོས་ནས་སམ་ཐུན་མོང་གི་ངོས་ནས་སམ་ཤོག་སྡེའི་ངོས་ནས་སམ་སྤྱི་གཞུང་གི་ངོས་བཅས་གང་རུང་ནས་རིན་ཐང་དེ་རྣམས་དོན་གཉེར་དང་འཐོབ་སྙེག བརྩོན་ལེན་བྱེད་ཅིང་། ཐ་ན་ཤི་གསོན་གྱི་འཐབ་རྩོད་ཀྱང་མི་རབས་ནས་མི་རབས་བར་བྱེད་པ་རེད།
དེ་ཡང་ཡོངས་ཁྱབ་རིན་ཐང་དེ་རྣམས་མཆོག་གྱུར་དུ་རྩི་བའི་ལམ་ལུགས་ལ་དམངས་གཙོའི་ལམ་ལུགས་ཟེར་བ་དང་། ཡོངས་ཁྱབ་རིན་ཐང་དེ་རྣམས་སྲུང་སྐྱོབ་བྱེད་པའི་སྲིད་གཞུང་ལ་དམངས་གཙོའི་སྲིད་གཞུང་དུ་འབོད། ཁོང་ཚོས་ཁྲིམས་ཀྱི་མདུན་དུ་མི་བུ་ཐམས་ཅད་འདྲ་མཉམ་ཡིན་པ་དང་། མངའ་དབང་དམངས་ལ་བདག་པ། སྤྱི་སྙོམས་རིས་མེད་ཀྱི་འོས་བསྡུ། དབང་དབྱེ་ཚད་སྙོམས། མང་མོས་ཉུང་གིས་བརྩི་ཞིང་ཉུང་མོས་མང་གིས་སྲུང་བ། མི་རིགས་རང་ཐག་རང་གཅོད་སོགས་དམངས་གཙོའི་རྩ་དོན་ལས་འདའ་བ་མེད་པར་མི་ལུས་རང་དབང་དང་། སྨྲ་བརྗོད་རང་དབང་། དད་མོས་རང་དབང་། འདུ་འཛོམས་རང་དབང་། ཤོག་སྒྲིལ་རང་དབང་། དབུལ་ཕོངས་མྱོང་མི་དགོས་པའི་རང་དབང་། འཇིགས་སྐྲག་མྱོང་མི་དགོས་པའི་རང་དབང་སོགས་རང་དབང་གི་རིགས་དང་། མི་བུའི་ཚེ་སྲོག་འདྲ་མཉམ་དང་། མི་བུའི་རྩིས་ཐང་འདྲ་མཉམ། མི་བུའི་མི་གཞི་འདྲ་མཉམ། རྒྱུ་ནོར་ཐོབ་ཐང་འདྲ་མཉམ་སོགས་འདྲ་མཉམ་གྱི་རིགས་རྣམས་ཁ་ཙམ་དང་ཡི་གེ་ཙམ་མ་ཡིན་པར་བརྩི་འཇོག་དང་ཕྱག་བསྟར་གནང་དང་གནང་བཞིན་པ་དང་། དམངས་གཙོ་དམངས་གཙོ་ཟེར་བའང་ལམ་ལུགས་དང་སྲིད་ལུགས་དེ་འདྲའི་སྒང་ནས་མི་བུ་སོ་སོའི་ཐོབ་ཐང་འདི་རྣམས་སྲུང་སྐྱོབ་དང་ཁག་ཐེག་བྱེད་པ་ལས་མ་འདས། ཡོངས་ཁྱབ་རིན་ཐང་དུ་སོང་བའི་ཐོབ་ཐང་དེ་རྣམས་ནི་མི་རྣམས་ལ་ལྷན་སྐྱེས་སུ་མངའ་བ་ཞིག་དང་། ཕན་ཚུན་གནོད་འཚེ་དང་བཤུག་སྤྲོད་མི་རུང་བ་ཞིག་ཡིན་ཕྱིར། དམངས་གཙོའི་ལམ་ལུགས་སུ་ཕྱིན་པའི་ཡུལ་གྲུ་ཁག་ཏུ་དེ་རྣམས་མིག་འབྲས་བཞིན་སྲུང་ཞིང་ཞི་བདེ་མཐུན་འགྲིག་གི་དཔལ་ལ་སྤྱོད་པ་རེད། ཡང་ལྟོས་ས་ལྟོས་འཇོག་གིས་བཤད་ན། ཁྱིམ་སྲིད་འཇིག་རྟེན་གཉེར་བའི་མི་རྣམས་ལ་ཡོངས་ཁྱབ་རིན་ཐང་གི་གོ་རྟོགས་སད་དེ། སོ་སོས་རིན་ཐང་དེ་རྣམས་འཐོབ་སྙེག་དང་བརྩོན་ལེན་བྱས་པའི་འབྲས་བུར། སོ་སོའི་སྲིད་གཞུང་དང་རྒྱལ་ཁབ་གང་ཡང“ངན་པ་ཤ་སྟག་མ་ཡིན་པའི་ལམ་ལུགས”(ཆུར་ཆིལ་གྱི་གསུང་།ཆུར་ཆིལ(W•L•S•Churchill,丘吉尔, 1874-1965) 1940-1945བར་དང་། 1951-1955བར་གྱི་དབྱིན་ཇིའི་སྲིད་བློན)ཏེ་དམངས་གཙོའི་ལམ་ལུགས་སུ་ཕྱིན་པ་དང་། དམངས་གཙོའི་ལམ་ལུགས་དེས་སླར་ཡང་སྤྱི་དམངས་ཀུན་གྱི་ཐོབ་ཐང་མཐའ་དག་འགན་ལེན་ཁུར་འཁྱེར་བྱེད་པ་རེད།
དེ་འདྲའི་དམངས་གཙོའི་ལམ་ལུགས་དེའི་མགོ་ཁུངས་ནི་སྤྱི་ལོ་སྔོན་གྱི་གནའ་བོའི་ཀེ་རི་སེའི་སྐབས་སུ་གཏུགས་ཀྱི་འདུག  མིའི་རིགས་ལ་མཚོན་ན་དེ་ནི་དམངས་གཙོའི་ས་བོན་ཙམ་ལས་ཡོངས་ལ་མ་ཁྱབ་པས་ན། ཡིན་ངོ་མ་ནི་མི་ལོ་ཉིས་སྟོང་ལྷག་གི་རྗེས་ཏེ། སྤྱི་ལོའི་དུས་རབས17པའི་ནང་བྱུང་བའི《ཐོབ་ཐང་ཁྲིམས་འཆར》(དབྱིན་ཇི། 1689ལོ)བཀོད་ཁྱབ་བཏང་བ་ལས་དང་། སྤྱི་ལོའི་དུས་རབས18པའི་ནང་བྱུང་བའི《རང་བཙན་གསལ་བསྒྲགས》(ཨ་རི། 1776ལོ)བཀོད་ཁྱབ་བྱུང་བ་ལས་དང་། ཡང་དུས་རབས་དེར་བྱུང་བའི《མི་བུའི་ཐོབ་ཐང་གསལ་བསྒྲགས》(ཧྥ་རན་སི། 1789ལོ)བཀོད་ཁྱབ་བྱུང་བ་སོགས་ལས་མི་བུའི་ཐོབ་ཐང་སྲུང་བའི་སྲོལ་དེའི་རྩ་བ་ཚུགས་ཤིང་ཡན་ལག་རྒྱས་ཏེ། སྤྱི་ལོའི་དུས་རབས20པར་སླེབས་པ་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི《འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས》(1948ལོའི་ཟླ12པའི་ཚེས10ཉིན)སྤེལ་པར། འདྲ་མཉམ་དང་རང་དབང་སོགས་མི་བུའི་གཞི་རྩའི་ཐོབ་ཐང་རྣམས་སྲུང་བའི“……འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས་ནི། མི་དམངས་ཡོངས་དང་རྒྱལ་ཁབ་ཡོངས་ཀྱིས་ཧུར་བརྩོན་དོན་འཁྱོལ་བྱ་རྒྱུའི་སྤྱི་མཐུན་ཚད་གཞི་ཡིན། མི་བུ་སོ་སོ་དང་སྤྱི་ཚོགས་སྒྲིག་གཞི་སོ་སོས་གསལ་བསྒྲགས་ཀྱི་དོན་རྣམས་རྟག་ཏུ་ཡིད་ལ་བཅགས་ཏེ། བསླབ་བྱ་དང་སློབ་གསོའི་ལམ་ནས་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་བྱ་བའི་རེ་བ་ཡོད་ཅིང་། རྒྱལ་ཁབ་དང་རྒྱལ་སྤྱིའི་བྱེད་ཐབས་རིམ་ཅན་དུ་སྤྱད་པ་ལ་བརྟེན་ནས། ཐོབ་ཐང་དང་རང་དབང་འདི་དག་ཚོགས་ཞུགས་རྒྱལ་ཁབ་གང་ཡིན་གྱི་མི་དམངས་དང་གང་དེའི་བདག་སྐྱོང་དོ་དམ་དུ་གནས་པའི་མི་དམངས་ཀྱི་ཁྲོད་དུ་ཡོངས་ཁྱབ་བརྩི་འཇོག་དང་རྩིས་འགྲོ་ཕྱག་བསྟར་བྱ་བའོ”ཞེས་སོགས་སྐྱེ་བོ་ཀུན་གྱི་མི་ཚེའི་འདོད་མོས་གཞི་གཅིག་ཏུ་བབས་པའི་ཡོངས་ཁྱབ་རིན་ཐང་གི་གནད་གང་མང་ཞིག་རྒྱལ་སྤྱིའི་སྒང་ལ་ཁད་དང་ཡུན་གྱིས་སྒྲོགས་སྦྱངས་བྱས་པ་ལས་དང་། ལྷག་པར་དུ། 《འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས》ཀྱི་བསམ་མི་ཁྱབ་པའི་ཐུགས་རྗེ་ལས། མི་རྣམས་ལ་ཡོངས་ཁྱབ་རིན་ཐང་གི་གོ་རྟོགས་ཡོངས་ཁྱབ་ཏུ་སད་ནི་ཡིན་གྱི་རེད། དེའི་རྐྱེན་ལས་འཛམ་གླིང་སྒང་འདིའི་སྐྱེ་བོ་གང་ཇི་སྙེད་ཅིག་དང་ཚེ་སྲོག་གང་ཇི་སྙེད་ཅིག་དབུལ་ཕོངས་ཀྱི་སྡུག་བསྔལ་དང་། འཇིགས་སྐྲག་གི་སྡུག་བསྔལ། དུས་མིན་འཆི་བའི་སྡུག་བསྔལ་བཅས་ལས་བསྐྱབས་ཡོད་པ་རྗེས་སུ་དཔགས་པས་ཤེས་ནུས།
འཛམ་གླིང་སྒང་འདིར་ད་ལྟ་ལ་ཐུག་གི་བར་དུ། རིན་ཐང་དེ་དག་བརྩི་འཇོག་དང་ཕྱག་བསྟར་གནང་མུས་ཀྱི་སྲིད་གཞུང་ནི119ཡོད་པར་བཤད་དེ། ཨ་རིའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་ཆེད་མཁས་མན་ཏེལ་པོམ་(M.Mandelbaum)གྱིས། 1900ལོར། དམངས་གཙོའི་རྒྱལ་ཁབ་ཏུ་རྩི་རུང་བ10ཙམ་ལས་མེད་ཅིང་། དུས་རབས20པའི་དུས་དཀྱིལ་དུ། དམངས་གཙོའི་རྒྱལ་ཁབ་ཀྱི་ཁ་གྲངས30ལ་འཕར་ཡོད། དེའི་རྗེས་ཀྱི་མི་ལོ25རིང་ལ་གྲངས་ཀ་དེར་འགྱུར་བ་བྱུང་མེད། འོན་ཀྱང2005ལོར་སླེབས་ཚེ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ190ལས་རྒྱལ་ཁབ119ནི་དམངས་གཙོའི་རྒྱལ་ཁབ་ཀྱི་གྲལ་དུ་ཕྱིན་ཡོད་པ་རེད། ཅེས་གསུངས་པ་ནང་བཞིན་དང་། དེར་ད་དུང2006ལོར་དམངས་གཙོའི་ལམ་ནས་རང་བཙན་བྱས་ཤིང་དམངས་གཙོའི་རྒྱལ་ཁབ་ཏུ་ཆགས་པའི་མོང་ཐེ་ནེ་ཀེ་རོ(Montenegro,རྒྱ་ནག་སྐད་དུ黑山国རུ་འབོད་པ)དང་། ད་ལོ་སྟེ2008ལོར་རང་བཙན་བྱུང་བའི་དམངས་གཙོའི་རྒྱལ་ཁབ་ཁོ་སོ་ཝ(Kosova)དང་། ཡང་ད་ལོར་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་པོས་སྣེ་ཁྲིད་དེ་དམངས་གཙོར་ཕྱིན་པའི་རང་རེའི་ཁྱིམ་མཚེས་དང་རིག་གནས་བསམ་བློ་རྒྱུད་གཅིག་པ་སྟེ་འབྲུག་རྒྱལ་ཁབ་སོགས་གྲངས་ཀ་དེའི་ནང་ལ་ཚུད་ཡོད་པ་མ་རེད། དེ་དག་བགྲངས་ཏེ་བརྩིས་ན་ད་ལྟའི་འཛམ་གླིང་སྒང་འདིར་དམངས་གཙོར་ཕྱིན་པའི་རྒྱལ་ཁབ་ནི62%ལྷག་ཡོད་འདུག དེའི་ཕྱིར། ཡོངས་ཁྱབ་རིན་ཐང་བརྩི་བའི་དམངས་གཙོའི་ལམ་ལུགས་དེ་ནི་ཕྱིར་མི་ལྡོག་པའི་ལམ་ལུགས་ཤིག་དང་། ཡོངས་ཁྱབ་རིན་ཐང་བརྩི་བའི་དམངས་གཙོའི་སྲིད་ལུགས་དེ་ནི་རྒྱུགས་ཆེ་བའི་སྲིད་ལུགས་ཤིག་ཡིན་པ་སུ་ལའང་ནམ་ལངས་ཉི་ཤར་རེད།
གང་ལྟར། གོང་དུ་སོང་བའི་ཡོངས་ཁྱབ་རིན་ཐང་སྲུང་བའི་གསལ་བསྒྲགས་དེ་དང་དེ་ལྟ་བུ་ལ་རྒྱལ་ཁབ་གང་རུང་ཞིག་གི་ཁྲིམས་ནང་བཞིན་གྱི་བཙན་ལྗིད་དང་དབང་གྲགས་མེད་ནའང་། ཐོབ་ཐང་དེ་སོགས་ནི་མི་བུ་སོ་སོར་ཀུན་ཁྱབ་ཡོངས་སྤྱོད་ཅིག་དང་རེ་དོགས་ཐོབ་ཤོར་མེད་པའི་གདོད་མ་ལྷན་སྐྱེས་ཀྱི་ཆོས་སུ་སོང་གཤིས། “མི་བུའི་ཐོབ་ཐང་ནི་རྒྱལ་ཁབ་ཀྱི་མངའ་དབང་ལས་མཐོ”(ཧ་ཝེལ་གྱི་གསུང་། ཧ་ཝེལ(Vaclav Havel,瓦茨拉夫•哈维尔,1936-)1993-2002བར་གྱི་ཅེ་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན།) བའི་ལྟ་བ་ཆགས་ཤིང་། མི་ཚེའི་གོ་རྟོགས་སད་པའི་མི་སྒེར་རྣམས་དང་གནས་ལུགས་རྒྱུ་འབྲས་བརྩི་བའི་སྲིད་གཞུང་ཀུན་གྱིས་སོ་སོའི་ཡོངས་ཁྱབ་རིན་ཐང་དེ་རྣམས་ཚེ་སྲོག་དང་ལྷན་དུ་མིག་འབྲས་བཞིན་སྲུང་བར་མ་ཟད། ཡུལ་གྲུ་གཞན་དང་གཞན་ལའང་སྒྲོགས་སྦྱངས་དང་སྐུལ་སྤེལ་བྱེད་པ་རེད། དེ་སོགས་ལས་ང་ཚོས་ཤེས་ཐུབ་པ་ནི། ཡོངས་ཁྱབ་རིན་ཐང་དེ་ད་ལྟའི་ཆ་ལ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆེས་གཞི་རྩ་དང་ཆེས་རྩ་དོན་དུ་གྱུར་པའི་རིན་ཐང་ཞིག་ཏུ་ཆགས་འདུག་པ་དེ་རེད།
ཡིན་ནའང་། འཛམ་གླིང་སྒང་འདིར་ད་ལྟའི་དུས་ནའང་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་རྣམས་སྣང་ཆུང་རྡོག་བརྫིས་དང་རྩིས་མེད་རྡོག་རོལ་གཏོང་བའི་སྲིད་གཞུང་དང་སྲིད་ཚོགས(སྲིད་དོན་ཚོགས་པ་བསྡུས་པ)ཡོད་པ་དང་། མི་རིགས་གང་རུང་ཞིག་གིས་མི་རིགས་གཞན་གང་རུང་ཞིག་གི་ས་ཁོངས་བཙན་འཛུལ་དང་མི་རྣམས་བསམ་བཞིན་སྡུག་ལ་སྦྱོར་བའང་ཡོད་པ་རེད། ཡང་ཁ་ལ་དམངས་གཙོ(མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཟེར་བ་སོགས)ཐོགས་ཏེ་དོན་ལ་རང་རིགས་མ་ཡིན་པའི་གཞན་རིགས་ཚར་གཅོད་དང་། བཏང་འཛིན། དབང་དུ་སྒྱུར་བའི་དབང་སྡེམ་སྒེར་གཅོད་ཀྱི་སྲིད་གཞུང་དང་སྲིད་ཚོགས་ཀྱང་མི་ཉུང་བ་ཞིག་འདུག ཁྱད་པར་དུ་རྒྱལ་ཁབ་ཀྱི་མངའ་དབང་ནི་མི་བུའི་ཐོབ་ཐང་ལས་ཀྱང་རྩིས་ཆེ་བར་རློམ་སྟེ། རྒྱལ་ཁབ་ཀྱི་མངའ་དབང་གི་ཕྱིར་དུ་འགྲོ་མིའི་ཡོངས་ཁྱབ་རིན་ཐང་ལ་ཅི་མི་སྙམ་ཞིང་། དེ་དག་རྩོད་མཁན་དང་སྒྲོག་མཁན་རྣམས་རེ་རེ་བཞིན་དམར་གསོད་དང་རྨེག་མེད་བཟོ་མཁན་གྱི་སྲིད་གཞུང་དང་སྲིད་ཚོགས་ཀྱང་གང་སར་མཐོང་ཐོས་འབྱུང་། བོད་རྣམས་ནི་ཏག་ཏག་དེ་འདྲའི་གཞན་དབང་གནས་བབ་ཏུ་ཡོད་ཅིང་། ཁྱིམ་སྲིད་ཀྱི་འདུ་ཤེས་སྤངས་ཏེ་ཡུན་རིང་ཕྱིན་པ་དང་། ས་ཁོངས་དང་མི་རིགས། མངའ་དབང་གི་འདུ་ཤེས་མེད་པར་མ་ཟད། རང་དབང་དང་འདྲ་མཉམ་སོགས་ཡོངས་ཁྱབ་རིན་ཐང་གི་ལྟ་ཚུལ་དེ་བས་ཀྱང་ཡོད་མ་མྱོང་ཕྱིར། དེ་འདྲའི་སྒེར་གཅོད་སྲིད་ལུགས་ཀྱི་དབང་སྒྱུར་འོག་ཚུད་དེ་དུས་རབས་ཕྱེད་ཅིག་ཕྱིན་ཡོད་པ་རེད།
སྤྱིར་བཤད་ན། འཛམ་གླིང་འདིར་ས་ཁོངས་དང་མི་རིགས་ཀྱི་ཁེ་ཕན་བརྩད་དེ་ཚེ་སྲོག་ཁྲི་སྟོང་མང་པོ་གོད་ཆག་ཏུ་ཕྱིན་པ་ཡོད་ཅིང་། ཡོངས་ཁྱབ་རིན་ཐང་བརྩད་དེ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱས་པའང་ཡོད་འདུག ཐོབ་ཐང་དང་རིན་ཐང་དེ་སོགས་བརྩོན་ལེན་བྱ་ཕྱིར། མི་རིགས་མང་པོ་ཞིག་གིས་སྔོན་ཆད་འཐབ་རྩོད་ཡུན་རིང་བྱས་མཐར་རང་དབང་གི་རྒྱལ་ས་ཟིན་པའི་རྒྱལ་ཁ་ལོན་པ་ཡོད་པ་ནང་བཞིན། ད་ལྟར་མུ་མཐུད་འཐབ་རྩོད་བྱེད་ཀྱིན་པའི་མི་རིགས་ཀྱང་གང་མང་ཡོད་པ་རེད། མི་རིགས་སོ་སོར་རང་དབང་འཐོབ་སྙེག་གི་སྲིད་ཀྱི་གོ་རྟོགས་སད་པའི་བྱུང་རབས་ཀྱི་ངོས་ནས་བལྟས་ན། བོད་རྣམས་ནི་རྟོགས་སད་ཆེས་དལ་ཞིང་ངེས་ཤེས་ཆེས་འཕྱིས་ལ་སྒབ་ཟོར་ཆེས་ལྕི་བ། ཤིན་ཏུ་རྗེས་ལ་ཕྱིན་པའི་རིགས་ཤིག་སྟེ། སྲིད་ཀྱི་གོ་རྟོགས་སད་སྔ་བའི་མི་བུའི་རིགས་དང་བསྡུར་ན། བོད་རྣམས་ནི་དབང་རྟུལ་གྱི་གླེན་ལྐུགས་ཇི་བཞིན་སོང་འདུག
དེ་ལྟ་ནའང་། ཕྱི་སྨིན་ལ་ནང་མ་སྨིན་པ་ལྟ་བུའི་མི་རིགས་སམ། ཁྱོན་ཡོངས་ནས་ནི་ད་དུང་རང་བྱུང་གི་མི་བུ་ནས་སྤྱི་ཚོགས་ཀྱི་མི་བུ་ལ་ཆགས་མེད་པའི་མི་རིགས་འདིས། དུས་རབས་ཉེར་གཅིག་པའི་དུས་མགོར་སླེབས་ཚེ་ད་གཟོད་རང་དབང་དང་འདྲ་མཉམ་སོགས་ཀྱི་ངེས་ཤེས་རྙེད་དེ་ཐོབ་ཐང་དང་མངའ་དབང་རྩོད་ཤེས་བྱུང་བ་ནི་དགའ་དགོས་ལ་སྤྲོ་འོས་པའི་གནས་ཡིན་པ་ས་བཅད་དང་པོའི་ནང་ལ་བཤད་སོང་བ་ལྟར་དང་། སྐྱོ་ཆེ་བ་ནི་ཆོས་དང་ཆོས་ལུགས་ཀྱི་རྨི་ལམ་ལྟ་བུའི་འཇིག་རྟེན་ལ་འཁྱམས་ཏེ་ད་རག་བར་གཉིད་ལས་མ་སད་པའི་ཚུལ་དང་། དེ་བས་ཀྱང་སད་འཕྱིས་པའི་དུས་སྐབས་འདིར། ཡོད་ཚད་གཏུམ་དབང་ཚད་མེད་ཆབ་སྲིད(僭主政治)ཀྱི་གཞན་དབང་དུ་གྱུར་ཅིང་། དེ་ཚོའི་སྒེར་གཅོད་གཏུམ་དྲག་དང་ཁ་གཏད་བཅག་སྟེ་མངའ་དབང་དང་ཐོབ་ཐང་རྩོད་དུས། སྣོད་བཅུད་ཚེ་སྲོག་ཁྲི་མ་འབུམ་གྱི་རིན་དོད་མི་འདོད་བཞིན་འབུལ་དགོས་འདུག་པ་འདི་ཤིན་ཏུ་རབ་ཏུ་ཆེས་ཆེར་ཡིད་སྐྱོ་བའི་གནས་རེད།
ད་ནི་འུ་ཚོས་སྔ་མ་རྣམས་ཀྱིས་ཤེས་མ་འདོད་པའི་རྒྱུན་ཤེས་གང་མང་ཞིག་ངེས་པར་དུ་ཤེས་དགོས་པའི་དུས་ལ་བབས་འདུག་སྟེ། ལོ་རྒྱུས་ཕྱིར་རྟོག་དང་། རིག་གནས་དགག་སྒྲུབ། ཆབ་སྲིད་ངེས་ཤེས། འཚོ་གནས་ཐབས་རྩལ་སོགས་ལ་བསམ་གཞིག་དང་ཤེས་རྟོགས་བྱ་བ་གལ་ཆེན་པོ་རེད། དེ་ལས་སྐབས་སུ་བབས་པ་ནི་ཆབ་སྲིད་ངེས་ཤེས་ཀྱི་ཆ་ཤས་ཤིག་སྟེ། དབང་མཐའ་རིང་ལུགས་དང་སྒེར་གཅོད་རིང་ལུགས་ཀྱི་གནས་ཚུལ་གང་རུང་ཞིག་ཤེས་དགོས་པ་དེ་རེད། སྔ་མ་རྣམས་ཀྱིས“གོང་མ”ཞེས་འབོད་པ་དང་མང་ཚོགས་ཕལ་གྱིས“གོང་མ་ཚང”ཞེས་འབོད་པ་ནི་དོན་གྱིས་གཅིག་ཆོད་སྒེར་གཅོད(独裁专制)དང་དབང་མཐའ་སྒེར་གཅོད་རེད་དེ། འདིར་གནད་སྟོན་ཕྱིར་ཅུང་ཟད་བཤད་ན།
དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཁྱད་ཆོས།
དབང་མཐའ་སྒེར་གཅོད་རིང་ལུགས་ནི་རྒྱ་ཡིག极权专制主义ཞེས་པའི་འགྱུར་ཏེ། དེ་ནི་དབང་མཐའ་རིང་ལུགས་དང་སྒེར་གཅོད་རིང་ལུགས་ཀྱི་བསྡུས་ཚིག་ཡིན། འགྱུར་གཞན་དུ་དབང་སྡེམ་རིང་ལུགས་སུའང་མཐོང་བའི་དབང་མཐའ་རིང་ལུགས་ཞེས་པ་ནི་དབང་ཆ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་མི་བུ་གཅིག་དང་ཚོགས་པ་གཅིག་གང་རུང་གིས་སྒེར་གཅོད་བྱེད་པའི་བསམ་བློ་དང་ལྟ་གྲུབ་བམ་རིང་ལུགས་དང་ལྡན་པའི་དེང་རབས་སྲིད་ལུགས་རིགས་ཤིག་རེད། སྲིད་ལུགས་གང་དེ་ལ་ནི་གཅིག་ཏུ་བསྡུས་པའི་དབང་ཆ་གང་དེས་མི་རྣམས་ཀྱི་ལུས་ངག་ཡིད་གསུམ་ཐམས་ཅད་བསྡོམས་ཤིང་སྤྱི་ཚོགས་ཧྲིལ་པོར་མ་ཁྱབ་པ་མེད་པ་ཞིག་རེད། དབང་མཐའ་རིང་ལུགས་ཀྱི་སྲིད་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར། རིག་གནས་ཀྱི་ལས་སྒོ་ཀུན་ལ་སྒེར་གཅོད་བཏང་འཛིན་བྱེད་པར་མ་ཟད། ད་དུང་མི་རྣམས་ཀྱི་བློ་གྲོས་དང་དད་པ་ལའང་བཏང་འཛིན་བྱེད་ཅིང་། དེ་ཡང་དྲག་ཤུལ་ལ་བརྟེན་ནས་བཙན་དབང་སྒྱུར་བའི་དབང་མཐར་ལྷུང་བ་ཞིག་གོ། སྒེར་གཅོད་རིང་ལུགས་ཞེས་པ་ནི་དབང་སྒྱུར་པ་རང་ཁོ་ནའི་འདོད་པ་ལྟར་བརྒྱ་ཁ་གཅིག་གཅོད་ཀྱིས་ཡོད་ཚད་ཁ་ལོ་སྒྱུར་བའི་ལྟ་གྲུབ་དབང་བཙན་པ་ཞིག་སྟེ་དེ་གཉིས་བསྡུས་པས་དབང་མཐའ་སྒེར་གཅོད་དུ་གྲུབ་བོ།། 
དེ་ལ་རྒྱ་ནག་གི་མཁས་པ་ཆེན་པོ་ཧུའུ་ཧྲིས་ཁྱད་ཆོས་ཉི་ཤུ་བགྲངས་པ་ནི།
1. རྒྱལ་ཁབ་རིང་ལུགས་ཀྱི་བློ་སྣང་གུ་དོག་པོ་གང་དེ་ཆོས་ལུགས་དད་པའི་ཚད་དུ་བསྐྱོན་པ།
2. དམག་དཔུང་བཞིན་ཚ་གཅུན་ཆེ་བའི་སྲིད་ཚོགས་ཤིག་གིས་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་པ།
3. སྲིད་གཞུང་ལ་མི་མཐུན་སྒྲོག་པའི་བསམ་འཆར་ཡོད་རྒུ་བཙན་སྡོམ་གཏན་འགོག་བྱེད་པ།
4. ཆོས་ལུགས་དད་པ་ནི་རྒྱལ་ཁབ་རིང་ལུགས་ཀྱི་དད་པ་ལས་དམན་པ་བཟོ་བ།
5. “གཙོ་འཛིན”ལྷ་རུ་བཀུར་བ་དང་། དེ་ཉིད་དད་ཡུལ་ཀུན་ལས་མཆོག་ཏུ་རློམ་པ།
6.དཔྱོད་ཤེས་དང་ཤེས་བྱ་ལ་རྒོལ་བའི་ལས་སྤེལ་བ་དང་། ཤེས་དམན་གྱི་མང་ཚོགས་ལ་ཁ་གསག་དང་མགོ་སྐོར་གཏོང་བ། ཟོལ་མེད་དྲང་གཞག་གི་བསམ་བློ་ལ་ཉེས་ཆད་དྲག་པོ་གཅོད་པ།
7.དཔེ་ཆ་མེད་བརླག་བཟོ་བ་དང་། ལོ་རྒྱུས་དང་ཚན་རིག་ལས་བྱུང་བའི་བདེན་པ་ལ་ལོག་འགྲེལ་བྱེད་པ།
8. བདེན་པ་ཁོ་ན་འཚོལ་བའི་ཚན་རིག་དང་ཤེས་རིག་རྩིས་མེད་གཏོང་བ།
9. རྩོད་གླེང་རྩད་བསྡུར་གྱི་ཚབ་དེ་ཧམ་ཤེད་བཙན་ཆོད་ཀྱིས་བྱེད་པ་དང་། སྲིད་ཚོགས་ཀྱིས་གསར་འགྱུར་ལ་བཏང་འཛིན་བྱེད་པ།
10.མི་དམངས་རྣམས་རིག་གནས་དང་བརྡ་འཕྲིན་ཐོས་མེད་ཁེར་རྐྱང་དུ་འཕུད་པ་དང་། ཕྱི་ཕྱོགས་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་མེད་པའི་རྒྱ་འདེབས་པ།
11. སྲིད་ཚོགས་ཀྱིས་སྒྱུ་རྩལ་དང་རིག་གནས་ཡོད་རྒུ་ལ་དབང་སྒྱུར་བ།
12. ཆབ་སྲིད་ཀྱི་འདུན་མོས་གཏོར་བརླག་བྱེད་ཅིང་། ཟོལ་སྦྱོར་དང་རྫུ་བཟང་གིས་མི་དམངས་མགོ་རྨོངས་པར་བྱེད་པ།
13. སྲིད་གཞུང་གིས་འཆར་གཞི་དང་བཅས་ནག་ཉེས་མངོན་བསྟར་སྦྱོར་བ།
14.མི་དམངས་སྐུལ་སློང་གིས“མི་དམངས་སྤྱི་དགྲ”རུ་བཏགས་པ་དག་ལ་མ་ཉེས་ཁག་གཡོགས་དང་མནར་གཅོད་སྡུག་པོ་གཏོང་བ།
15.དམུ་རྒོད་ཆོས་ཅན་གྱི་ལྕགས་ཐག་ལག་སྦྲེལ་ཁྲིམས་ལུགས་སླར་གསོ་བྱས་ཏེ“མི་དམངས་སྤྱི་དགྲ”རུ་བཏགས་པ་གང་གི་ཉེ་དུ་དང་བཅས་པར་ལྟ་ཕྱོགས་འཆང་བ།
16.ནམ་ཞག་རྒྱུན་གཏན་གྱི་དམག་འཁྲུག་གྲ་སྒྲིག་གིས་མི་དམངས་ཐམས་ཅད་དམག་དོན་ཅན་དུ་བཟོ་བ།
17. ཐབས་ངན་སྣ་དགུ་སྤྱད་དེ་མི་གྲངས་ཇེ་མང་དུ་གཏོང་བ།
18. ལས་བཟོ་གྲལ་རིམ་གྱིས་མ་རྩ་རིང་ལུགས་ལ་གསར་བརྗེ་བྱས་པ་གང་སར་བྱུང་རྒྱལ་དུ་སྤྱོད་པ།
19. བཟོ་པས་བཟོ་མཚམས་འཇོག་པ་དང་རྒོལ་གཏམ་གཏོང་བ་གཏན་འགོག་དང་། ངལ་རྩོལ་ལས་འགུལ་གང་ཡང་རྩ་གཏོར་གཏོང་བ།
20.བཟོ་ཞིང་ཚོང་ལས་བཅས་ལས་རིགས་ཀུན་ལ་དབང་སྒྱུར་ཚོགས་པའི་གཙོ་འཛིན་གྱིས་ཁ་ལོ་སྒྱུར་བ་བཅས་སོ།། 
ཧུའུ་ཧྲིས་ཨ་རིའི་ཆབ་སྲིད་རིག་པ་མཁན་ཞིག་གི་ལྟ་བ་ཕྱོགས་བསྡུས་ཀྱིས་དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཁྱད་ཆོས་ཉི་ཤུ་རུ་བགྲངས་འདུག་པ་འདི་ནི། 1941ལོར་ཨ་རིའི་སློབ་ཆེན་ཞིག་ཏུ་གཏམ་བཤད་གནང་སྐབས་གསུངས་པ་དང་། དུས་དེ་ཙ་ན་འཛམ་གླིང་སྒང་གི་དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཁྱད་ཆོས་རྣམས་དེ་ལྟར་དུ་ཡོད་ཚོད་རེད་ལ། ཡུལ་དུས་ཀྱི་དབང་གིས་ཁྱད་ཆོས་འགའ་རེ་འགྱུར་བ་བྱུང་བའང་ཡོད་དེ། དཔེར་ན“ཐབས་ངན་སྣ་དགུ་སྤྱད་དེ་མི་གྲངས་ཇེ་མང་དུ་གཏོང་བ”ལྟ་བུ་ཕྱི་ཕྱིར“ཐབས་ངན་སྣ་དགུ་སྤྱད་དེ་མི་གྲངས་ཚོད་འཛིན་བྱེད་པ”སྟེ་འཆར་ལྡན་བུ་སྐྱེའི་ཁྲིམས་བཟོས་ཡོད་པ་ལྟ་བུ་རེད། གང་ལྟར་སྒེར་གཅོད་སྲིད་ལུགས་གང་ལའང་ཁྱད་ཆོས་དེ་དག་ཧ་ལམ་ཚང་བ་ཞིག་ཡིན་ཚོད་དོ།།
དེ་བཞིན་དུ་དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་དབང་སྒྱུར་ཁྱད་ཆོས་དྲུག་ཏུ་བསྡུ་བའང་ཡོད་དེ།
1.མི་བུ་རེ་རེ་ངེས་པར་དུ་གུས་རྗེས་འབྲང་དགོས་པའི་དཔོན་སའི་འདུ་ཤེས་འཛིན་སྟངས་ཤིག་ཡོད་པ།
2. མང་ཚོགས་རང་བཞིན་གྱི་སྲིད་ཚོགས་གཅིག་ལས་མེད་པ།
3. སྲིད་ཚོགས་སམ་གསང་བའི་ཉེན་རྟོག་པས་འཇིགས་རུང་དབང་སྒྱུར་བྱེད་པ།
4.མང་ཚོགས་ཀྱི་གསར་འགྱུར་བརྒྱུད་ལམ་སྒེར་སྡེམ་བྱེད་པ།
5. དེང་རབས་ཀྱི་མི་བུའི་ལུས་སེམས་བཀག་སྡོམ་བྱེད་པའི་ཐབས་རྩལ་མང་བ།
6. དཔལ་འབྱོར་ཧྲིལ་པོ་དབུས་གཞུང་གིས་བཏང་འཛིན་དང་ཁ་ལོ་སྒྱུར་བ་བཅས་སོ།།
གོང་གསལ་ཁྱད་ཆོས་རྒྱས་བསྡུས་དག་ནི་འུ་ཚོར་མྱོང་བ་ཟབ་པས་འགྲེལ་བཤད་མི་དགོས་པའི་ཚོད་རེད། དབང་མཐའ་སྒེར་གཅོད་རིང་ལུགས་ལ་ཁྱད་ཆོས་དེ་ཙམ་ལས་མེད་པ་ཡིན་ནམ་ཟེར་ན། ཅི་ལ་ཡིན་ཏེ་སྒེར་གཅོད་ཆབ་སྲིད་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་རྣམས་ལ་མི་རེར་དབྱེ་བསྡུ་བྱེད་སྟངས་རེ་ཡོད་ཀྱང་སྲིད། ཁོ་ཚོས་མ་གཞི་ནས“ཕུགས་རྒྱང་རིང་པོའི་དམིགས་འབེན་ལ་དོ་སྣང་མི་བྱེད་པར་འཕྲལ་སེལ་ཙམ་ལ་དོ་སྣང་བྱེད་པ་དང་། ནད་རྟགས་བཅོས་པ་ཙམ་ལས་ན་རྐྱེན་ངོ་མ་མི་བཅོས་པ། གསར་འགྱུར་ཡག་གྲས་སྤེལ་བ་ལས་ངན་པ་མི་སྤེལ་བར་མ་ཟད། ཐ་ན་དོན་དངོས་ལ་འཁྱོག་བརྗོད་དང་རྫུན་གཏམ་ཤོད་པ། མི་དམངས་ཀྱི་ཁེ་ཕན་ཁ་ལ་ཁྱེར་ནས་སྒེར་གྱི་ཁེ་ཕན་གཉེར་བ”(འབའ་པ་ཕུན་ཚོགས་དབང་རྒྱལ་གྱི《བོད་མི་གསར་བརྗེ་པ་ཞིག》ལས་དྲངས།)དང་། ཁོ་ཚོ“ཟང་ཟིང་ལ་དགའ་བ། སླ་འཆོས་ལ་དགའ་བ། བསྟོད་བསྔགས་ལ་དགའ་བ། ཀླན་ཀ་འཚོལ་བར་དགའ་བ། རྙོག་དྲ་བཟོ་བར་དགའ་བ། གང་བྱུང་རྡུང་རྡེག་ལ་དགའ་བ་བཅས”(《ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ》ལས་དྲངས།)ཀྱི་ཕྱིར་ཁྱད་ཆོས་ཐམས་ཅད་རྣམ་གྲངས་ཅི་རིགས་སུ་བསྡུ་བ་དཀའ་མོད། ངས་འདི་ནས་འུ་ཚོའི་མྱོང་བའི་ངོས་ནས་ཁྱད་ཆོས་གཉིས་སྣོན་པ་རྒྱག་འདོད་དེ། གཅིག་ནི་སྒེར་གཅོད་དབང་སྒྱུར་པས་མི་བུ་སྒེར་གྱི་མགོ་གནོན་པ་དང་། ཅིག་ཤོས་ནི་དབང་སྒྱུར་པ་རང་རིགས་མ་ཡིན་པའི་རིགས་རྒྱུད་གཞན་དག་ཚར་གཅོད་གཏོང་བ་དེའོ།།
སྨྱུག་འཛིན་པས་མྱོང་བ་ཟབ་པ་རྒྱུ་མཚན་དུ་བྱས་ནས། དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཁྱད་ཆོས་དག་རྣམ་གྲངས་ལྔ་ལ་བསྡུས་ཏེ་འདི་ལྟར་ཡིད་ལ་འཛིན་བདེ་བར་བྱེད་ཀྱི་ཡིན་ཏེ། གཅིག་ནི་ཚོགས་གཅིག་ལུགས་གཅིག་གི་རྩ་དོན་ཅན་ཡིན་པ་དང་། གཉིས་ནི་མི་སྒེར་མགོ་གནོན་གྱི་རང་བཞིན་ཅན་ཡིན་པ། གསུམ་ནི་ངག་རྒྱ་དམངས་འཐོམས་ཀྱི་སྲིད་ཇུས་ཅན་ཡིན་པ། བཞི་ནི་དྲག་ཤུགས་དབང་སྒྱུར་གྱི་ཁྱད་ཆོས་ཅན་ཡིན་པ། ལྔ་ནི་གཞན་རིགས་ཚར་གཅོད་ཀྱི་ཧམ་པ་ཅན་ཡིན་པ་བཅས་སོ།།
དེ་ལས་དང་པོ་ནི། ཚོགས་པ་དང་ཤོག་སྡེ་གཞན་དག་སྲིད་དབང་བདག་སྐྱོང་ལ་འཇུག་པའི་གོ་ཐོབ་མི་སྟེར་ཞིང་ཚོགས་པ་གང་རུང་གཅིག་གིས་ཆབ་སྲིད་སྒེར་གཅོད་བྱེད་པ་དང་། དེས་ཀྱང་མི་བུ་སོ་སོས་གུས་བརྩི་དང་རྗེས་འབྲང་མི་བྱེད་ཐུ་མེད་ཀྱི་འདུ་ཤེས་འཛིན་སྟངས་སམ་གཞུང་ལུགས་སྣ་གཅིག་རྒྱལ་མཚན་དུ་འཕྱར་བའམ། ཚོགས་པ་དེ་ཉིད་མ་གཏོགས་ཚོགས་པ་གཞན་རྒྱ་སྡོམ་པ་དང་ལྟ་གྲུབ་གཞན་རྒྱ་སྡོམ་པ་སྟེ། ཚོགས་པ་གཅིག་དང་རིང་ལུགས་གཅིག་གིས་དབང་ཆ་ཐམས་ཅད་སྒེར་སྡེམ་བྱེད་པའི་རྩ་དོན་ཅན་ལ་ཟེར། དཔེར་ན། ཚོགས་པའི་དབང་དུ་བཏང་བས་ན་ཙི་ཚོགས་པ་དང་། ཧྥ་ཤི་སི་ཚོགས་པ་དང་། ཐུན་མོང་ཐོན་སྐྱེད་ཚོགས་པ་ལྟ་བུ་དང་། འདུ་ཤེས་འཛིན་སྟངས་སམ་ལྟ་གྲུབ་ཀྱི་དབང་དུ་བཏང་བས་ན་ཙི་རིང་ལུགས་དང་། ཧྥ་ཤི་སི་རིང་ལུགས་དང་། མར་ལེ་རིང་ལུགས་སོགས་རྩ་དོན་དུ་བྱེད་པ་སྟེ་དེ་དག་གིས་རང་དབང་རིང་ལུགས་དང་མི་སྒེར་རིང་ལུགས་སོགས་ལྟ་གྲུབ་གང་ཡང་འབུར་འཇོམས་དང་རྒྱ་སྡོམ་པ་ལྟ་བུའོ།།
གཉིས་པ་ནི། མི་བུ་སྒེར་གྱི་ཐོབ་ཐང་དང་ཁེ་དབང་རྣམས་སྣང་མེད་རྡོག་བརྫིས་བྱེད་ཅིང་། མི་བུ་རང་མཚན་པ་རྣམས་རྒྱལ་ཁབ་དང་མི་རིགས། གྲལ་རིམ་སོགས་སྤྱི་མཚན་གྱི་བྲན་ལྟ་བུ་དང་འཕྲུལ་འཁོར་ལྟ་བུར་སྤྱོད་པའི་རང་བཞིན་ཅན་ཡིན་པ་སྟེ། དེ་ལྟར་བྱེད་དོན་ནི་ཁོ་ཚོའི་སྲིད་དབང་ལ་གནོད་དོགས་པས་རེད། དཔེར་ན། ཀྲུང་ཧྭ་མི་རིགས་ཟེར་བ་དང་། འབྱོར་མེད་གྲལ་རིམ་ཟེར་བ་དང་། མི་དམངས་ཟེར་བ་དང་། ཐུན་མོང་ཟེར་བ་ལ་སོགས་ཀྱི་ཕྱིར་དུ་མི་བུའི་ཚེ་སྲོག་ཀྱང་ལུད་བཞིན་འདོར་དགོས་པར་འུད་སྒྲོག་ཅིང་། མི་བུ་སྒེར་གྱི་ཐོབ་ཐང་རྩིས་མེད་དང་རང་དབང་རྩ་བརླག་གཏོང་ངོ་།།
གསུམ་པ་ནི། མི་རྣམས་ཀྱི་བསམ་བློ་སྟོན་པ་དང་འདུ་ཤེས་བརྗོད་པའི་རང་དབང་མེད་པར་བཟོ་བ་སྟེ་ངག་རྒྱ་སྡོམ་པ་དང་། གསར་འགྱུར་དང་བརྡ་འཕྲིན། ཡིག་རིགས་སོགས་ཀྱི་ལམ་ནས་དབང་སྒྱུར་ཚོགས་པ་གང་དེའི་ཡོན་ཏན་དང་གྲུབ་འབྲས་བརྗོད་པ་མ་གཏོགས། ཕྱི་རོལ་གྱི་དངོས་ཡོད་གནས་ཚུལ་མང་ཚོགས་ཀྱིས་ཤེས་ཐབས་མེད་པའི་སྒེར་སྡེམ་དང་གཏན་འགོག་བྱེད་ཅིང་། རླུང་བརྙན་འཕྲིན་དང་ཚགས་པར་སོགས་གསར་ལམ་ཁག་ཐེ་བའི་གཏམ་བརྗོད་གླེང་ཕྱོགས་ཀུན་ཏུ་རྫུན་གཏམ་ཕྲེང་བར་བསྒྲིགས་ཏེ་མི་རྣམས་མགོ་འཐོམས་ཤིང་རྨོངས་པར་བྱེད་པའི་སྲིད་ཇུས་མངོན་བསྒྲགས་གཏོང་བ་ལ་གོ  དཔེར་ན། སྤྱི་ཚོགས་རིང་ལུགས་ཟེར་བ་དང་། ཐུན་མོང་ཐོན་སྐྱེད་རིང་ལུགས་ཟེར་བ་དང་། འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་ཟེར་བ་དང་། མིའི་རིགས་ཡོངས་རྫོགས་བཅིངས་པ་ལས་འགྲོལ་ཟེར་བ་སོགས་བསླུ་བྲིད་ཆེ་བའི་སྟོང་བསམ་དང་སྟོང་གཏམ་མང་བ་ལྟ་བུའོ།།
བཞི་པ་ནི། དབང་སྒྱུར་ཞེས་པ་སྒེར་གཅོད་པ་དང་སྒེར་གཅོད་སྲིད་གཞུང་ཁོ་ན་ལ་སྤྱོད་པ་མ་གཏོགས་དམངས་གཙོའི་ལམ་ལུགས་ལ་མི་སྤྱོད་པའི་ཐ་སྙད་ཅིག་རེད། ཁོ་ཚོའི་སྲོལ་རྒྱུན་ནི་དྲག་སྤྱོད་ལ་རྨོངས་དད་བྱེད་ཅིང་། འཐབ་རྩོད་མཚན་ཉིད་རིག་པའི་བསམ་བློས་ཁོག་བརླམས་ཏེ་གཤེད་གཏུམ་ལ་བརྟེན་ནས་བཙན་གྱིས་དབང་སྒྱུར་བ་སྟེ། མང་ཚོགས་རྣམས་ཆབ་སྲིད་ཟེར་བའི་དབང་གྲགས་ཀྱི་མངའ་འོག་ཏུ་འཇིགས་སྐྲག་གིས་འཚོ་བར་བྱེད་པ་དང་། དྲག་པོ་སྤྱོད་པས་མི་རྣམས་ཟིང་ཟིང་བཟོ་ཞིང་ཨར་ལ་གཏོད་པའི་འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁབ་འཇིགས་སྐུལ་རིང་ལུགས་ཀྱི་མཚན་གཞིར་གྱུར་པའི་ཁྱད་ཆོས་ཅན་ལ་ཟེར། སྒེར་གཅོད་དབང་སྒྱུར་པས་ར་བསད་ན་ལུག་འདར་བའི་དཔེ་ལྟར་བཟོས་པ་དཔེར་ན། ས་ཞིང་བཅོས་སྒྱུར་ལས་འགུལ་དང་། བཟོ་ཚོང་བཅོས་སྒྱུར་ལས་འགུལ། ཆོས་ལུགས་བཅོས་སྒྱུར་ལས་འགུལ། གཡས་རྒོལ་ལས་འགུལ། མཆོང་སྐྱོད་ཆེན་མོའི་ལས་འགུལ། རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་སོགས་ལས་འགུལ་རབ་དང་རིམ་པའི་ནང་ལ་དམར་གསོད་དང་། རྐྱེན་འདས། རང་ཤི་རྒྱག་པའི་མཐའ་ལ་དེད་པའི་མི་འབོར་བྱེ་བ་མང་པོ་ཡོད་པར་བཤད་པ་ལྟ་བུའོ།། 
ལྔ་པ་ནི། སྒེར་གཅོད་པས་རིགས་རྒྱུད་ཁྱད་འཕགས་སྨྲ་བ་དང་རང་ལྟ་མཆོག་འཛིན་བཅངས་ནས་དམག་དཔུང་དང་། གསང་མྱུལ། དྲག་ཆས་ཉེན་རྟོག་པའི་མཚོན་ཆ་སྤྱད་དེ་རང་མ་ཡིན་པའི་རིགས་རྒྱུད་གཞན་དག་དྲག་པོའི་ལམ་ནས་རྩ་བརླག་དང་རྨེག་མེད་བཟོ་བར་མ་ཟད། རིག་གནས་དང་། སློབ་གསོ། སྐྱེ་འགོག དབུལ་སྐྱོར། མུག་སྐྱོབ། དབྱེན་དཀྲུག་སོགས་ཞི་བའི་ལམ་ནས་ཀྱང་གཞི་མེད་རྩ་བྲལ་གཏོང་བའི་གཡོ་ཐབས་མངོན་དུ་བསྟར་བ་རེད། ཁོ་ཚོའི་དབང་སྒྱུར་གྱི་ཧམ་པ་དེར་ཚད་མེད་ཕྱིར། ཐབས་ཞི་དྲག་གཉིས་དང་། ཡུན་རིང་ཐུང་གཉིས། རྣམ་པ་མངོན་ལྐོག་གཉིས་ལས་གཞན་རིགས་རྣམས་ཁ་ཐོར་གཏོར་བཤིག་དང་ཚར་གཅོད་རྩ་སྟོངས་བཟོས་པ་དཔེར་ན། འཇར་མན་ན་ཙི་པས་ཡ་ཧུ་དཱ་པ་ཁྲི་དྲུག་བརྒྱ་སྲོག་ཐོག་བཏང་བ་དང་། འཇར་པན་ཧྥ་ཤི་སི་པས་རྒྱ་ནག་པ་ཁྲི་ཕྲག་མང་པོ་དམར་གསོད་བཏང་བ། སུའུ་ལེན་ཐུན་མོང་ཐོན་སྐྱེད་ཚོགས་པས་མི་རིགས་གཞན་དག་ཁྲི་མ་འབུམ་ལྔ་ལམ་དུ་བརྫངས་པ། རྒྱ་ནག་ཐུན་མོང་ཐོན་སྐྱེད་ཚོགས་པས་བོད་དང་བཅས་པའི(བོད་གཅིག་པུ་ཁྲི་བརྒྱ་གྲངས་བརྒལ་བ་ལོངས་སྐད)མི་རིགས་བསད་བསད་བགྲང་ལས་འདས་པ་དང་། ཐབས་ངན་སྣ་དགུས་རང་འདྲར་བསྒྱུར་པའང་གྲངས་མེད་ཡོད་པ་ལྟ་བུའོ།།
དབང་མཐའ་རིང་ལུགས་ཀྱི་ཁྱད་རྟགས་ནི་རྣམ་གྲངས་ལྔ་ལ་རྩ་བ་ནས་བསྡུ་མི་ནུས་མོད། ཁོ་བོས་གོང་གི་ཆབ་སྲིད་ཞིབ་འཇུག་པ་དག་གི་དབྱེ་བསྡུ་ལ་ཟུར་ལྟ་བྱས་པ་ལས་བསྡུ་རུང་བ་རྣམས་གཅིག་ཏུ་བསྡུས་ཏེ་རྣམ་གྲངས་གསུམ(དང་པོ་དང་གསུམ་པ། བཞི་པ་བཅས)སོར་བཞག་དང་། ཁྱད་པར་དུ་མྱོང་བ་རྒྱུ་མཚན་དུ་བྱས་ནས་དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཐུན་མོང་རང་བཞིན་ལ་གཞིགས་ཏེ། རྣམ་གྲངས་གཉིས(གཉིས་པ་དང་ལྔ་པ)སྣོན་པ་བརྒྱབ་པར་བསྡོམས་པས་རྣམ་གྲངས་ལྔ་རུ་བསྡུས་ཏེ་བསྟན་པ་ནི་ཡིད་ལ་འཛིན་བདེ་ཕྱིར་ཙམ་ཡིན། གང་ལྟར་མི་བསད་ཁྲག་སྦྱོར་ལ་འཛེམ་བག་བྲལ་ཞིང་གཤིན་རྗེ་གཤེད་མའི་སྤྲུལ་པ་བཀྱེས་པ་ལྟ་བུས་མཚོན་པའི་ཁྱད་ཆོས་དེ་རྣམས་ནི་དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཁྱད་གཤིས་སུ་སོང་འདུག་པ་དང་། ཁོ་ཚོས་དེང་རབས་སྤྱི་ཚོགས་ནས་ཀྱང་འགྲོ་མིའི་ཡོངས་ཁྱབ་རིན་ཐང་ལ་ཅི་མི་སྙམ་པར་དེ་འདྲའི་སྐྱི་གཡའ་བའི་བསམ་སྦྱོར་རྩུབ་མོ་སྤྱོད་པ་ལ་བག་མི་ཚ་བ་ནི་ཕུགས་དེད་ན་དབང་སྒྱུར་རུ་ཚོགས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་མངའ་དབང་ཟེར་བ་དག་ལས་མ་འདས།
དེའི་ཕྱིར། འགྲོ་བ་མི་རྣམས་མིང་དོན་མཚུངས་པའི་རང་དབང་དང་དམངས་གཙོའི་ལམ་དུ་སྐྱོད་འགོ་ཚུགས་ནས་མི་ལོ་བརྒྱ་ཕྲག་རེ་གཉིས་ཕྱིན་པ་དང་། དབང་མཐའ་སྒེར་གཅོད་རིང་ལུགས་པ་ན་ཙི་དང་ཧྥ་ཤི་སི་ལས་རྒྱལ་ཏེ་མི་ལོ་དྲུག་ཅུའི་ཡུན་ཟིན་པ་དང་། ལྷག་པར་དུ་འགྲོ་མིའི་ཡོངས་ཁྱབ་རིན་ཐང་བརྩི་འཇོག་དང་ཕྱག་བསྟར་བྱ་ཕྱིར《འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས》སྤེལ་ཏེ་མི་ལོ60ཕྱིན་ནའང་། ཐུན་མོང་ཐོན་སྐྱེད་སྒེར་གཅོད་པས《དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས》དང་། 《སྤྱི་དམངས་ཀྱི་ཐོབ་ཐང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས》《རིགས་རྒྱུད་མཐོང་ཆུང་གི་རྣམ་པ་ཡོད་རྒུ་སྤོང་བའི་རྒྱལ་སྤྱིའི་སྤྱི་ཆིངས》སོགས་རྒྱལ་སྤྱིའི་སྤྱི་ཆིངས་གང་མང་ལ་མིང་རྟགས་བཀོད་བཞིན་དུ། ཁ་ཏན་ཚིག་ལ་མི་གནས་པར་ཆིངས་འགལ་བརྡལ་བཤིག་བཏང་སྟེ་ལོ་རེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་རྣམས་གཡོ་སྒྱུས་ཡང་དང་ཡང་དུ་བསླུས་ཤིང་མགོ་སྐོར་ཡང་དང་ཡང་དུ་བཏང་བ་རྩིས་རྩིས་གྲངས་མེད་རེད། དེ་དང་མཚུངས་པར་དུས་རབས21པའི་དུས་མགོ་འདི་ལ། ཉམ་ཆུང་གི་བོད་རྣམས་ཀྱིས་རང་དབང་དང་འདྲ་མཉམ་སོགས་ཡོངས་ཁྱབ་རིན་ཐང་རྩོད་ལེན་བྱེད་པའི་ཞི་བའི་ལས་འགུལ་བརྩམས་པ་ན། མ་གཞི་ནས་དྲག་སྤྱོད་དབང་སྒྱུར་ལ་གོམས་པ་ཁོ་ཚོས་དམག་དཔུང་དང་ཉེན་རྟོག དྲག་ཆས་དང་མཚོན་ཆའི་དབང་སྒྱུར་འཕྲུལ་ཆས་སྤྱད་དེ། བཙན་ཚོད་མེད་རྡོ་ཐོག་ཕུར་བའི་ཚུལ་གྱིས་དམར་གསོད་དང་གཅར་རྡུང་། ཚ་གཅུན་དང་བཙོན་འཇུག་སོགས་ལུས་ཀྱིས་མྱོང་བ་ལྟ་ཞོག་རྣ་བས་ཐོས་པ་ཙམ་གྱིས་ཀྱང་ན་ཟུག་མི་བཟོད་པའི་ནག་ཉེས་གནམ་གྱིས་མི་ཁེབས་པ་བཟོས་སོང་།
བོད་མིས་ཉེ་སྔོན་བསྡོམས་རྩིས་བྱས་པ་ལྟར་ན། ཞི་བའི་གསར་བརྗེ་འདིའི་ནང་ལ་དབང་མཐའ་སྒེར་གཅོད་པས་བོད་མི་བརྒྱ་དང་ཉི་ཤུ་ལྷག་དམར་གསོད་བྱས་སོང་བ་དང་། ཆིག་སྟོང་ལྷག་གར་སོང་ཆ་མེད་དུ་གྱུར་སོང་བ། བརྒྱ་དང་དགུ་བཅུ་ལྷག་ཉེས་མེད་ཁྲིམས་ཐག་བཅད་སོང་བ། དྲུག་སྟོང་ལྔ་བརྒྱ་ལྷག་འཛིན་བཟུང་བྱས་སོང་ཡོད་ཅེས་པའི་བསྡོམས་ཚིག་གྲངས་ཀ་མཐོང་སོང་ལ། དེ་ཡི་རྗེས་སུ་དེ་ལས་མང་བའི་གྲངས་འབོར་མཐོང་སོང་སྟེ། བོད་མི219རྐྱེན་འདས་སུ་སོང་བ་དང་། 1294ལ་རྨས་སྐྱོན་ཐེབས་པ། 6705འཛིན་བཟུང་བྱས་པ། 286ལ་ཁྲིམས་བཅད་བྱས་སོང་བའི་ཚུལ་ཀྱང་མཐོང་། དེ་ཡང་རགས་རྩིས་བྱས་པ་ཙམ་ལས་གྲངས་ཀ་ངེས་གཙིགས་ཡིན་མིན་བཤད་དཀའ་རྒྱུ་རེད་སྙམ། དེ་ནི་བོད་མི953འཛིན་བཟུང་བྱས་ལ། 76ལ་ཉེས་ཆད་བཅད་ཟེར་བའི་དབང་མཐའ་སྒེར་གཅོད་པའི་ཉེ་སྔོན་གྱི་གྲངས་ཀ་དང་ཧེ་བག་ཆེན་པོ་འདུག་ལ། གྲངས་ཀའི་ཧེ་བག་དེ་ད་ཐེངས་ཙམ་མ་ཡིན་པར་སྔོན་མ་ནས་ཡོད་པའི་ཧེ་བག་དང་མཚུངས་ཏེ། བོད་མིས་བཤད་ན། དེ་སྔར་དབང་མཐའ་སྒེར་གཅོད་པས་བོད་མི་དམར་གསོད་དང་། བཙོན་འཇུག ཁྲིམས་བཅད། གར་སོང་ཆ་མེད་བཟོས་པའི་གྲངས་ཀ་ས་ཡ་གཅིག་དང་ཉིས་འབུམ་ལྷག་ཡོད་པར་བཤད་པ་དང་། སྒེར་གཅོད་དཔོན་ཕྱོགས་ཀྱི་གསང་བའི་ཡིག་ཆ་ལྟར་ན། བོད་མི་བསད་གྲངས་ཆིག་འབུམ་མ་ལོངས་ཙམ་ཡོད་ཅེས་རྒྱ་མི་མཁས་པ་ལ་ལས་རྩོམ་ལ་བཀོད་པ་མཐོང་དུ་ཡོད་པ་ལྟ་བུ་རེད། སྔོན་དང་ད་ལྟའི་གྲངས་ཀའི་ཧེ་བག་དེ་ཁོ་བོ་ལྟ་བུས་སུ་བདེན་སུ་རྫུན་བཤད་དཀའ་ནའང་། སྔོན་ཆད“མི་འབུམ་ཕྲག་མང་པོ་རྐྱེན་ལམ་དུ་ཤོར་ནས། བཙོན་པའི་ཕུང་པོ་སྦས་མི་ཚར་བའི་གནས་ཚུལ་ཐོན”(《ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ》ལས་དྲངས།)ཅེས་དང་། “ཅུང་ཚབས་ཆེ་བའི་ས་གནས་ཀྱི་མི་སེར་ལ་གཅིག་བལྟས་ན། བུད་མེད་དང་རྒན་བྱིས་ཙམ་ལས་ལྷག་མེད་པ་གསལ་བོར་མཐོང་ཐུབ”(《ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ》ལས་དྲངས།)ཅེས་དང་། ཡང“རགས་རྩིས་བྱས་ན་སྐྱ་མོ་དམར་མོ་ནས་སྐབས་དེར་བོད་མི་ཁྲི་གཉིས་ལྷག་བསད་ཡོད་པ་འདྲ། ཀྱེ་ཕུར་ནས་གསོན་པོར་རྨ་ཆུར་ལྕེབས་པ་གྲངས་མ་ཟིན། གང་ལྟར་སྤྱི་སྡོམ་ཁྲི་ཁ་ཤས་མེད་པར་སོང་ཡོད་པ་ཐག་གིས་ཆོད” (བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ》ལས་དྲངས།)ཅེས་པ་སོགས་ལ་བལྟས་ན། བོད་མིས་བཤད་པའི་རགས་རྩིས་ཀྱི་གྲངས་ཀ་དེ་ལོས་གཙིགས་སྙམ་སྟེ་མ་མཐར་ཉེ་གྲངས་ཡིན་རྒྱུ་རེད། གང་ཡང་མི་བསད་ཁྲག་སྦྱོར་གྱི་འཁོར་ལོ་བསྐོར་ཏེ་བོད་ཡུལ་གཤིན་རྗེའི་བཤས་ར་ལྟ་བུ་དང་། བདུད་ཀྱི་བཙོན་ར་ལྟ་བུ། དམྱལ་བའི་ཁྲིམས་ར་ལྟ་བུ། འཇིགས་སྐུལ་འཐབ་ར་ལྟ་བུར་བསྒྱུར་ཡོད་པ་ནི་ས་ལ་གསང་ན་གནམ་ལ་མི་གསོངས་པ་ཆགས་ཡོད་པ་རེད། དེས་ན། འདིར་རེ་རེ་བཞིན་བཤད་ན།
བོད་ཡུལ་གཤིན་རྗེའི་བཤས་རར་བསྒྱུར་ཚུལ་ནི།ཁོ་ཚོས་ད་ཐེངས་ཀྱང་སྔར་སྲོལ་བཞིན་གཡོ་ཐབས་སྤྱད་དེ་ཤེས་དམན་གྱི་མང་ཚོགས་རྨོངས་འཐོམས་བཟོས་པ་གྲུབ་རྗེས་དང་། རྒྱལ་སྤྱིའི་གསར་འགོད་པ་རྣམས་སོ་སོའི་གནས་སུ་བསྐྲད་དེ་འཛམ་གླིང་ཧྲིལ་པོའི་མཐོང་ཐོས་བསྒྲིབས་རྗེས་སུ། ཞི་བའི་གསར་བརྗེ་དེ་ཉིད་ལ་ཐོག་མ་ཉིད་ནས“རྡུང་གཅོག་འཕྲོག་སྲེག”ཟེར་བའི་དཀར་ས་ནག་འདེད་ཀྱི་ཉེས་མིང་བཏགས་ནས་དྲག་གནོན་གཏུམ་སྤྱོད་ལ་ཁ་གཡར་ས་དང་ཁག་དཀྲི་ས་བྱས་ཏེ། གསོད་གཏུབ་འཇོམས་གསུམ་དང་རྡུང་འཚིར་གནོན་གསུམ་གྱི་སྡིག་སྤྱོད་ལས་སྒོ་རྒྱ་ཆེར་ཕྱེ། གསུམ་བཅུའི་དུས་དྲན་ནས་བརྩམས་པའི་ཞི་བའི་གསར་བརྗེ་འདི་བོད་ཡུལ་ཡོངས་སུ་མེ་ཏོག་ལྟར་གཅིག་རྗེས་གཉིས་མཐུད་དུ་བཞད་དེ། སོ་སོས་དད་མོས་དང་རང་དབང་གི་ཕྱིར་དུ་སྐད་རྒྱག་མཁན་དང་། དར་འཕྱར་མཁན། ཁྲོམ་སྐོར་དུ་བཞུད་མཁན་ལས། སྙིང་སྟོབས་བལྟས་པས་མཐོང་རྒྱུ་ཡོད་པ་དང་མྱངས་པས་རེག་རྒྱུ་ཡོད་པའི་དཔའ་བོ་དང་དཔའ་མོ་སྟག་གི་ཆོས་ཅན་རྣམས། རྡུལ་བཞིན་དཀྲིགས་པའི་གཤེད་མའི་དཔུང་ཚོགས་ཀྱི་མེ་མདའ་རིང་ཐུང་ཇི་སྙེད་ཀྱིས་ཉེས་མེད་རི་དྭགས་གསོད་གསོད་དང་། གཡག་ལུག་ར་ཕག་བཤའ་བཤའ། སྲན་མའི་ཕུང་པོ་གཏོར་གཏོར་གྱིས་གོ་མཚོན་ཁབ་ཙམ་མེད་པའི་མི་སེར་རྣམས་དམར་པོ་ཁྲག་ལ་བསྒྲེས་ཤིང་། གྲྭ་རྒན་བན་དེ་ཟེར་ཞིང་ཨ་ལན་མེད་པ་དང་། བུ་ཆུང་ཕ་མ་ཟེར་ཞིང་བོས་ལན་མེད་པ། ཕ་མས་བུ་ཕྲུག་ཟེར་ཞིང་བརྡ་ལན་མེད་པར་བཟོས་པ་ན། ཤུལ་གྱི་མི་རྣམས་བྲང་ཁོང་ཚལ་བར་གཤགས་ཀྱང་ཚ་སྣང་མེད་པའི་ཧད་ཧད་དང་། འཇིག་རྟེན་སྐད་ཅིག་འཇིག་ཀྱང་མཚར་སྣང་མེད་པའི་ཉབ་ཉོབ། དོན་སྙིང་རྗེན་པར་བཀོག་ཀྱང་གཟིར་སྣང་མེད་པའི་ཡད་ཡུད་དུ་སོང་ལ། ཁོ་ཚོས་བེམ་པོ་རྣམས་ཁྱི་རོ་བཞིན་སྟོར། ལུག་རོ་བཞིན་དྲུད། འབུ་རོ་བཞིན་ཐེད་ལ་བོར་བ་ལས། མི་ལུས་རིན་ཆེན་ཟེར་ཡང་རྫུན་གཏམ་ཉིད་དུ་བྱས།མི་ཡུལ་གསང་ལྐོག་གི་འཇིག་རྟེན། ངོ་མཚར་བྱེ་བའི་བསྡུས་གཟུགས། ཆེས་མཐའ་མཇུག་གི་གཙང་སར་འབོད་པའི་བོད་ཡུལ་འདི་དུས་རབས་ཉེར་གཅིག་པའི་གཤིན་རྗེའི་བཤས་རར་བསྒྱུར་པ་ན། འཇིག་རྟེན་མི་བུའི་གྲོགས་དན་ར་མདའ་ལྟ་ཞོག བོད་མི་རང་གིས་བསྟེན་པའི་ཆོས་སྐྱོང་དང་སྲུང་མ། ཡུལ་ལྷ་དང་གཞི་བདག དཔའ་བོ་དང་མཁའ་འགྲོ་ཀུན་གྱིས་ཀྱང་ཆག་ཆེ་ཉམ་ང་བཟློག་པའི་འཕྲིན་ལས་མི་མཛད་པ་ལ་ཁོ་བོ་ནང་བཞིན་གྱི་མི་བུ་དུ་གྲངས་ཀྱིས་དོགས་སློང་དགག་སྒྲུབ་བྱས་ཡོད་དམ། བཤད་ཚུལ་ཙམ་གྱི་གཤིན་རྗེའི་བཤས་ར་ཟེར་བའང་བོད་ཁམས་ཧྲིལ་པོའི་རྒྱ་ཁྱོན་ལས་ཆེ་བ་ག་ལ་ཡོད། མ་ཤི་མ་འདས་པར་གསོན་བཞིན་འཚོ་བཞིན་གཤིན་རྗེའི་བཤས་ར་མངོན་སུམ་མྱོང་དགོས་བྱུང་བ་འདི་ནི་ལས་དབང་ཞེས་པའི་བོད་མིའི་ཐབས་ཟད་འུ་ཐུག་གི་ཚིག་གིས་མ་གཏོགས་ཅི་ལྟར་འགྲེལ། དཀར་པོའི་ཉིན་ལ་ཆོ་ངེ་མེད། ནག་པོའི་མཚན་ལ་འོ་དོད་མེད། ཡོད་པ་ཉག་གཅིག་ནི་འདས་པོའི་ཉེ་མི་དག་གི་ཅི་བྱ་གཏོལ་བྲལ་གྱིས་སྐྱབས་འཇུག་ཞུ་བ་ཁོ་ན་རེད།
དེ་ནི་མི་ལོ་ལྔ་བཅུའི་སྔོན་ལ་མདོ་དབུས་ཁམས་གསུམ་དུ་དམར་གསོད་ཀྱི་འཁོར་ལོ་བསྐོར་པ་དང་ཅི་ཁྱད་དེ། ང་ཚོས་གཤམ་གྱི་བྱེ་བྲག་ཟིན་ཐོ་འདི་དག་གི་ཟུར་ལས་ཀྱང་སྔོན་ཆད་བོད་ཡུལ་གཤིན་རྗེའི་བཤས་རར་བསྒྱུར་ཚུལ་རྟོགས་ནུས་ཏེ། འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་མི་ཚེའི་ལོ་རྒྱུས《བོད་མི་གསར་བརྗེ་པ་ཞིག》ལས། “ང་བཙོན་འཇུག་བྱས་པ་མ་ཟད། ད་དུང་ངའི་གནད་དོན་ལ་འབྲེལ་ཡོད་ཀྱི་མིའི་ནང་ངའི་གཅུང་པོ་ཐུབ་བསྟན་དབང་ཕྱུག་ལོ་བཅུ་བཞིར་བཙོན་འཇུག་བྱས་པ་དང་། ངའི་བཟའ་ཟླ་མཛེས་ལེགས་ལགས་ལའང་གནོད་འཚེ་བཏང་སྟེ་བཀྲོངས་པ་དང་ཕྲུ་གུ་ཚོ་ཡང་བཙོན་འཇུག་དང་བཙན་ཤེད་ཀྱིས་ངལ་རྩོལ་སྒྱུར་བཀོད་ལོ་མང་བྱེད་དུ་བཅུག(བུ་རྒན་པ་ཕུན་ཁམས་ལོ་དྲུག་ལ་བཙོན་འཇུག་བྱས)དེར་བརྟེན་ངེད་ཀྱི་ཕ་དྲིན་ཆེན་སྒོ་ར་ནང་པ་ཨ་ཤེས་ཁོང་སྐྱོ་སྡང་མཉམ་སྡེབ་ཀྱིས་མནར་མཐར་ཡ་ང་བའི་ངང་གྲོངས་པ་དང་སྤུན་མཆེད་ཉེ་དུ་བཅུ་ཕྲག་ཁ་ཤས་ཀྱང་དོན་དེ་དང་འབྲེལ་བའི་དབང་གིས་བཙོན་འཇུག་བྱས་འདུག ངེད་ཀྱི་འཐབ་གྲོགས་བློ་མཐུན་སྟོབས་ལྡན་སོགས་ལའང་གནོད་འཚེ་བཏང་ནས་སྐུ་བཀྲོངས་པ་དང་བློ་མཐུན་ངག་དབང་སྐལ་བཟང་བཙོན་འཇུག་དང་བཙན་ཤེད་ཀྱིས་ངལ་རྩོལ་སྒྱུར་བཀོད་ལོ་ངོ་བཅུ་དྲུག་རིང་བྱས་པ་རེད།”ཅེས་དང་། བྱ་མདོ་རིན་བཟང་གི་མུ་འབྲེལ་ཟིན་ཐོ《ངའི་ཕ་ཡུལ་དང་གཟབ་ཉན》ལས་ཨ་ཁུ་ཡར་འཕེལ་གྱིས། “……ང་བཙོན་ནས་ཐོན་དུས་ངའི་སྤུན་ཆེ་བ་ཀླུ་འབུམ་ཕྱུག དེའི་ཆུང་བ་སྟག་ལྷ། དེའི་ཆུང་བ་སངས་རྒྱས་སྐྱབས། སྲིང་མོ་འབྲུག་སྐྱིད། རྒྱ་མོ་སྐྱིད་འདི་ཚོ་ཚང་མ་ཀོས་ནན་ཞན(རྫོང)ལོ་ཀེ(ངལ་རྩོལ་སྒྱུར་བཀོད)ནང་ནས་ཤི་སོང་ཟིག སྤུན་དགེ་བྷ་ཟེར་ནི་ཞིག་ཡོད་པ་དེ་ཀྱེ་ཕུར་ནས་བོན་སྐོར་སོགས་སྡེབ་གསོད་བྱེད་དུས་བསད་དང་ནི་རེད། ད་ཤུལ་ན་ཨ་མ་དང་སྲིང་མོ་ལྷ་མོ་ཐར་གཉིས་ཀ་མ་གཏོགས་མེད་ཀི”ཞེས་པ་དག་ལ་གཞིགས་ན་མང་པོ་བཤད་དགོས་མི་འདུག་སྟེ། བྱེ་བྲག་གཅིག་གིས་ཁྱོན་ཡོངས་གཞལ་ནུས་པ་ལྟར། དེ་ལྟ་བུའི་དུད་ཁྱིམ་ཁྲི་སྟོང་མང་པོས་གཤིན་རྗེའི་བཤས་རའི་སྡུག་བསྔལ་མངོན་སུམ་མྱངས་ཡོད་པ་དེ་བཞིན་ནོ།།
བོད་ཡུལ་བདུད་ཀྱི་བཙོན་རར་བསྒྱུར་ཚུལ་ནི། མི་འབོར་སྟོང་ཕྲག་མང་པོ་ཟོག་ལུག་བཞིན་བཙོན་ལ་བསྡུས་པ་སྟེ། ཉེས་མེད་ཀྱི་མི་རྣམས་རྩྭ་འབྲེག་འབྲེག་དང་ཤོག་སྒྲིལ་སྒྲིལ། པགས་པ་མཉེད་མཉེད་ཀྱིས་ཁྲི་མུན་བཙོན་ལ་མདའ་གསེབ་གསེབ་ཏུ་བརྫངས་ཤིང་། ལག་སྒྲོག་དང་རྐང་སྒྲོག་རྫོགས་པ་ན་རྣོ་སྐུད་དང་ལྕགས་སྐུད་ཀྱིས་ཚབ་བྱས་ཏེ་བསྒགས། རྐང་གི་ལྷམ་འབོབ་ཕྲོགས། སྐེད་ཀྱི་སྐ་རགས་ཕྲོགས། རས་ལྷབ་ནག་པོས་མཐོང་བ་བསྒྲིབས་རྗེས། ཤིང་དབྱུག་དང་ལྕགས་དབྱུག གློག་དང་འཕྲུལ་གྱི་ཁྲིམས་ཆས་སྤྱད་དེ་དམྱལ་བ་མནར་མེད་མ་གཏོགས་དེ་འདྲའི་སྡུག་བསྔལ་ཡོད་མི་སྲིད་པའི་ཚད་དུ་སྦྱོར་ཞིང་། ཀན་རྐྱལ་དུ་ནམ་ལངས་པ་ལྟ་བུ་དང་ཁ་སྦུབ་ཏུ་ས་རུབ་པ་ལྟ་བུའི་རྡུང་རྡེག་ནི་ཅི་ཡང་མ་ཡིན་ཏེ། རྒྱུད་ཕྱི་མ་སྐྱེད་མཁན་གྱི་གྲོང་པ་དག་གི་འདོམས་ལ་གཟས་ནས་བསྣུན་ཅིང་། རྒྱུད་ཕྱི་མ་མི་སྐྱེད་པའི་གྲྭ་པ་དག་གི་སྲོག་ལ་གཟས་ནས་བསྣུན་པའི་ཞེ་གནག་ཁོག་བཅངས་ཆེ་བར་མ་ཟད། “……མེ་མདའ་འདི་ཁྱོད་ཚོ་བོད་པ་ཚོ་གསོད་པར་ཆེད་དུ་བཟོས་པ་རེད། ཁྱོད་གོམ་པ་གང་བྲོས་ན་ངས་མེ་མདའ་བརྒྱབ་ནས་གསོད་ངེས་ཡིན། ད་བསད་པའི་རྗེས་སུ་རོ་གད་སྙིགས་ཁྲོད་དུ་གཡུག་རྒྱུ་ཡིན།……”(བླ་བྲང་གྲྭ་པ་འཇིགས་མེད་ཀྱི་སྐད་ཆ་སྟེ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་དྲ་བ་ལས་དྲངས།)ཟེར་ཞིང་གཤིན་རྗེའི་ལས་མཁན་གྱི་འཇིགས་སྐུལ་ཁྲག་སྐྱུག་རྣག་སྐྱུག་བྱེད། མགོ་དང་སུག་པའི་གོ་ལྡོག་སྟེ་གནམ་ལ་དཔྱངས་ཤིང་ཐོད་དང་དཔྲལ་བར་རྐང་པས་བཅགས་ཏེ་རྩིས་ཐང་འཇོམས་ཚུལ་ནི་ཧྥ་ཤི་སི་དང་ན་ཙིའི་ནག་ཉེས་བརྗོད་པའི་གློག་བརྙན་ལས་མ་གཏོགས་མཐོང་དུ་མེད། བཙོན་ཁང་དུ“རྒྱ་མིའི་བཙོན་མ་ཚོས་ཡི་གེ་འབྲི་སྦྱོང་བྱས་ཆོག་ཅིང་། བོད་པ་ཚོས་དེ་ལྟར་བྱེད་མི་ཆོག”(འཇམ་དབྱངས་སྐྱིད་ཀྱི《མནར་གཅོད་ཀྱི་གོ་རིམ་ཞིག》ལས་དྲངས།)ལ།“བོད་པ་ཕན་ཚུན་བར་རྒྱ་སྐད་ལས་བོད་སྐད་ལབ་ཆོག་གི་མེད་པ་རེད་ལ……རང་སྐད་རང་གིས་ལབ་མི་ཆོག་པ་དང་། རང་རིགས་རང་གིས་གླེང་མི་ཆོག་པ”(འཇམ་དབྱངས་སྐྱིད་ཀྱི《མནར་གཅོད་ཀྱི་གོ་རིམ་ཞིག》ལས་དྲངས།) ལྟ་ཞོག ཉིན་མཚན་བསྟུད་མར་གཉིད་ཀྱི་གོ་སྐབས་ཕྲོགས་པའི་འདྲི་གཅོད་ཀྱིས་བློ་ཡི་དཔའ་སྤོབས་ཐོར་ཞིག་བཟོ་བས་ན། ལུས་ཀྱི་རྡུང་རྡེག་བྲབས་གསུམ་ནི་དེ་ཡི་ཁྲི་ཆར་ཡང་མི་དོ་བར་བཤད་ཅིང་། “ཆེས་བཟོད་པར་དཀའ་བའི་སྡུག་བསྔལ་ནི་ལུས་པོར་མནར་གཅོད་བཏང་བ་དེ་མ་ཡིན་པར་འདུ་ཤེས་ཀྱི་སྟེང་ལ་བཙན་འཛུལ་བྱས་པ་དེ་རེད”(ཐེའུ་རང་གི《ཁྲག་ཡིག》ལས་དྲངས། )ཅེས་དང་། ཐ་ན། “ཉིན་ཞིག་འདྲི་གཅོད་བྱེད་སྒང་ལ། སེམས་སུ་གློ་བུར་དུ་འདི་ལྟར་བྱེད་པ་ལས་མདེའུ་གཅིག་གིས་བརྒྱབ་སྟེ་བསད་ན་དགའ། ཁྱིམ་མི་དང་སྤུན་ཟླས་སེམས་སྡུག་བྱེད་སྲིད་ཀྱང་། ང་ལ་མཚོན་ན་ཚ་ཁོལ་ན་ཁོལ་ལན་གཅིག་རེད” (འཇམ་དབྱངས་སྐྱིད་ཀྱི《མནར་གཅོད་ཀྱི་གོ་རིམ་ཞིག》ལས་དྲངས།) ཅེས་གསོན་པ་ལས་ཤི་བ་དགའ་བར་སྙམ་པའི་དཀའ་སྡུག་ཏུ་སྦྱོར་ཞིང་། ཏག་ཏག་བློ་ཡུལ་ལས་འགོངས་པའི་མནར་གཅོད་ཀྱིས་བཙན་པོའི་སྙིང་སྟོབས་མི་ཟད་པའི་དཔའ་བོ་རྣམས་དབང་ཉམས་ཞ་ཆག་བཟོས་ཤིང་མང་པོ་མང་པོ་ཞིག་གི་ཚེ་ཡི་འཕེན་པའང་རྫོགས་པར་བྱས།ཡོད་ཚད་ཡི་དྭགས་ལྟ་བུར་བྱེད་འདོད་ཀྱི་ཟས་སྐོམ་བཅད་པའི་མནར་གཅོད་དེས་མི་རྣམས་ཤི་གསོན་གཉིས་ཀྱི་སྣེ་མཐར་དེད་ཅིང་། ལྟོགས་པས་མི་སྐྱོན་ཏེ་སྐོམ་པའི་གདུང་བ་མ་བཟོད་པ་ན“མི་དྲུག་ཅུ་ལྷག་གི་གཅིན་དེ་འཐུང་མཁན་ཡང་བྱུང་སོང་།”(《བཙན་པོའི་སྙིང་སྟོབས》དེབ་དང་པོ་ལས་དྲངས།)
ལྟོགས་སྐོམ་གྱིས་རྨེག་མེད་བཟོ་འདོད་ཀྱི་བརྩེ་བྲལ་མནར་གཅོད་བྱེད་སྟངས་དེ་ཡང་སྔོན་གྱི་དུས་དང་ཁྱད་པར་མེད་དེ། མི་བུ་གྲངས་མེད་ལྟོགས་ཤི་ཐེབས་པ་ལྟ་ཞོག འཇིག་རྟེན་མི་ཡུལ་དུ་གསོན་པའི“མི་རྣམས་ལ་བཀྲེས་ཤིང་ལྟོགས་པའི་སྡུག་བསྔལ་གྱི་མེ་ལྕེ་འབར་སྟབས། སྔོན་ཆད་ང་ཚོའི་བོད་ཁུལ་དུ་རྟ་བོང་དང་འབྲི་གཡག བ་གླང་སོགས་ལ་སྤྲད་བྱའི་འབའ་ཆ(སྣུམ་རིགས་བཙག་འཕྲོས་ཀྱི་སྙིགས་རོ།——བསྒྱུར་མཆན།)དང་ཕུག་མ(སྤུན་པའམ་སྦུན་པ་སྟེ། འབྲུ་རིགས་ཀྱི་ཕྱི་ཤུན།——བསྒྱུར་མཆན།)སོགས་ཀྱང་ཐོབ་དཀའ་ཞིང་བྲོ་བཅུད་ལྡན་པའི་བཟའ་ཆས་སུ་གྱུར་འདུག དེ་ཡང་ཟ་ཁང་གི་འགན་ཁུར་བས་མཐོང་སྣང་དུ་ཟ་མ་མང་ཙམ་ཡོང་བ་དང་། ཉིན་གཅིག་གི་བཀྲེས་ལྟོགས་ཀྱི་སྡུག་བསྔལ་སེལ་ཆེད། ཟ་རུང་བའི་རྩྭའི་རིགས་སྨོས་མེད་ཁར། ཟ་མི་རུང་བའི་ཤིང་ཤུན་དང་ཤིང་ལོ། རྩྭའི་རྩ་བ་དང་རྩྭ་འབྲས་སོགས་མང་ཙམ་བཀོག་སྟེ་ལས་སྣོན་བྱས་རྗེས་འབྲུ་རིགས་ཉུང་ངུ་དེ་བསྲེས་ནས་ཕག་ལྟོ་ནང་བཞིན་སླ་ཆོབ་ཆོབ་བཟོས་ཏེ་མི་རྣམས་ལ་ཟ་རུ་འཇུག་གི་ཡོད་ཅིང་། ཐ་ན་འདི་ལ་ཡང་ཚོད་འཛིན་བྱས་ཏེ་གྲོད་ཁོག་རྒྱགས་ཐག་ཆོད་ཅིག་ཟ་རྒྱུ་ཡོད་པ་མ་རེད།” (《ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ》ལས་དྲངས། )དེ་ལྟར་བཟོད་དཀའི་བཀྲེས་སྐོམ་གྱི་མནར་གཅོད་ཚད་མེད་བྱས་མཐར་བཙོན་དུ་ཡོད་པ་རྣམས་ལ“རྔ་མ་སྐྱེས” (ཚེ་རིང་དོན་གྲུབ་ཀྱི《རླུང་དམར་འུར་འུར》ལས་ཀྱི་ཚིག)ཤིང་། དེ་ལས་ཀྱང་ཡ་ང་བའི་གནས་ཚུལ་བྱུང་མྱོང་བ་དཔེར་ན། “ལྔ་བཅུ་ང་བརྒྱད་ལོའི་མུ་གེའི་སྐབས་སུ་ཁོང་ནི་ཞྭ་གོན་ཡིན་ལ། རྒྱུན་དུ་རོ་འཁུར་དུ་འགྲོ་དགོས་ཟེར། ཉིན་ཞིག་ཁོང་གི་གྲོགས་པོ་མུ་གེ་ཡིས་འཆི་ལ་ཉེ་བ་ཞིག་གིས་ཁྱོད་རོ་འཕེན་དུ་འགྲོ་ན་ང་ལ་མི་ཤ་ཞིག་ཁྱེར་ཤོག་ཟེར། ཐེངས་གཅིག་གཉིས་ལ་སོང་ཡང་མི་ཤ་ཁྱེར་ཡོང་རྒྱུ་མ་རྙེད། ཤི་བོ་དེ་ཚོ་ཡང་མུ་གེས་ཤི་བ་ཡིན་པས་ལུས་སྟེང་དུ་སྐྱི་ལྤགས་ལས་ཤ་ཅུང་ཙམ་ཡང་མི་འདུག ཉིན་ཞིག་ཤ་ཅུང་ཙམ་ཡོད་པའི་ཤི་བོ་ཞིག་དང་ཕྲད་པས་ངས་ཁོ་ལ་མི་ཤ་ཅུང་ཙམ་ཁྱེར་ནས་འོངས་ཏེ་བྱིན། ཕྱི་ཉིན་མི་དེས་ཁོང་ལ་ཁ་སང་གི་ཤ་དེ་ལྕང་མ་དུམ་བུ་ཞིག་དང་ལྷན་དུ་གདུ་རུ་བཅུག་རྗེས་ཁུ་བ་འཐུང་བས་མདང་དགོང་ང་ལ་གཉིད་སྐྱིད་པོ་བུད་ཡོང”(《བཙན་པོའི་སྙིང་སྟོབས》དེབ་དང་པོ་ལས་དྲངས།)ཞེས་པ་ལྟར་དང་། “བཙོན་མ་ལ་ལ་བཀྲེས་ལྟོགས་ཀྱིས་མ་བཟོད་པར་མི་རོའི་ཐོག་ནས་ཤ་ཁྱེར་ཡོང་སྟེ་ཟ་ཡི་འདུག”(བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ》ལས་དྲངས།) ཅེས་པ་ལྟར་གྱི་ཟས་སྐོམ་བཅད་པས་མི་རོ་མི་ཁྲག་ཟ་བའང་མི་འཛེམ་པའི་ཚད་དུ་བསྐྱལ་པའི་ལོ་ཟླར་སླར་ཡང་ཕྱིན་པ་དང་ཁྱད་ཅི་ཡོད། འདས་སོང་བོད་མིའི་ལོ་རྒྱུས་སུ། མི་གཅིན་འཐུངས་ཤིང་མི་ཤ་ཟོས་པའི་ལོ་རྒྱུས་ཡོད་པ་ལྟ་ཞོག ཐ་ན་ལྟོགས་སྐོམ་གྱིས་ཤི་བའི་ཚུལ་ཀྱང་མཐོང་ཐོས་མེད་མོད། དེང་རབས་ལོ་རྒྱུས་སུ་དེ་ལྟའི་ཧ་ལས་ཤིང་ཡ་ང་བའི་བྱུང་བ་ཡོད་པ་ནི། ཏག་ཏག“མི་དམངས་ལ་ཞབས་འདེགས་ཞུ”ཟེར་མཁན་ཚོས་བཞག་པའི“བྱས་རྗེས”རེད།
བོད་ཡུལ་དམྱལ་བའི་ཁྲིམས་རར་བསྒྱུར་ཚུལ་ནི།དབང་མཐའ་སྒེར་གཅོད་པས་ད་ལྟ་ལ་ཐུག་གི་བར་དུ། བོད་མི་སྙན་གྲགས་ཅན་དང་། ཤེས་རྒྱ་ཅན། འཇོན་ནུས་ཅན། སྙིང་སྟོབས་ཅན། དཔའ་ངར་ཅན། མིག་རྒྱང་ཅན་སོགས་མ་ཉེས་ཁག་གཡོགས་ཀྱིས་སྐོར་དང་སྐོར་བྱས་ནས་ཁྲིམས་ཐག་བཅད་དེ་རང་དབང་ཕྲོགས་པ་དཔེར་ན་པཎ་ཆེན་སྐུ་ཕྲེང་བཅུ་པས། “བོད་ལྗོངས་རང་སྟེང་ལ་ཆ་བཞག་ན། དེ་ནི་རྙིང་པ་ནས་གསར་པ་དང་། མུན་ནག་ནས་འོད་སྟོང་ལྡན་པ། སྡུག་བསྔལ་ནས་བདེ་སྐྱིད། བཤུ་གཞོག་ནས་འདྲ་མཉམ། དབུལ་ཕོངས་ནས་དར་རྒྱས་སུ་བསྐྱོད་པའི་འགྱུར་མཚམས་ཤིག་དང་། ལོ་རྒྱུས་ཐོག་གཟི་འོད་འཕྲོ་བའི་དུས་རབས་གསར་པ་ཞིག་འགོ་ཚུགས་པ་རེད།” (《ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ》ལས་དྲངས།) ཅེས་སོགས་དཔང་བསྟོད་དང་ངོ་དགའ་ཚད་ལས་འདས་པ་བརྗོད་ནའང་། ཁོང་ཉིད་མི་ལོ་བཅུ་མ་ལོངས་ཙམ་ལ་ཁྲི་མུན་བཙོན་དུ་བཅུག་པས་མཚོན། སྐྱེ་བོ་གྲངས་མེད་ལུགས་མིན་ཁྲིམས་བཅད་བཙོན་འཇུག་བྱས་པ་དང་མཚུངས་པར། ད་ལོའི་ཞི་བའི་གསར་བརྗེ་འདིའི་ནང་ལའང་ཉེ་སྔོན་བར་དུ་མི་འབོར་ཉིས་བརྒྱ་ལྷག་ལ་ཁྲིམས་ཐག་བཅད་ཟིན་ཞེས་དྲ་ཚིགས་གསར་འགྱུར་ལས་མཐོང་། དེ་ནི་སྒེར་གཅོད་པས་དབང་སྒྱུར་དམིགས་ཡུལ་ཁོ་ནའི་ཕྱིར་དུ་བཅས་པའི་ཁྲིམས་དང་འགལ་བ་ཙམ་ཡིན་ཕྱིར། རྒྱུ་འབྲས་མེད་པའི་ལུགས་འགལ་ཁྲིམས་བཅད་ཀྱི་སྲོལ་དེའི་རྒྱུན་མཐུད་པ་ཁོ་ན་རེད། སྒེར་གཅོད་རིང་ལུགས་པས་རང་ཉིད་ཀྱི་དབང་སྒྱུར་སྲ་བརྟན་འོང་ཕྱིར་སྐབས་དང་སྐབས་སུ་ཡོངས་ཁྱབ་རིན་ཐང་དང་འགལ་བའི་ཁྲིམས་ཡིག་སྣ་མ་སྣ་ཚོགས་བཅའ་བ་དང་། ཁོ་ཚོའི་སྲོག་འཛིན་ལྟ་བུའི་ཁྲིམས་ཡིག་དེ་རིགས་ནི་ཏག་ཏག་རང་དབང་དང་འདྲ་མཉམ། དམངས་གཙོ་ལ་མོས་པའི་མི་རྣམས་ཀྱི་དམྱལ་བའི་ཁྲིམས་ཡིག་ཏུ་གྱུར་འདུག ཁོ་ཚོས་ཞི་བའི་གསར་བརྗེའི་ཁྲོད་འཛིན་བཟུང་ཐེབས་པ་རྣམས་ཀྱི་ལུས་སེམས་ཀུན་ལ་ཚད་ལས་འདས་པའི་ཚ་གཅུན་བེར་བེར་དང་འཇིགས་སྣང་ཡེར་ཡེར་བསྐུལ་པ་དང་སྦྲགས། རྩ་འཛུགས་གང་ཡིན་དང་འཆར་གཞི་ཅི་ཡོད་འདྲི་ཞིང་། རྒྱབ་ཀྱི་མི་སུ་ཡིན་དང་ཚོགས་པའི་གྲོགས་གང་ཡིན་གྱི་རྩད་བཅད་པ་རེ་རེར་འབྲས་བུ་ཅི་ཡང་མ་ལོན་པ་ན། དམྱལ་བའི་ཁྲིམས་ཡིག་གང་རུང་ཞིག་ལས་དོན་ཚན་གང་རུང་ཞིག་དྲངས་ཏེ་ཉེས་མེད་རྣམས་ལ་གསང་སྟབས་ཀྱིས་ཉེས་ཆད་ཁྲིམས་ཐག་བཅད་དང་གཅོད་བཞིན་པ་རེད། ཉེས་མིང་ནི་ཐོག་མཐའ་བར་གསུམ་དུ་འདི་ཙམ་ལས་མེད་དེ། “རྒྱལ་ཁབ་ཁ་ཕྲལ་གྱི་ནག་ཉེས”ཟེར་བ་དང་། “རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གི་ནག་ཉེས”ཟེར་བ་དང་། “རྒྱལ་ཁབ་ཀྱི་གསང་དོན་ཕྱིར་བསྒྲགས་ཀྱི་ནག་ཉེས”ཟེར་བ་སོགས་སོ།། རྒྱལ་ཁབ་ཟེར་བ་དང་རྒྱལ་ཁབ་ཀྱི་མངའ་དབང་ཟེར་བ་དེར་ཁོ་ཚོ་ནམ་ཡང་རྫི་གསང་དོད་པོར་འདུག་ཅིང་སྲོག་ལ་ཐུག་པ་ལྟར་ལྟ། ཁོ་ཚོས་སུ་ཞིག་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་མངའ་དབང་ཟེར་བ་དེར་འགལ་བའི་ཁ་ཚོན་བཅད་པ་ཡིན་ན། གང་དེས་ཁྲི་མུན་དུ་མི་ལོ་འགའ་ནས་ཚེ་སྲོག་མ་སྟོངས་ཀྱི་བར་དུ་བཙོན་སྡུག་མནར་གཅོད་མྱོང་དགོས། དེ་ནི་མགོ་བསྡམས་ན་ལུས་འདར་བའི་དཔེ་ལྟར་བྱེད་འདོད་པ་རེད། དབང་མཐའ་སྒེར་གཅོད་པས་དུས་དང་རྣམ་པ་ཀུན་ཏུ་རང་གི་ཚོགས་པ་གཅིག་པུའི་སྒེར་དོན་ཁེ་ཕན་དེ་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་མངའ་དབང་ཟེར་བའི་ཕག་ཏུ་སྦེད་ཅིང་། རྟག་པར་རྒྱལ་ཁབ་ཟེར་བ་དང་རྒྱལ་ཁབ་ཀྱི་མངའ་དབང་ཟེར་བའི་ཁ་གཡང་གིས་མི་རྣམས་དབང་འོག་ཏུ་འཛུད་དོ།། ད་ལོའི་ཞི་བའི་གསར་བརྗེ་འདིའི་གཞི་རྩ་ནི“མི་རིགས་ཀྱི་གནད་དོན་དང་། ཆོས་ལུགས་ཀྱི་གནད་དོན། མི་བུའི་ཐོབ་ཐང་གི་གནད་དོན་སོགས་གང་ཡང་མ་ཡིན་པར་རྒྱལ་ཁབ་ཀྱི་མངའ་དབང་གི་གནད་དོན་ལ་ཐུག་ཡོད”ཅེས་སྒེར་གཅོད་པས་ཟེར་བ་དང་། མངའ་དབང་གིས་མཚོན་པའི་ཁོ་ཚོའི་དབང་སྒྱུར་རྩ་དོན་གྱི་འགལ་ཟླར་ལངས་པར་བསྙད་བཏགས་ཚེ་དེ་ལ་ཆབ་སྲིད་བཙོན་མ་ཟེར་བ་རེད། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་མངའ་དབང་ལ་གནོད་པ་བྱས་སོང་ཟེར་བ་ནི་ཁ་གཡར་བ་ཙམ་མ་གཏོགས་དོན་དམ་དུ་སྒེར་གཅོད་པའི་ཁེ་ཕན་ལ་གནོད་དོགས་ཀྱིས་རེད། སྒེར་གཅོད་རྒྱལ་ཁབ་ཏུ་འཇིག་རྟེན་ན་དཔེ་མི་སྲིད་པའི་ནག་ཉེས་ཀྱི་དཔེ་མང་པོ་ཡོད་པ་དཔེར་ན། ཆབ་སྲིད་བཙོན་མ་ཟེར་བ་བྱིས་པ་བསམ་མེད་ལོ་ངོ5ཅན་ནས་རྒན་པོ་བགྲེས་སོང་ལོ་ངོ81ཅན་བར་ཡོད་པ་སྟེ། ལོ་འགའི་སྔོན་ལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ལོ་ངོ5ཅན་ཁོང་ཆབ་སྲིད་བཟང་བཙོན་དུ་བཅུག་སོང་བ་དང་། ད་ལོའི་ཞི་བའི་གསར་བརྗེ་ལས་དགུང་ལོ81ལ་སོན་པའི་རྒན་པོ་དཔལ་འབྱོར་ནོར་བུ་ལོ7གྱི་ཁྲིམས་བཅད་བཙོན་འཇུག་བྱས་སོང་བ་ལྟ་བུ་རེད། མི་ཚེའི་སྐྱིད་སྡུག་གི་བྲོ་བ་མྱོང་འགོ་བརྩམས་པའི་གཞོན་དར་དག་གི་རང་དབང་གི་ལོངས་སྤྱོད་ཕྲོགས་པ་རྣམས་སྨོས་ཅི་ལ་དགོས། རྒན་པ་རྒས་འཁོགས་ཡིན་ཀྱང་ཐར་བ་མི་གཏོང་བའི་དམུ་རྒོད་ཀྱི་བཅའ་སྲོལ་ཏེ་རྒྱུ་འབྲས་དང་གནས་ལུགས། མི་ཆོས་དང་མི་ཚུལ་ཀུན་ལས་འདས་པ་དེ་འདྲ་ནི་སྒེར་གཅོད་སྲིད་གཞུང་ནས་མ་གཏོགས་གང་ནས་མཐོང་། འཛམ་གླིང་སྒང་འདིའི་ཆབ་སྲིད་བཙོན་མ་ཆེས་ཆུང་ཤོས་བོད་དུ་ཡོད་ཅིང་། འཛམ་གླིང་སྒང་འདིའི་ཆབ་སྲིད་བཙོན་མ་ཆེས་རྒན་ཤོས་ཀྱང་བོད་དུ་ཡོད། བོད་ཀྱི་མི་འདི་ཟོག་མི་ཡིན་ཕྱིར་མུན་བཙོན་རྒྱབ་ཁལ་དེ་འདྲ་ཐེག་དགོས་སོང་བ་དང་། བོད་ཀྱི་མགོ་འདི་རྡོ་མགོ་ཡིན་ཕྱིར་མ་ཉེས་ཉེས་མིང་དེ་འདྲའང་འཁུར་དགོས་སོང་།
བོད་ཡུལ་འཇིགས་སྐུལ་འཐབ་རར་བསྒྱུར་ཚུལ་ནི། ཞི་བའི་ལས་འགུལ་བྱུང་བ་ནས་བཟུང་། གནད་ས་འགག་འཕྲང་ཐམས་ཅད་དུ་མདའ་ར་བཅོས། སྒྱོགས་དང་མེ་མདའ་བསྟར། སྤུ་ཟིང་ཟིང་། སྐྲ་ཞོགས་ཞོགས། དགོན་གྲོང་འདུས་མདོ་ཕལ་ཆེར་ཉེན་རྟོག་པ་གཤར།  གསང་མྱུལ་གྱིས་ཁེངས། འཇིགས་ཡེར་ཡེར། དངངས་འདར་འདར། ཁང་ཐོག་དང་སྲང་ལམ་གཙོ་སར་ལྐོག་མདའ་པ་སྐུང་། སོ་པས་སྒུག ཤ་གྲིམ་གྲིམ། རུས་གཟེར་གཟེར། ལྟ་སྐོར་མཇལ་སྐོར་གང་ཡང་མདེའུའི་ཁ་ནས་སྔོག་བཤེར་དང་། འདྲི་རྩད། ཐོ་འགོད་མི་བྱེད་ཐུ་མེད་ཡིན་པས། འཁྱག་སིབ་སིབ། གྲང་ཤིག་ཤིག གྲྭ་པ་ཕལ་ཆེར་གྲོང་ལ་སྤྱུགས། གྲོང་པ་ཕལ་ཆེར་ནང་ལ་བཀག འཕྲིན་ཡིག་དང་ཁ་པར། རྩིས་འཁོར་དང་དྲ་རྒྱ། ཇ་ཁང་དང་ཆང་ཁང་ཀུན་ལ་ལྐོག་ལྟ་ལྐོག་ཉན་བྱེད། ཉེ་རྒྱང་ཡོད་རྒུ་ཅི་བྱ་གཏོལ་བྲལ་དང་ཐབས་ཟད་འུ་ཐུག་བཟོས། ཉིན་ལ་འཕར་སྤྱང་བཞིན་རྒྱུག མཚན་ལ་རྐུན་ཇག་བཞིན་འཇབ། དགོན་གྱི་ལྷ་ཁང་འདུ་ཁང་དང་གྲོང་གི་ཁང་ཁྱིམ་མི་ཁྱིམ་ལ་གློ་བུར་གློ་བུར་དུ་འཇབ་རྒོལ་བྱེད་ཅིང་། ཁང་ཁྱིམ་གྱི་མདོ་ནས་ཕུ་ལ་གློང་། ཕུ་ནས་མདོ་ལ་སྔོག རྒྱལ་བའི་སྐུ་པར་འཚོལ། སྦས་པའི་མཚོན་ཆ་འཚོལ། ཞོར་ལ་སྒོར་མོ་འཚོལ། རྒྱུ་ནོར་འཚོལ། སྐུ་པར་ས་ལ་རྡེབ་ཅིང་རྐང་པས་འགོམ། མི་གདོང་གཅན་གཟན་གྱི་སེམས་ཅན་དང་གྲྭ་ཆས་གྱོན་པའི་སྤྱང་ཀི་ཟེར། སྨྱོ་རྟགས་གཟའ་རྟགས་གཉིས་ཀ་སྟོན། (མགོ་བོ་ཡོད་ཀྱང་ཀླད་པ་མེད་པའི་དམར་པོའི་དམག་རྣམས་ལ“མེས་རྒྱལ”ཟེར་བ་དང“ཀྲུང་ཧྭ”ཟེར་བ་སོགས་ཀྱི་སྨྱོ་ཆུ་བླུད་དྲགས་པས། རྩ་བ་ནས་སྨྱོས་མ་ཡིན་དུ་གྱུར་པ་ལ་ཡ་མཚར་རྒྱུ་མེད)བཙན་ཁང་ལས་ཆོས་སྐྱོང་སྲུང་མའི་ཕྱག་ཆ་མཐོང་ཞིང་རྙེད་པས། མཚོན་ཆ་སྦས་སྐུང་བྱས་པའི་དཔང་རྟགས་ཟེར། གླེན་རྟགས་བླུན་རྟགས་གང་ཡང་སྟོན། ཤེས་བཞིན་ཞྭ་དཔེ་ལྷམ་འགེབས་ཀྱང་བྱེད། གོང་ཅན་གྱི་དངོས་རྫས་འཁྱེར། གོང་མེད་ཀྱི་ཅ་ལག་རྐུ། ཐབ་མགོའི་ཚ་མ་ཚོས་ཀྱི་མོག་མོག་ཀྱང་ཕྲོགས་ཏེ་ཟ། རྐུན་མ་ཇག་པ་རྐྱ་བསྡེབས་རེད། དེ་ལྟ་དེ་ལྟར། བོད་མི་ཡིན་ཕྱིན་གྲོང་ཁྱེར་དུ་འགྲོན་ཁང་སྡོད་པའི་ཐོབ་ཐང་མེད། གནམ་གྲུའི་ཐང་དུ་ཞྭ་ལྷམ་འཕུད་པའི“སྣེ་ལེན”ཡོད། སྤ་སེ་མི་རག ལས་གླ་མི་རྒྱུག གཡོ་འཕྲུལ་དྲིལ་སྒྲོག་གི་རྐྱེན་ལས། བོད་མིར་ཞེ་སྡང་དང་འཇིགས་སྣང་འདྲེས་མའི་རྣམ་འགྱུར་གྱིས་ལྟ། ཡོད་ཚད་དོགས་ཟོན་གྱི་ངང་ལ་གནས། མདོར་ན། བོད་མི་ཡོངས་རྫོགས་འཇིགས་སྐུལ་རིང་ལུགས་པ་ལྟར་ལྟ་ཞིང་། ཐ་ན་བྱིས་པ་བསམ་མེད་རྣམས་ཀྱང་དེ་འདྲའི་གནོན་ཤུགས་འོག་མི་ཚུད་རང་ཚུད་ཆགས་ཡོད།
དོན་དམ་དུ། བོད་ཡུལ་འདི་འཇིགས་སྐུལ་འཐབ་ར་སོགས་ལ་བསྒྱུར་པ་ནི་ད་ཐེངས་ཙམ་ག་ལ་ཡིན་ཏེ། སྒེར་གཅོད་པའི་དབང་འོག་ཏུ་ཚུད་པ་ནས་བཟུང་། ལས་འགུལ་རབ་དང་རིམ་པའི་ནང་ལ་ཐམས་ཅད་རྡུང་རྡེག་དང་། འཐབ་རྩོད། འཛིན་བཟུང་། བཀག་ཉར། ཁྲིམས་བཅད། སྡེབ་གསོད་བྱས་ཏེ་འགུལ་མི་ནུས་པ་དང་། སྨྲ་མི་ནུས་པ། བསམ་མི་ནུས་པར་བཟོས་ཤིང་ཡོད་ཚད་སྐྲག་སྣང་གིས་བེམ་པོ་རྒྱུ་བ་ནང་བཞིན་བྱས།དེ་ལྟར་བཟོས་པ་དེའང་མི་ཆོས་ལས་འདས་པའི་ཐབས་ཚུལ་གྱིས་ཏེ་མི་ལོ་ལྔ་བཅུའི་ཡར་སྔོན་ལ་བྱུང་བ། བརྙན་རིས་ལྟ་བུའི་དཔེ་མཚོན་གྱི་སྐད་ཆ་འདི་དག་ལ་བལྟས་པས་ཤེས་ཏེ། “……ཉིན་བཅུ་ལྷག་རྗེས་སུ་ཀྱེ་ཕུར་ནགས་རྫུབས་སུ་དམག་འཁྲུག་ནས་བསད་པའི་མི་རྟའི་རོ་དང་འགྲོ་མ་ཐུབ་པའི་དྭ་ཕྲུག་དང་རྒན་རྒོན་མང་པོ་རི་ལུང་ཐང་གསུམ་དུ་ཁེབས་ནས། མི་རོ་མང་པོའི་གསེབ་ན་ཤི་མ་ཐུབ་པའི་རྨས་མ་གཡས་ལོག་གཡོན་ལོག་བྱས་འདུག་པ། ཨ་མ་ཤི་ཡང་བྱིས་པས་ད་དུང་ཨ་མའི་ནུ་མ་ནུ་བཞིན་འདུག་པ་སོགས་འཇིགས་སུ་རུང་བ་ཤིན་ཏུ་མང་པོ་འདུག”(བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ》ལས་དྲངས།)པ་དང་། “ཟིང་འཁྲུག”ཏུ་བཏགས་པ་དེའི་ནང་འཛིན་བཟུང་ཐེབས་པ་རྣམས་དམྱལ་བ་ལྟ་བུའི་བཙོན་ཁང་དུ་སྐྱེལ་བའི་ལམ་བར་དུ་དུད་འགྲོའི་རྩིས་ཀྱང་མེད་པ་རྫུན་མི་བཤད་པའི་བོད་མིས་བརྗོད་པ་འདི་ལྟར། “……ཕྱི་ཉིན་རླངས་འཁོར་སྒམ་ཁའི་ཤིང་མཐོན་པོ་དེར་རྐང་པ་སར་མི་རེག་པ་བྱས་ནས་བཀྱིགས། ཆབ་ཆར་ཐོན་རག་བར་དུ་གནམ་ལ་དཔྱངས་ནས་ཁྱེར་ཡོང་ནི་རེད།”(བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་གཟབ་ཉན》ལས་དྲངས།)ཅེས་དང་། ཡང་། “ལམ་བར་ཁྲི་ཀ་བརྒྱུད་ནས་སོང་། ཁྲི་ཀའི་བར་དུ་ང་ཚོའི་རླངས་འཁོར་ནང་དུ་མི་གསུམ་ཤི་སོང་། མིའི་རོ་རླངས་འཁོར་རྒྱུགས་འགྲོ་སྐབས་རླངས་འཁོར་སྒམ་ཁ་ནས་སར་གཡུག་འཇོག་གི”(བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་གཟབ་ཉན》ལས་དྲངས།)ཞེས་མི་རྩིས་ཕར་ཟད་ཁྱི་རྩིས་ཀྱང་མེད་པའི་རྩུབ་སྤྱོད་དང་། བཙོན་དུ་ཚུད་པའི་བཙོན་མར་བཏགས་པ་རྣམས་ལ་བརྙས་བཅོས་དང་། རྡུང་རྡེག བཀྲེས་ལྟོགས་ཀྱིས་མནར་ཏེ་ཚེ་མཐར་བསྐྱལ་བ་བགྲང་ལས་འདས་ཤིང་། དེ་ལས་མནར་གཅོད་དང་འཇིགས་སྐུལ་སྤྱོད་པའི་དཔེ་མཚོན་འདི་ལྟར་མཐོང་དུ་ཡོད་པ་སྟེ། “བཙོན་མ་རྐང་ལག་ཞ་ནས་རྐང་པ་དཔྱི་ལ་འབྱར་བ་དང་ལག་པ་བྲང་ལ་འབྱར་བ་ཡང་མང་པོ་འདུག་ལ། དེ་དག་རྐང་ལག་དྲང་མོར་བཅའ་དགོས་ཟེར་ནས། རྐང་ལག་ཐག་པས་བསྡམས་ཏེ་དམག་འགའ་རེས་ཤུགས་ཀྱིས་འཐེན་པས། མང་ཆེ་བ་ན་ཟུག་གིས་ཤི་འགྲོ།” (བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ》ལས་དྲངས།)ཞེས་དང་། ཡང་། རྒན་མོ་ཞིག་གི“བླ་གཡས་པར་བོའུ་བརྒྱབ་ནས་རྨས་ཡོད་ནི་རེད། ཡར་ལངས་ནས་འགྲོ་ཐུབ་ནི་མ་རེད། ཡིན་ནའང་རས་ལྟེབ་ཁུག་ལ་བཞག་ནས་ཁྱེར་ཡོང་སྟེ་འཐབ་རྩོད་བྱས་ནི་རེད།” (བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་གཟབ་ཉན》ལས་དྲངས།)འཐབ་རྩོད་དེ་ཡང“ལངས་རྒྱུ་མེད་པ་དང་དྲི་ངན་འཐུལ་བའི” (ཚེ་རིང་དོན་གྲུབ་ཀྱི《རླུང་དམར་འུར་འུར》ལས་ཀྱི་ཚིག)བར་བྱས་པ་དང་། ཡང་། “ཨ་ཁུ་སྐལ་ལྡན་ཚང་གིས། འདས་ཟིན་པའི་ཁོང་གི་ཨ་མའི་རུས་པ་བདག་བྱས་ནས་ཡོད་ཀི དམངས་དམག་ཚོས། ཨ་ཁུ་ཚང་གི་ཁ་ནང་ལ་ཨ་མའི་རུས་པ་བཞག་ནས། ཁྱོས་འདི་ཟ་འདོད་ནི་ཨེ་ཡིན། འདི་བདག་གཉེར་བྱས་ནས་ཅི་ཞིག་བྱེད་འདོད་ཡོད་ཟེར་ནས་གཅར་རྡུང་བྱས” (བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་གཟབ་ཉན》ལས་དྲངས།)ཞེས་སོགས་མི་ཆོས་དང་རྩ་བ་ནས་འགལ་བ། མཐོང་བ་ལྟ་ཞོག་ཐོས་པའང་མི་བཟོད་པའི་གདུག་སྤྱོད་ཚ་བོ་གནམ་གྱིས་མི་ཁེབས་པ་བསྟན་ཅིང་། བཙོན་དུ་ཤི་བའི“རོ་དེ་ཚོ་བླ་མ་ཚོས་ཁུར་ནས་ཡར་ཅུང་ཙམ་སོང་ན། ལུང་ཤུར་ཞིག་ཡོད་པ་དེར་བཞག་པ་རེད། མི་རོ་ཐམས་ཅད་འཕངས་པས་དེང་སང་གྲོང་ཁྱེར་ན་གད་སྙིགས་ནུར་འདུག་པ་དེ་ལྟ་བུ་རེད། ཕྱིས་སུ་ལུང་ཤུར་དེའི་ཁ་ཕལ་ཆེར་བཀང་སོང་། རོ་གཅིག་ཐོག་ལ་གཅིག་བཞག་སྟེ་བརྩིགས་འདུག ཉི་མ་རེ་རེར་རུ་ཁག་རེ་ནས་ཆ་སྙོམས་ཀྱིས་བཞི་རེ་ཤི་ཡི་འདུག རུ་ཁག་ཉི་ཤུ་འདུག སྐབས་ཤིག་མི་རོ་མང་པོས་ལུང་ཤུར་དེ་བཀང་ལ་ཉེ་སྐབས་ས་འདེད་འཕྲུལ་འཁོར་ལྟ་བུ་ཞིག་གིས་ས་དེད་དེ་རོ་ཐམས་ཅད་གབ་སོང་། ས་ཚུར་བླངས་པའི་ཤུལ་དེ་ཡང་ལུང་ཤུར་ལྟ་བུ་ཞིག་རེད་ལ་དེའི་ནང་དུ་ཡང་རོ་སྤུངས་ནས་ཉིན་གཉིས་གསུམ་རྗེས་སུ་ཡང་བཀང་འདུག ཡང་དེའི་ཚུན་ཆད་ནས་དེ་ལྟར་བརྐོས། དེ་ཡང་བཀང་། ང་ལ་གསལ་ཆ་ཡོད་པའི་ལུང་ཤུར་དེ་འདྲ་བཅོ་ལྔ་ལྷག་ཡོད། དེ་རེ་རེའི་ནང་དུ་ཕལ་ཆེར་མི་རོ་ཉིས་བརྒྱ་ལྔ་བཅུ་ལྷག་ཡོད་པ་འདྲ།” (བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ》ལས་དྲངས།)ཞེས་པ་ལྟ་བུའོ།། 
དེ་བས་ཀྱང་ཚབས་ཆེ་བའི་འཇིགས་རུང་ནི་བསྟན་དུ་མེད་ཀྱང་། མཚོན་ཆའི་དབང་དུ་བཏང་ན། མི་ཆོས་རིང་ལུགས་ཀྱི་ཆ་ལ་གཞིགས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཚོན་ཆ་ཚབས་ཆེན་འགའ་རེ་ནི་གཡུལ་འཁྲུག་ཁྲོད་ནམ་ཡང་སྤྱོད་མི་རུང་བའི་གན་ཆིངས་བཞག་ནས་བཀག་ཡོད་དེ། དཔེར་ན། ཏམ་ཏམ་མདེའུ(ཏམ་ཏམ་མདེའུ(dumdums)ནི། བསད་རྨས་གཏོང་ཤུགས་ཤིན་ཏུ་ཆེ་བའི་མདེའུ་ཞིག་སྟེ། མདེའུ་དེ་མི་དར་མའི་མཛུབ་གུའི་ཆེ་ཆུང་ཙམ་ལས་མེད་ཀྱང་འབེན་ལ་ཕོག་ཚེ་མདེའུ་འགས་པས་ན་མདེའུ་ཁུང་ཆུང་ཡང་རྨ་ཁ་ཆེན་པོ་བཟོ་ལ་ཕོག་ཚད་ཤི་བ་ཞིག་ཡིན་རབས། དེ་ནི་རྒྱ་གར་གྱི་ཏམ་ཏམ་ཞེས་པའི་ས་ཆར་དབྱིན་ཇི་པའི་དམག་གི་མཚོན་ཆ་བཟོ་གྲྭ་ཞིག་ཡོད་པ་ལས་ཐོན་པས་མིང་དེ་ལྟར་ཐོགས། མཚོན་ཆ་དེ་རིགས་ནི1899ལོ་ནས་བཟུང་རྒྱལ་སྤྱིའི་སྒང་གཏན་འགོག་བྱས་ཡོད་པ་རེད། )དང་རྫས་འགྱུར་མཚོན་ཆ་ལྟ་བུ་རེད། ཡིན་ནའང་། རྒྱལ་ཁབ་དམག་དཔུང་སྒེར་གཅོད་སྲིད་གཞུང་གིས་འཇིགས་སྐུལ་འཐབ་རར་བསྒྱུར་པའི་བོད་ཡུལ་དུ་མཚོན་ཆ་དེ་དག་ཀྱང་བཀོལ་སྤྱོད་དང་ཚོད་ལྟ་བྱས་སོང་བ་འདི་ལྟར་ཤེས་ཏེ། “ཟིང་འཁྲུག”ཏུ་བཏགས་པའི་དུས་དེར། “བོའུ་དེ་བརྒྱབ་པའི་ཤུལ་དུ་སྔུན་ན་ཨུ་ཁུང་ཆུང་ངུ་ཞིག་མ་གཏོགས་མི་འདུག་ལ། ལྟག་རྒྱབ་ཏུ་བར་ཚགས་མེད་པར་གཏོར་འདུག” (བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ》ལས་དྲངས།)ཅེས་དང་། “སྐབས་ཤིག་བཀྲེས་སྐོམ་དང་དུད་སྤྲིན་རྫས་འགྱུར་གྱི་ཁ་རླངས་སོགས་ཀྱི་སྟབས་ཡིན་ནམ་ཅི་ཡིན་མ་ཤེས་པར། མི་ཕྱུགས་ཐམས་ཅད་ལ་རྣམ་ཤེས་དང་དབང་པོ་མི་གསལ་བར་གྱུར་སོང་། ལ་ལས་བཤད་ན་དམག་འཁྲུག་སྐབས་སུ་གཏོང་རྒྱུ་ཡོད་པའི་དུག་རླངས་ཤིག་རེད་ཟེར།” (བྱ་མདོ་རིན་བཟང་གི《ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ》ལས་དྲངས།)ཞེས་པ་སོགས་ལ་བསམས་ན། ཁོ་ཚོས་རྒྱལ་སྤྱིའི་སྒང་གཏན་འགོག་བྱས་པའི་མདའ་མདེའུ་མཚོན་ཆ་དུག་ཅན་དག་ཀྱང་སྤྱད་དེ་བོད་ཡུལ་འཇིགས་སྐུལ་འཐབ་ར་སོགས་ལ་བསྒྱུར་དང་སྒྱུར་བཞིན་པ་སུ་ཡིས་བསྙོན།
གོང་དུ་བཀོད་པ་རྣམས་ལས། ང་ཚོས་དབང་མཐའ་སྒེར་གཅོད་པ་ལས་ལྷག་པའི་འཇིགས་སྐུལ་རིང་ལུགས་པ་མེད་པ་ཤེས་ཐུབ་པ་རེད། མི་རྣམས་དྲག་ཤུགས་དང་མགོ་གནོན། གཡོ་འཕྲུལ་དང་རྨོངས་བྱེད། གཏུམ་སྤྱོད་དང་ཚར་གཅོད་ཀྱི་སེམས་ཀྱིས་གཙེ་བར་བྱེད་པ་དང་། བསུན་པར་བྱེད་པ། འཛེར་བར་བྱེད་པ། གཟིར་བར་བྱེད་པའི་མུ་ལ་འཇིགས་སྐྲག་གིས་ཤི་མིན་གསོན་མིན་བཟོ་བ་ལས་གཞན་གྱི་འཇིགས་སྐུལ་རིང་ལུགས་ཤིག་གང་དུ་ཡོད། དབང་མཐའ་སྒེར་གཅོད་པ་ཇི་ལྟ་ཇི་ལྟར་ཡོད་ཚེ་འཇིགས་སྐུལ་རིང་ལུགས་དེ་ལྟ་དེ་ལྟར་ཡོད་ཅིང་། ཁྱད་པར་དུ། བོད་མི་དཀྱུས་མ་རྣམས་ཀྱི་ལུས་རྒྱ་སྡོམ་པ་དང་། བོད་མི་ཆེ་རྒུ་ཀུན་གྱི་ངག་རྒྱ་སྡོམ་པ། བོད་མི་བསམ་མེད་ཡོངས་ཀྱི་ཡིད་རྒྱའང་སྡོམ་པའི་འཇིགས་སྐུལ་རིང་ལུགས་པ་དང་རྒྱལ་ཁབ་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྟངས་ནི་དུས་རབས་ཕྱེད་ཀྱི་སྔོན་ནས་ད་ལྟ་ལ་ཐུག་གི་བར་སྤྱད་པའི་ལག་ལེན་ཡིན་ཕྱིར། ཁོ་ཚོའི་ཁྱད་གཤིས་སུ་སོང་འདུག་པར་སུ་ཡིས་བསྙོན། ཕྱི་ཕྱིར་ཁོ་ཚོས་ཇ་བག་གཅིག་དང་། ཕྱེ་ཁུག་མ་གང་། ཤོག་སྒོར་དམར་ཙེ་འགའ་ཡིས་བྱམས་དང་སྙིང་རྗེ་ཡོད་མདོག་གིས་དབུལ་བ་བསྐྱོར་ཏེ་མུག་པ་སྐྱོབ་རྒྱུ་ཡིན་ཟེར་བའི་སྣ་ནག་མའི་གཡོ་འཕྲུལ་ཟོལ་བཅོས་དེས། དཔའ་བོའི་སྙིང་སྟོབས་རྒྱས་འགོ་ཚུགས་ཤིང་ཆིག་སྒྲིལ་ཁྲོ་ལོག་ཆགས་འགོ་ཚུགས་པའི་བོད་སེམས་སྔར་མ་ཁུགས་ལ་ཕྱིས་ཀྱང་དེ་བས་ཀྱང་ཅི་ལྟར་ཁུགས།
མདོར་ན། ཁོ་བོ་སྐྱོ་བའི་ཚོར་པ་ལ་རྒྱུ་མཚན་ཆེན་པོ་གཉིས་ཡོད་དེ། དང་པོ་ནི། བོད་རྣམས་ལ་ད་ལྟ་ལ་ཐུག་གི་བར་དུ། རང་དབང་དང་འདྲ་མཉམ། དམངས་གཙོ་སོགས་ཡོངས་ཁྱབ་རིན་ཐང་གི་ངེས་ཤེས་ཡོངས་ཁྱབ་ཏུ་ཆགས་མེད་པ་དང་། ཡོངས་ཁྱབ་རིན་ཐང་གི་རྩ་བ་དང་། རྨང་གཞི། རྒྱུ་རྐྱེན་དུ་གྱུར་པའི་རིག་གནས་ལྟ་བ་དང་། རིག་གནས་བསམ་བློ། རིག་གནས་འདུ་ཤེས། རིག་གནས་ཉམས་ལེན་མེད་པ་སྟེ། སངས་རྒྱས་བྱང་སེམས་ཀྱི་ལྟ་བ་ཡོད་པ་མ་གཏོགས་འཇིག་རྟེན་མི་བུ་ཡི་ལྟ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་བློ་ཡོད་པ་མ་གཏོགས་རིགས་རྒྱུད་རུས་རྒྱུད་ཀྱི་བསམ་བློ་མེད་པ། སྟོང་གསུམ་འཇིག་རྟེན་གྱི་འདུ་ཤེས་ཡོད་པ་མ་གཏོགས་ས་ཁོངས་ཡུལ་ཁམས་ཀྱི་འདུ་ཤེས་མེད་པ། སྐྱབས་འགྲོ་ཕྱག་འཚལ་གྱི་ཉམས་ལེན་ཡོད་པ་མ་གཏོགས་རང་དབང་འདྲ་མཉམ་གྱི་ཉམས་ལེན་མེད་པ། རྒྱལ་པོ་གོང་མའི་གོ་དོན་ཡོད་པ་མ་གཏོགས་ཐོབ་ཐང་རིན་ཐང་གི་གོ་དོན་མེད་པ། ལྷ་ཆོས་འདྲེ་ཆོས་ཀྱི་བློ་མོས་ཡོད་པ་མ་གཏོགས་མི་ཆོས་སྲིད་ཆོས་ཀྱི་བློ་མོས་མེད་པ། དེ་དང་དེ་ལ་སོགས་ཡོད་པ་ཡོད་པ་ཀུན་ཡོད་པས་མེད་པ་མེད་པ་ཀུན་མེད་པར་བྱས་སོང་བ་དང་། མེད་པ་མེད་པ་དང་ཡོད་པ་ཡོད་པ་རྣམས་ཡོངས་ཁྱབ་གོ་ལྡོག་ཏུ་གྱུར་པའི་དབང་གིས་མཇུག་འབྲས་འདི་འདྲ་མྱོང་དགོས་སོང་བ་ལ་སྐྱོ་ཆེ་བ་གཅིག་དང་།
གཉིས་པ་ནི། དེ་དག་གི་རྣམ་སྨིན་དུ་དབང་མཐའ་སྒེར་གཅོད་རིང་ལུགས་པས་ཚོགས་གཅིག་ལུགས་གཅིག་གི་རྩ་དོན་དང་། མི་སྒེར་མགོ་གནོན་གྱི་རང་བཞིན། ངག་རྒྱ་དམངས་འཐོམས་ཀྱི་སྲིད་ཇུས། དྲག་ཤུགས་དབང་སྒྱུར་གྱི་ཁྱད་ཆོས། གཞན་རིགས་ཚར་གཅོད་ཀྱི་ཧམ་པ་སོགས་ལ་བརྟེན་ནས་བོད་ཡུལ་གཤིན་རྗེའི་བཤས་ར་དང་། བདུད་ཀྱི་བཙོན་ར། དམྱལ་བའི་ཁྲིམས་ར། འཇིགས་སྐུལ་འཐབ་རར་བསྒྱུར་པ་ད་རེས་ཙམ་མ་ཡིན་ཏེ། དུས་རབས་ཕྱེད་ལྷག་གི་ཡུན་ལ“……བདག་ལ་ཅི་ཞིག་ཡོད/ཐ་ན/རང་དབང་གི་འཚོ་བ་ཆུང་ཆུང་ཞིག་རོལ་བའི་ཐོབ་ཐང་ཡང་མེད་པར་གྱུར་འདུག”ལ། “སུ་ཞིག་གསོད་འདོད་པའམ་སུ་ཞིག་འཛིན་འདོད་པ་ལྟར་ལྟ་རྟོག་བྱེད་བཞིན/རང་དབང་མེད་པའི་ངེད་ཚང་ལ་ཅི་འདོད་ལྟར་བྱེད་བཞིན” “……ངེད་ཅག་གི་ཚེ་སྲོག་ཐར་ཐབས་བྲལ་ཞིང” “འདྲ་མཉམ་དང་རང་དབང་ཡེ་ནས་མེད་པའི་ང་ཚོ/‘བཙོན་དུ་ལུས་པའི་བོད་མི’ཞེས་བརྗོད” (“བདག་ནི་བོད་མི་རིགས་ཀྱི་བདེ་སྡུག་གླུ་རུ་ལེན་པའི་གླུ་པ་ཞིག་ཡིན་ན་བསམ”པ་སྟེ། “འཚོལ་སྙེག་ཁྲོད་ཀྱི་རང་དབང་ཡཱ/རང་དབང/ཁྱོད་ཀྱིས་གང་ཞིག་ན་ང་ཚོ་ལ་གཟིགས་ཡོད”ཅེས“རིན་ཐང་གཞལ་དུ་མི་སྤོབས་པའི……གདུང་འབོད”གང་མང་བོས་ཏེ་གཤེགས་པའི་ན་ཆུང་སྙན་ངག་པ་གཡུང་ལྷུན་གྲུབ་ཀྱི་ཚིག་སྟེ། 《བཙོན་དུ་ལུས་པའི་བོད་མི》ལས་དྲངས།)པ་ལྟར། བོད་ཡུལ་ཧྲིལ་པོ་བཙོན་ལྟར་བཟོས་ཏེ། ཡོད་ཚད་ཁ་བཏགས་བཟོས་པའི་དམར་གསོད་ཀྱི་སྦྱོར་རྩུབ་དང་། བརྒྱ་ལས་བཅུ་ལུས་མེད་པའི(བྱིས་པ་སྟོང་ཚོ་ཕྲག་ཅིག་དང་། རྒས་པ་དྲུག་བརྒྱ་ཡར་མར་ཡོད་ཟེར་བའི་ནང་ནས། བདག་པོ་ཡོད་མཁན་བྱིས་པ་དང་། རྒས་པ་ཚོ་རེ་ཁྲིད་སོང་བ་མ་གཏོགས། ད་ནི་ཤུལ་ན་རུ་ཁག་གསུམ་ལ་བྱིས་པ་ལྔ་བཅུ་ནང་དང་། རྒན་པ་བཅུ་ཁ་ལྷག་ཡོད། དེ་མིན་ལོ་ཕྱེད་ཀ་མ་འགོར་བར་ཐམས་ཅད་ཤི་སོང་། དག་དག་བཤད་ན་ཟླ་གཉིས་གསུམ་ལས་མ་འགོར་བར་ཐམས་ཅད་ཤི་སོང་། ——ནགས་ཚང་ནུས་བློའི《ནགས་ཚང་ཞི་ལུའི་སྐྱིད་སྡུག》ལས་དྲངས།)བཙོན་འཇུག་གི་མནར་གཅོད། ལུགས་འགལ་རྒྱུ་འབྲས་མེད་པའི་ཁྲིམས་བཅད་ཀྱི་གཉའ་ཤིང་། མི་གཅིན་མི་ཤ་ཟོས་པའི་ཡི་དྭགས་ཀྱི་གདུང་གཟིར། དེ་དང་དེ་ལ་སོགས་དམྱལ་བའི་ཡ་ང་མངོན་སུམ་མྱོང་བའི་བཅའ་བཅོས་ཀྱི་ལས་རྒྱུན་ད་དུང་མཐུད་དེ་འདུག་པ་ལ་སྐྱོ་ཆེ་བ་དང་གཉིས་སོ།།
 
གསུམ་པ། འཇིགས་པ་སྒེར་གཞུང་ཐལ་མཐའ་དགུ་འགྲིལ།
 
དེ་ལྟར། བོད་རྣམས་ཀྱིས་ཁྱིམ་སྲིད་སྟོངས་བྱེད་ཀྱི་སངས་རྒྱས་བྱང་སེམས་དང་། སེམས་ཅན་ཐམས་ཅད། འཇིག་རྟེན་མ་ལུས། སྐྱབས་འགྲོ་ཕྱག་འཚལ། རྒྱལ་པོ་གོང་མ། སྟོང་ཉིད་བདག་མེད། བྱམས་སེམས་སྙིང་རྗེ། ལྷ་ཆོས་འདྲེ་ཆོས་སོགས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་མི་ལོ་བརྒྱ་ཕྲག་དུ་མ་ཕྱིན་པའི་རྗེས་སུ། གློ་བུར་གཉིད་ལས་སད་པ་ལྟར་འཇིག་རྟེན་གྱི་མིག་ཕྱེ་བ་ན། རང་ས་མ་མོའི་བྲང་མགོ་འདྲ་བོ་ཆ་གསེས་ཆག་རལ་དུ་བཏང་བ་དང་། རང་ཐང་གསེར་གྱི་ཐུ་ལུམ་འདྲ་བོ་རྐང་བརྫིས་རྡོག་གནོན་ཐེབས་པ། རང་གི་རིགས་རྒྱུད་རུས་རྒྱུད་ཀྱང་སྟོབས་ཟད་ཉམས་རྒུད་དུ་ཕྱིན་པ་མཐོང་། སྟབས་ལེགས་པ་ཞིག་ལ། ད་ལྟ་རང་གི་ས་ཁོངས་དང་ཐོབ་ཐང་གི་འདུ་ཤེས་སད་འགོ་བརྩམས་སོང་ལ། ཁྱད་པར་དུ་མི་རིགས་ཀྱི་འདུ་ཤེས་དང་གོ་དོན་རྙེད་དེ་རང་གིས་རང་ལ་བདག་པོ་རྒྱག་རྒྱུའི་སྟ་གོན་བྱས་སོང་།
དེང་དུས་འཛམ་གླིང་དུ། མངའ་དབང་ཅན་གྱི་རྒྱལ་ཁབ་ཀྱི་གྲངས་འབོར་ཇེ་མང་ནས་ཇེ་མང་ཡིན་པ་ནི། མི་རྣམས་ལ་མི་བུའི་ཐོབ་ཐང་ནི་རྒྱལ་ཁབ་ཀྱི་མངའ་དབང་ལས་མཐོ་བའི་ཡོངས་ཁྱབ་རིན་ཐང་གི་གོ་རྟོགས་སད་པ་དང་། མི་རིགས་གང་ཞིག་ལ་ས་ཁོངས་དང་། ཐོབ་ཐང་། མི་རིགས་ཀྱི་འདུ་ཤེས་ཆགས་པའི་རྐྱེན་གྱིས་རེད། མི་རིགས་སྤྱིར་བཏང་པ་ཞིག་ནས་མངའ་དབང་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བ་ནི་འཛམ་གླིང་སྒང་འདིའི་ཆབ་སྲིད་ཐོབ་ཐང་གི་ཆོས་ཉིད་ཅིག་ཏུ་གྲུབ་འདུག འཛམ་གླིང་འདིའི་སྒེར་གཅོད་ལམ་ལུགས་གང་ཡང་དམངས་གཙོའི་ལམ་ལུགས་སུ་འབྱོན་པ་ཟློག་མེད་ཅིག་ཡིན་པ་ཇི་བཞིན། དམངས་གཙོའི་ལམ་ལུགས་ཀྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་དགོས་པའང་ཟློག་ཏུ་མེད་པ་ཞིག་རེད། ཁོ་བོས་བལྟས་ན་དེ་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་རྒྱལ་སྤྱིའི་སྟེང་དུ་རྒྱལ་ཁབ་ཕལ་ཆེ་བས་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་རང་བཞིན་གྱི་རྩ་འཛིན་དང་། གྲོས་ཆོད། གསལ་བསྒྲགས། སྤྱི་ཆིངས་སོགས་མི་རིགས་རང་ཐག་རང་གཅོད་ཀྱི་གྲོས་མཐུན་ཡིག་ཆ་ཡོད་པའི་རྒྱུ་མཚན་དང་། ཅིག་ཤོས་ནི་དམངས་གཙོའི་རྒྱལ་ཁབ་དང་དམངས་གཙོའི་སྲིད་གཞུང་ཁག་གི་རྒྱལ་ཁབ་དང་སྲིད་གཞུང་གང་དེར་གནས་པའི་མི་རིགས་དག་གི་གནད་དོན་རྣམས་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལྟར་ཐག་གཅོད་ཀྱི་ཡོད་པའི་རྒྱུ་མཚན་གཉིས་སོ།།
དེ་ལས་དང་པོ་ནི། མི་རིགས་རང་ཐག་རང་གཅོད་ཀྱི་བསམ་བློའི་འགོ་ཁུངས་ནི་མི་བུ་སོ་སོ་ལྷན་སྐྱེས་སུ་འདྲ་མཉམ་ཡིན་ཞེས་པ་དང་། མི་བུའི་ཐོབ་ཐང་གནམ་གྱིས་གནང་ཞེས་པ་དང་། མངའ་དབང་མི་དམངས་ལ་བདོག་ཅེས་པ་སོགས་ཡིན་པར་བཤད་ཅིང་། ཡར་དེད་པས་བློ་འབྱེད་ལས་འགུལ་ལ་ཐུག་འདུག ཁྱད་འཕགས་མཆོག་གྱུར་གྱི་བསམ་བློ་དེ་འདྲའི་དབང་གིས་མི་རྣམས་ལ་རང་དབང་དང་། འདྲ་མཉམ། མི་བུའི་ཐོབ་ཐང་སོགས་འཇིག་རྟེན་མི་བུའི་གཞི་རྩའི་ལྟ་གྲུབ་ཆགས་ཤིང་། ཐམས་ཅད་རང་དབང་དང་བདེ་སྐྱིད་ཀྱི་ས་ལ་བཀོད་དང་འགོད་བཞིན་པ་རེད། མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞེས་པའང་ཚེ་སྲོག་གི་ཐོབ་ཐང་དང་། རང་དབང་གི་ཐོབ་ཐང་། རྒྱུ་ནོར་གྱི་ཐོབ་ཐང་། རྩིས་ཐང་གི་ཐོབ་ཐང་། རོགས་སྐྱོབ་ཀྱི་ཐོབ་ཐང་། སྤྱི་སྙོམས་ཀྱི་ཐོབ་ཐང་། འཕེལ་རྒྱས་ཀྱི་ཐོབ་ཐང་སོགས་འདུས་པའི་མི་བུའི་ཐོབ་ཐང་གི་བྱེ་བྲག་ཅིག་ཡིན་པར་མ་ཟད། དམངས་གཙོའི་ཆབ་སྲིད་ཀྱི་བྱེ་བྲག་ཅིག་ཀྱང་ཡིན་པར་ཐག་བཅད་འདུག  དེ་བས།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》(1945ལོའི་ཟླ6པའི་ཚེས26ཉིན)གྱི་དོན་ཚན་ལྔ་བཅུ་ང་ལྔ་པར།“……མི་དམངས་ཀྱི་འདྲ་མཉམ་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་རྩ་དོན་ལ་བརྩི་འཇོག་བྱེད་པ་གཞི་བྱས་ཏེ……”ཞེས་དང་། དེའི་དོན་ཚན་བདུན་ཅུ་དོན་གསུམ་པར། “……ས་ཁོངས་སོ་སོ་དང་དེའི་མི་དམངས་ཀྱི་དམིགས་བསལ་ཁོར་ཡུག་དང་འཕེལ་འགྱུར་དུས་རིམ་ལ་བལྟོས་ཏེ། རང་སྐྱོང་འཕེལ་རྒྱས་གཏོང་བ་དང་། མི་དམངས་སོ་སོའི་ཆབ་སྲིད་ལམ་ལུགས་རིམ་ཅན་དུ་འཕེལ་རྒྱས་གཏོང་བ། ……”ཞེས་དང་། ཡང་དེའི་དོན་ཚན་བདུན་ཅུ་དོན་དྲུག་པར། “……གང་དེ་རང་སྐྱོང་ངམ་རང་བཙན་ལ་ཕྱོགས་ཏེ་རིམ་ཅན་འཕེལ་རྒྱས་འགྲོ་བ་གོང་འཕེལ་གཏོང་དགོས། ……”ཞེས་བཀོད་འདུག་པ་དང་། 《མི་སེར་སྤེལ་ཡུལ་རྒྱལ་ཁབ་དང་མི་དམངས་ལ་འབོགས་པའི་རང་བཙན་གསལ་བསྒྲགས》(1960ལོའི་ཟླ12པའི་ཚེས14ཉིན)སུ། “མི་དམངས་ཡོད་ཚད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད། ཐོབ་ཐང་འདི་བཞིན་ཁོ་ཚོས་ཁོ་ཚོའི་ཆབ་སྲིད་གོ་ཐང་རང་དབང་གིས་ཐག་གཅོད་པ་དང་། ཁོ་ཚོའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་རང་དབང་གིས་འཕེལ་རྒྱས་གཏོང་བའོ”ཞེས་དང་། ཡང་དེར“……མངའ་ཁོངས་འདི་དག་གི་མི་དམངས་ཀྱིས་འདོད་བློ་དང་རེ་སྨོན་རང་དབང་གིས་སྟོན་པ་ནང་ལྟར། རིགས་རྒྱུད་དང་དད་པ། ཤ་མདོག་གི་ཁྱད་མ་ཕྱེ་བར། དབང་ཆ་ཐམས་ཅད་ཆ་རྐྱེན་མེད་པ་དང་སོར་ཉར་མེད་པར་ཁོ་ཚོར་རྩིས་སྤྲོད་གནང་སྟེ། ཁོ་ཚོས་རང་བཙན་དང་རང་དབང་གཙང་མ་ལོངས་སུ་སྤྱོད་པར་བྱའོ”ཞེས་བཀོད་འདུག་པ་དང་། རྩ་དོན་བདུན་ཅན་གྱི《རྒྱལ་སྤྱིའི་ཁྲིམས་ལུགས་རྩ་དོན་གསལ་བསྒྲགས》(1970ལོ)ཀྱི་རྩ་དོན་ལྔ་པ་ནི“མི་རིགས་རང་ཐག་རང་གཅོད་ཀྱི་རྩ་དོན”ཡིན་པ་དང་། 《རང་བྱུང་ཐོན་ཁུངས་ཡུན་གཏན་མངའ་དབང་ཐད་ཀྱི་གསལ་བསྒྲགས》(1962ལོའི་ཟླ12པའི་ཚེས14ཉིན)སུ། “རྒྱལ་ཁབ་སོ་སོས་ངེས་པར་དུ་མངའ་དབང་འདྲ་མཉམ་ཡིན་པའི་རྩ་དོན་ལྟར། ཕན་ཚུན་བརྩི་འཇོག་གིས་མི་རིགས་སོ་སོ་དང་ཚོགས་པ་སོ་སོས་རང་གི་རིགས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་མངའ་དབང་རང་དབང་གིས་དང་། ཕན་འདྲོང་གིས་བེད་སྤྱོད་གཏོང་བར་ཡར་སྐུལ་བྱེད་པའོ”ཞེས་དང་། ཡང་དེར། “མི་རིགས་སོ་སོ་དང་ཚོ་རིགས་སོ་སོའི་རང་བྱུང་ཐོན་ཁུངས་ཀྱི་རང་དབང་ཐོབ་ཐང་ཅི་རིགས་ལ་བཙན་གནོད་བྱས་པ་ཡིན་ན། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དགོངས་པ་དང་རྩ་དོན་ལ་རྒྱབ་འགལ་བྱས་པ་ཡིན་ལ། རྒྱལ་སྤྱིའི་མཉམ་འབྲེལ་གྱི་འཕེལ་རྒྱས་ལ་བཀག་འགོག་བཟོས་པ་དང་། ཞི་བདེའི་རྒྱུན་སྐྱོང་ལ་བར་ཆད་བཟོས་པ་ཡིན”ཞེས་བཀོད་འདུག་པ་དང་། 《སྤྱི་དམངས་ཀྱི་ཐོབ་ཐང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས》(1966ལོའི་ཟླ12པའི་ཚེས16ཉིན)ཀྱི་ཁག་དང་པོའི་དོན་ཚན་དང་པོར། “མི་དམངས་ཐམས་ཅད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་ཡིན། ཁོ་ཚོས་ཐོབ་ཐང་འདི་ལ་བརྟེན་ཏེ་ཁོ་ཚོའི་ཆབ་སྲིད་ཀྱི་གོ་ཐང་རང་དབང་གིས་ཐག་གཅོད་པར་མ་ཟད། ཁོ་ཚོའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཀྱི་འཕེལ་རྒྱས་རང་དབང་གིས་དོན་གཉེར་བྱེད་པ་ཡིན”ཞེས་དང་། ཡང་དེར། “……མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་གཏན་ཕབ་ཆ་རྐྱེན་ནང་བཞིན། རང་ཐག་རང་གཅོད་དོན་འཁྱོལ་འབྱུང་བར་ཡར་སྐུལ་བྱེད་པར་མ་ཟད། ཐོབ་ཐང་འདི་རིགས་བརྩི་འཇོག་བྱེད་པའོ”ཞེས་བཀོད་འདུག་པ་དང་། 《དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས》(1966ལོ)ཀྱི་ཁག་དང་པོའི་དོན་ཚན་དང་པོ་ལའང་གོང་གསལ་ཡི་གེ་ཇི་མ་ཇི་བཞིན་བཀོད་འདུག  ཡང་། 《མི་དམངས་དང་མི་རིགས་ཀྱི་རང་ཐག་རང་གཅོད་ཐད་ཀྱི་གྲོས་ཆོད》(1952ལོ)དུ། “མི་དམངས་དང་མི་རིགས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་རྗེས་ལ། ད་གཟོད་གཞི་རྩའི་མི་བུའི་ཐོབ་ཐང་ཐམས་ཅད་ལྡན་པའི་ཁག་ཐེག་བྱེད་ཐུབ་པ་ཡིན”ཞེས་སོགས་བཀོད་འདུག་པ་དེ་ལྟར་རེད།(མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་གྲོས་ཆོད། གསལ་བསྒྲགས། སྤྱི་ཆིངས་སོགས་ནི་ཁྲིམས་ཀྱི་གཞི་འཛིན་ས་ཙམ་མ་གཏོགས་ཁྲིམས་མ་ཡིན་པའོ)
གཉིས་པ་ནི། དམངས་གཙོའི་ས་ཁུལ་དང་རྒྱལ་ཁབ་ཁག་གིས་སོ་སོའི་ས་ཁུལ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གནས་པའི་མི་རིགས་ཀྱི་ཐོབ་ཐང་རྣམས་གོང་གསལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་། གྲོས་ཆོད། གསལ་བསྒྲགས། སྤྱི་ཆིངས་སོགས་སུ་བཀོད་པའི་མི་དམངས་དང་མི་རིགས་རང་ཐག་རང་གཅོད་ཀྱི་དགོངས་པ་དང་རྩ་དོན་ལྟར་ཐག་བཅད་པ་དཔེར་ན། 2006ལོར་དམངས་གཙོའི་མང་མོས་འོས་བསྡུའི་ལམ་ནས་རང་བཙན་བྱུང་བའི་མོང་ཐེ་ནེ་ཀི་རོ་རྒྱལ་ཁབ་ལྟ་བུ་རེད། དེས་མོང་ཐེ་ནེ་ཀི་རོ་མི་རིགས་ཀྱིས་མཚོན་པའི་མི་རིགས་དང་མི་བུའི་ཐོབ་ཐང་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་སོགས་ཡིག་ཆའི་དགོངས་པ་དང་རྩ་དོན་ལྟར་ཐག་བཅད་སོང་བ་དང་། ཡང2008ལོར་དམངས་གཙོའི་མང་མོས་འོས་བསྡུའི་ལམ་ནས་རང་བཙན་བྱུང་བའི་ཁོ་སོ་ཝ་རྒྱལ་ཁབ་ལྟ་བུ་སྟེ། དེས་ཨལ་པ་ནེ་ཡ་མི་རིགས་ཀྱིས་མཚོན་པའི་མི་རིགས་དང་མི་བུའི་ཐོབ་ཐང་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་སོགས་ཡིག་ཆའི་དགོངས་པ་དང་རྩ་དོན་ལྟར་ཐག་བཅད་སོང་བ་རེད། དཔེ་དེ་བཞིན་དུ། མི་རིགས་ཀྱི་ཐོབ་ཐང་གང་ཞིག་དམངས་གཙོའི་དགོངས་པ་ནང་ལྟར་ཆབ་སྲིད་རང་སྐྱོང་དུ་གནས་པའང་གང་མང་འདུག་པ་སྟེ། ཧྥ་རན་སིའི་ཁོར་སི་ཁ་གླིང་ཕྲན་དུ་ཡོད་པའི་སྡོད་དམངས་རྣམས་ལ་མང་མོས་འོས་བསྡུ་བྱས་དུས། སྡོད་དམངས་བརྒྱ་ཆའི་བརྒྱད་ཅུ་ཡན་གྱིས་སྔར་བཞིན་ཧྥ་རན་སིའི་ཁོངས་སུ་སྡོད་པའི་འདོད་མོས་བསྟན་པ་ལྟར་ཆབ་སྲིད་རང་སྐྱོང་དུ་ཡོད་པ་ལྟ་བུ་དང་། 1921ལོར་ཨིར་ལན་རང་བཙན་བྱས་པ་ལ་དབྱིན་ཇི་འཐད་པ་བྱུང་རྗེས། དབྱིན་ཨིར་ཕྱོགས་གཉིས་ཀྱིས་ཨིར་ལན་བྱང་མ་ནི་ཨིར་ལན་གྱི་ཁོངས་སུ་གཞུག་པ་ཡིན་ནམ་ཡང་ན་དབྱིན་ཇིའི་ཁོངས་སུ་སྡོད་པ་ཡིན་པའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་ཨིར་ལན་བྱང་མ་པ་ལ་སྤྲོད་དགོས་པའི་ཆིངས་ཡིག་བཀོད་པ་དེ་བཞིན། མཇུག་མཐར་ཨིར་ལན་བྱང་མ་པ་རྣམས་ཀྱིས་སྔར་བཞིན་དབྱིན་ཇིའི་ཁོངས་སུ་སྡོད་པ་ཡིན་པའི་འདམ་ག་བྱས་སོང་བ་ལྟ་བུ་རེད། དེའི་མཚུངས་སུ། དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་པའི་ནང་ལ་རང་སྐྱོང་ཐོབ་པའི་སི་ཕེན་གྱི་པ་སི་ཁི་པ་དང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས་རང་སྐྱོང་ཐོབ་པའི་ཁ་ན་ཏ་ཡི་ཁེས་པེ་ཁི་པ་དག་ཀྱང་དམངས་གཙོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལྟར་རང་སྐྱོང་གཙང་མ་ཆགས་སོང་བའི་ལོ་རྒྱུས་མཐོང་དུ་ཡོད།
དེ་ལྟར། དམངས་གཙོའི་རྒྱལ་ཁབ་དང་དམངས་གཙོའི་སྲིད་གཞུང་རྣམས་ཀྱིས་མི་དམངས་དང་མི་རིགས་ཀྱི་ཐོབ་ཐང་ཐམས་ཅད་དམངས་གཙོའི་ཐབས་ལམ་དང་ཞི་བའི་ཐབས་ལམ་གྱིས་ཐག་བཅད་དང་གཅོད་བཞིན་པ་དེ་ལྟར་དང་། རང་དབང་དང་དམངས་གཙོའི་དཔལ་ལ་སྤྱོད་པ་རྣམས་ཀྱིས་མི་དམངས་དང་མི་རིགས། མི་བུ་བཅས་ཀྱི་ཐོབ་ཐང་ཅི་རིགས་ཡིག་ཆར་བྲིས་པ་དང་མིང་རྟགས་བཀོད་པ་ནང་བཞིན་ཁ་དན་ཚིག་ལ་གནས་པ་དང་། ཆིངས་རྒྱ་དངོས་འབེབས་ཡོད་པ། རྩིས་མཐོང་བརྩི་འཇོག་གནང་གི་འདུག་ཅིང་། ཡོངས་ཁྱབ་རིན་ཐང་རྩིས་མེད་མི་བཟོ་བ་རྩ་དོན་དུ་སོང་ཕྱིར། དབང་འཛིན་ཕྱོགས་ཁག་ཇི་ལྟར་འཐད་པ་མེད་ནའང་དྲག་སྤྱོད་འཇིགས་སྐུལ་གྱི་ལམ་དུ་མི་འཇུག་པ་ཞིག་སྟེ། སྔ་ལོར་སིར་སྦི་ཡ(The Republic of serbia)ལས་རང་བཙན་ཐོབ་པའི་ཁོ་སོ་ཝ་ཡིས་རང་བཙན་བྱས་པ་ཁྱབ་བསྒྲགས་བྱས་དུས། སིར་སྦི་ཡ་སྲིད་གཞུང་གིས་བཤད་པ་ནི། སིར་སྦི་ཡ་སྲིད་གཞུང་གིས་ཁོ་སོ་ཝ་ཡི་མངའ་དབང་གཏན་ནས་བློས་གཏོང་བ་མིན། ……འོན་ཀྱང་ཁོ་སོ་ཝ་རང་བཙན་བྱེད་པ་ལ་དྲག་ཤུགས་སྤྱད་དེ་བཀག་འགོག་གཏན་ནས་མི་བྱེད་ཅེས་པ་ལྟ་བུ་རེད།
སྒེར་གཅོད་རིང་ལུགས་པའི་སྲིད་ཀྱི་གདུག་རྩུབ་དྲན་པས་འཇིགས་པ།
ཡིན་ནའང་། དབང་མཐའ་སྒེར་གཅོད་རིང་ལུགས་པས་མི་དམངས་དང་མི་རིགས། མི་བུ་བཅས་ཀྱི་ཐོབ་ཐང་ཅི་རིགས་བརྩི་འཇོག་གཏན་ཕབ་གནང་བའི་ཡིག་ཆ་གང་རུང་ལ་མིང་རྟགས་བཀོད(རྒྱ་ནག་སྲིད་གཞུང་གིས་གོང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཆ་མང་ཆེ་བར་མིང་རྟགས་བཀོད་འདུག་པ་དང་། དེ་བཞིན་དུ“རྒྱལ་ཁབ་ཀྱིས་མི་བུའི་ཐོབ་ཐང་ལ་བརྩི་འཇོག་དང་ཁག་ཐེག་བྱེད་པ་ཡིན”ཞེས2004ལོར་བཟོ་བཅོས་བྱས་པའི《རྩ་ཁྲིམས》སུའང་བྲིས་འདུག)བཞིན་དུ། ཁ་དན་ཚིག་ལ་མི་གནས་ཤིང་ཆིངས་འགལ་བརྡལ་བཤིག་གིས་མི་དམངས་དང་མི་རིགས། མི་བུ་བཅས་ཀྱི་ཐོབ་ཐང་གང་ཡང་རྡོག་བརྫིས་བཏང་དང་གཏོང་བཞིན་པ་འུ་ཚོར་མྱོང་བ་ཟབ། མི་དམངས་དང་མི་རིགས། མི་བུ་བཅས་ཀྱི་འདོད་མོས་ལ་བརྩི་འཇོག་བྱེད་མིན་ནི་དུས་དང་རྣམ་པ་ཀུན་ཏུ་དམངས་གཙོ་དང་སྒེར་གཅོད་ཀྱི་ཁྱད་པར་གཙོ་བོ་རེད། དེང་གི་དུས་འདིར། འགྲོ་བ་མི་རྣམས་ཞི་བདེ་འབྱུང་མིན་གྱི་རྒྱུ་རྐྱེན་གཙོ་བོའང་ཕལ་ཆེར་འདི་ལས་མ་འདས་པར་འདོད། ཆ་བཞག་ན་འདི་ལྟར། བསམ་བློ་གུ་དོག་དཀྱེལ་ཡངས་མེད་པ། ལྟ་བ་རྙིང་ཞིང་མཁྲེགས་འཛིན་ཆེ་བ། སྤྱོད་པ་དྲག་གནོན་གདུག་རྩུབ་རྒོད་པ། འདོད་རྔམ་སྟག་ལྟར་འཕྱོ། བདག་འཛིན་སྤྱང་ལྟར་འཇབ། ཞེ་སྡང་འབྲོང་ལྟར་ངར། འཁོན་འཛིན་ཁྱི་ལྟར་ཟུག སྲེད་པ་ཕག་ལྟར་ཉལ། གཡོ་རྒྱུ་ཝ་ལྟར་རྒྱུ། གནས་ལུགས་རྒྱུ་འབྲས་མེད་པ། ཁྲེལ་བག་ངོ་ཚ་མེད་པ། ཁ་བཤད་དོན་ལ་མི་གནས་པའི་བུ་སྤུན་ཞིག་དང་ལྷན་དུ་ཁྱིམ་ཚང་གཅིག་གི་ནང་ལ་མི་ཚེ་སྐྱེལ་དགོས་པ་ཡིན་ན། ཆོས་ལུགས་དང་རིག་གནས་གཅིག་པའི་དབང་དུ་བཏང་ནའང་། ཕུ་ནུ་གཞན་དག“འཆམ་མཐུན”གྱིས་འཚོ་བ་རོལ་བའི་སྲིད་པ་ཨེ་ཡོད་དམ། དེ་བས་ཀྱང་། བོད་འདི་སྔོན་གྱི་དུས་སུ། “བོད་བོད་ཡུལ་ན་བདེ་བ་དང་རྒྱ་རྒྱ་ཡུལ་ན་བདེ”བའི་ཁེར་མགོ་ཡིན་པ་གཞིར་བཞག་དང་། ད་ལྟའི་དུས་ནའང《མོན་ཐེ་ཝེ་ཏིའོ་ཡི་རྒྱལ་ཁབ་ཀྱི་ཐོབ་ཐང་དང་འོས་འགན་སྤྱི་ཆིངས》ཀྱི་གཏན་ཕབ་དང་མཐུན་པ་སྟེ། (1)གཏན་འཇགས་ཀྱི་སྡོད་དམངས་ཡོད་པ། (2)དམིགས་བསལ་གྱི་མངའ་ཁོངས་ཡོད་པ། (3)སྲིད་གཞུང་ཡོད་པ། (4)རྒྱལ་ཁབ་གཞན་དང་དོན་དམ་གྱི་འབྲེལ་བ་བྱེད་པའི་ནུས་པ་ཡོད་པ་བཅས་ཀྱི་ཆ་རྐྱེན་ཡོད་པ་ཞིག་ཡིན་པ་སྨོས་མ་དགོས་ན། སྒེར་གཅོད་ལ་མོས་པ་མེད་པའི་ཤེས་རྟོགས་ཀྱིས་གསར་བརྗེ་བྱས་བྱུང་བ་ནི་རྐྱེན་འཛོམས་འབྲས་ཐོན་གྱི་ངང་ཚུལ་རེད།
དེའི་རྐྱེན་གྱིས་ད་ལོའི་ཞི་བའི་གསར་བརྗེ་ལས་སོ་སོའི་རང་དབང་དང་ཐོབ་ཐང་གི་ཕྱིར་དུ་ངོ་རྒོལ་དང་གྱེན་ལོག་བྱས་སོང་ལ། ནམ་རྒྱུན་གནོན་ཤུགས་ལྕི་དྲགས་པ་དང་། བཙན་ཚུགས་ལྕི་དྲགས་པ། ན་ཟུག་ལྕི་དྲགས་པའི་རྒྱུ་མཚན་གྱིས། གསར་བརྗེའི་སྒང་ལ་རྡུང་གཅོག་འཕྲོག་སྲེག་གི་སྣང་ཚུལ་བྱུང་སོང་བའང་བསྙོན་མི་ནུས་པའི་དོན་དངོས་གནས་ཚུལ་རེད། ད་ལོའི་རྡུང་གཅོག་འཕྲོག་སྲེག་གི་སྣང་ཚུལ་དེའི་འགོ་རྩོམ་སྣ་འདྲེན་དང་མེ་རྟ་སྒྲོན་མཁན་ནི་སྔོན་མ1989ལོའི“ལྷ་སའི་ཟིང་ཆ”རུ་བཏགས་པའི་སྐབས་ལྟར་སྒེར་གཅོད་དབང་སྒྱུར་པ་ཁོ་ཚོ་ལས་གཞན་མ་ཡིན་ཏེ། སྒེར་གཅོད་དབང་སྒྱུར་པའི་གཡོ་ཇུས་དང་ཧམ་རྫུས་ལས་བསྐྱེད་པ་ཡིན་ཚུལ་དེ་སྔར་ཁོ་ཚོའི་ནང་མིས་གསང་བ་བརྟོལ་བ་ལྟར་གྱི་ཡི་གེ་དེ་འདྲ་ད་སྔ་མ་མཐོང་མོད། བསམ་ངན་ཞེ་བཅངས་ཀྱིས་གཏོར་བཤིག་དང་དཀར་ས་ནག་འདེད་ཀྱི་ཉེས་ཅན་གཏེ་བོ་ནི་སྔར་བཞིན་སྒེར་གཅོད་དབང་སྒྱུར་པ་ཁོ་ཚོ་ཡིན་པ་ཕྱི་གླིང་གསར་ལམ་ཁག་ཏུ་མངོན་རྗེས་ཚད་མ་ཅི་རིགས་ཀྱིས་བདེན་དཔང་ཁུངས་འཕེར་བཟོས་འདུག་པ་སྐུ་ཞབས་ཐེའུ་རང་ལགས་ཀྱི《ཁྲག་ཡིག》ལས་བདེན་དཔང་ཆེན་པོ་བཞིའི་སྟེང་ནས་ར་སྤྲོད་གསལ་བཤད་བྱས་འདུག་པ་བཞིན་མཐོང་དུ་ཡོད་པ་དེ་བཞིན་དུ་འདུག་མོད། འོན་ཀྱང་། གཡོ་ཐབས་ལ་བྱང་ཆུབ་ཅིང་རྫུན་བཟོ་ལ་གོམས་ལོབས་སུ་སོང་བའི་སྲོལ་རྒྱུན་ཅན་གྱི་སྒེར་གཅོད་དབང་སྒྱུར་པ་ལ་ལྟོས་ཏེ། ཞུན་ཐར་ཇི་ལྟར་བཅད་ཀྱང་དག་འབུད་ཇི་ལྟར་བྱས་ཀྱང་སྡིག་པ་མིག་བཙུམས་སུ་འདུག་པ་དང་། དེ་མཚུངས་དཀར་ནག་བརྡ་འདེད་དང་དངོས་རྫུན་ཤན་འབྱེད་ཇི་ལྟར་བྱས་ཀྱང་སྒྲིབ་གབ་ནགས་ཀྱི་སྟག་འཐབ་གཟིག་འཐབ་ལ་དཔང་པོ་ཨ་སྔོན་གནམ་ལས་གཞན་མེད་ཕྱིར། རྒྱུ་མ་ཕུ་འདེད་ལ་སྙིང་པོ་མི་ལོན་པ་འདྲ་བས། ཁོ་བོ་ཁ་ནང་ལ་འཁོར་ཏེ། སེམས་རྣལ་ལ་ཕབ་སྟེ། བོད་མིས་བོད་མིའི་སེམས་ཁམས་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་རྒྱུ་འབྲས་དྲང་བདེན་གྱི་སྐད་ཆ་བཤད་ན། སྣང་ཚུལ་དེ་ནི་མང་པོ་འདུས་པའི་ཞད་དུ་སོང་བ་སྟེ། ཞོགས་འུར་གྱི་དབང་དུ་སོང་བ་དང་། ལད་ཟློས་ཀྱི་རྗེས་སུ་ཕྱིན་སོང་ཡོད་པ་ཁོ་བོས་རྗེས་སུ་དཔགས་པས་ཤེས། དེའི་ཕྱིར། དེ་ནི་དམིགས་ཡུལ་དང་འཆར་གཞི་གང་ཡང་མེད་པའི་དོན་རྐྱེན་ཞིག་ལས་མ་འདས་པར་འདོད། དོན་རྐྱེན་ཆུང་ངུ་དེ་སྒེར་གཅོད་པའི་འཆར་གཞི་ཡོད་པ་དང་། རྩ་འཛུགས་ཡོད་པ། དམིགས་ཡུལ་ཡོད་པ། རྒྱུན་ཡུན་ཡོད་པའི་རྡུང་གཅོག་འཕྲོག་སྲེག་དང་བསྡུར་ན་དེའི་བརྒྱ་ཆ་དང་སྟོང་ཆ། ཁྲི་ཆར་ཡང་མི་འོང་བ་ཀུན་ལ་གསལ་ཆ་ཡོད་པ་དང་། དེ་ནི་རྡུང་གཅོག་འཕྲོག་སྲེག་ཆུང་བ་དང་རྡུང་གཅོག་འཕྲོག་སྲེག་ཆེན་པོ་གཉིས་ཀྱི་ཁྱད་པར་རེད།
ད་ལོའི་ཞི་བའི་གསར་བརྗེའི་སྒང་དུ་ས་ཆ་ལ་ལར་རྡུང་གཅོག་འཕྲོག་སྲེག་གི་སྣང་ཚུལ་བྱུང་འདུག་པ་ནི་དོན་དངོས་གནས་ཚུལ་ཡིན་ཕྱིར་ཁས་མི་ལེན་རང་ལེན་ཆགས་ཡོད། ཡིན་ནའང་དེ་ནི་རྡུང་གཅོག་འཕྲོག་སྲེག་ཆུང་ངུ་རེད། དེ་ལྟར་བཤད་པ་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་ཞོགས་འུར་དང་ལད་ཟློས་ཀྱི་དབང་དུ་སོང་བ་ཞིག་ཡིན་པས་དང་། གཉིས་ནི་འཆར་གཞི་དང་རྩ་འཛུགས། དམིགས་ཡུལ་ཡོད་པ་ཞིག་མ་ཡིན་པས་སོ།། མི་ལ་རྡུང་། དངོས་པོ་གཅོག རྒྱུ་ནོར་འཕྲོག དངོས་རྫས་སྲེག ཐ་སྙད་ཀྱི་ངོས་ཁོ་ན་ལ་བསམ་ནའང་རྡུང་གཅོག་འཕྲོག་སྲེག་ནི་དྲག་པོའི་ལས་ཡིན་པ་ཤེས། རྡུང་གཅོག་འཕྲོག་སྲེག་ཆེ་ཆུང་གང་ཡིན་ཀྱང་རྣམ་པ་དྲག་པོ་དང་ངོ་བོ་འཇིགས་རུང་ཡིན་པ་གཅིག་མཚུངས་རེད། དྲག་འཇིགས་ཀྱི་ཆོས་དང་ལྡན་པའི་བྱེད་སྟངས་ནི་ཕྱོགས་སྐྱོར་དང་སྐུལ་སློང་། དར་སྤེལ་གཏོང་རྒྱུའི་ལས་ཤིག་གཏན་ནས་མ་ཡིན་པར་འདོད། རྡུང་གཅོག་འཕྲོག་སྲེག་ཆེ་ཆུང་གང་ལའང་ཁོ་བོ་མོས་པ་མེད་པར་མ་ཟད་ད་ལོའི་གསར་བརྗེ་ནི་ཞི་བའི་གསར་བརྗེ་ཡིན་པ་སྨོས་མ་དགོས་ལ། ཞི་བའི་གསར་བརྗེ་ནི་རྡུང་གཅོག་འཕྲོག་སྲེག་གི་དྲག་པོའི་རྣམ་པས་མངོན་མི་རིགས་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། རྡུང་གཅོག་འཕྲོག་སྲེག་ཆུང་ངུ་ཡིས་ལས་མཐའ་འཁྱོངས་དཀའ་སྟེ། རྡུང་གཅོག་འཕྲོག་སྲེག་ཆེན་པོ་དང་འགྲན་ཡ་འོང་བ་མ་རེད། སྒོ་ང་བྲག་ལ་བརྡབས་པ་དང་མཚུངས།
འོ་ན་རྡུང་གཅོག་འཕྲོག་སྲེག་ཆེན་པོ་ནི་ག་འདྲ་རེད་ཟེར་ན། མི་ལོ་ལྔ་བཅུའི་རིང་ལ། བོད་མི་བླ་མ་དཔོན་པོ་ནས་སྐུ་དྲག་མི་དྲག་བར་དང་། སྐྱ་སེར་ཕོ་མོ་ནས་རྒན་དར་གཞོན་གསུམ་བར། ཞིང་པ་འབྲོག་པ་ནས་མགར་པ་ལྷམ་འདེབས་བར་དུ། ཐོབ་ཐང་མཐོ་དམན་ལ་མ་ལྟོས་པར། རྒྱུ་ཡོད་རྒྱུ་མེད་ལ་མ་ལྟོས་པར། ཤེས་འཇོན་ནུས་པ་ལ་མ་ལྟོས་པར། དཔའ་ཡོད་དཔའ་མེད་ལ་མ་ལྟོས་པར། ཉེས་ཡོད་ཉེས་མེད་ལ་མ་ལྟོས་པར། ཐོ་བས་བརྡུངས། ལྕག་གིས་བྲབས། སྒྲོག་གིས་བཅིངས། མདའ་ཡིས་བསད། བཙོན་ལ་བཅུག འཐབ་རྩོད་བྱས།ལྟོགས་གྲིར་ཤི་བ་བརྒྱ་སྟོང་མང་པོ། ཁྲི་ཕྲག་མང་པོ། འབུམ་ཕྲག་མང་པོ་ཡོད་པའི་འདས་སོང་གི་ལོ་རྒྱུས་འདུག་པ་དེ་བཞིན། ད་ལྟ་ད་དུང་བྱེད་སྟངས་དེའི་སྲོལ་མ་བཏང་བར། ཆེ་བ་མནན། ཆུང་བ་གཟིར། འབུར་བ་བཅོམ། ལེབ་མོར་བརྡུངས་པའི་འཆར་གཞི་དང་རྩ་འཛུགས། དམིགས་ཡུལ་ཡོད་པ་དེ་ནི་ད་གཟོད་རྡུང་ཆེན་པོ་རེད་ལ། བོད་མི་ཞིག་ཡིན་ཕྱིན་གོ་ཐོས་མེད་པ་མེད། དེ་བཞིན་མི་བུའི་མགོ་བོ་གཅོག མི་རིགས་ཀྱི་གཉའ་བ་གཅོག མངའ་ཁོངས་ཀྱི་རྐེད་པ་གཅོག ཁོར་ཡུག་གི་གཡང་རྟེན་གཅོག དགོན་སྡེའི་རྟེན་གསུམ་གཅོག གྲོང་སྡེའི་རྒྱུ་རྫས་གཅོག སྲིད་ཀྱི་སྲོག་ཤིང་གཅོག འབྱོར་བའི་རྩ་བ་གཅོག རིག་གནས་ཀྱི་རུས་རྐང་གཅོག་པའི་འཆར་གཞི་དང་རྩ་འཛུགས། དམིགས་ཡུལ་ཡོད་པ་དེ་ནི་ད་གཟོད་གཅོག་ཆེན་པོ་སྟེ། མི་ཡུལ་དུ་མཐོང་དཀོན་པའི་གོད་ཆག་གནམ་ལྷུང་རེད། དེ་བཞིན་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འཕྲོག  ཚེ་སྲོག་གི་ཐོབ་ཐང་འཕྲོག  རྒྱུ་ནོར་གྱི་ཐོབ་ཐང་འཕྲོག རྩིས་ཐང་གི་ཐོབ་ཐང་འཕྲོག རོགས་སྐྱོར་གྱི་ཐོབ་ཐང་འཕྲོག འདྲ་མཉམ་གྱི་ཐོབ་ཐང་འཕྲོག མི་ལུས་ཀྱི་རང་དབང་འཕྲོག སྨྲ་བརྗོད་ཀྱི་རང་དབང་འཕྲོག དད་མོས་ཀྱི་རང་དབང་འཕྲོག འདུ་འཛོམས་ཤོག་སྒྲིལ་གྱི་རང་དབང་འཕྲོག དབུལ་ཕོངས་མྱོང་མི་དགོས་པའི་རང་དབང་འཕྲོག འཇིགས་སྐྲག་མྱོང་མི་དགོས་པའི་རང་དབང་འཕྲོག་པའི་འཆར་གཞི་དང་རྩ་འཛུགས། དམིགས་ཡུལ་ཡོད་པ་དེ་ནི་ད་གཟོད་འཕྲོག་ཆེན་པོ་རེད་ལ། ཟོག་ཞིག་མིན་ན་སུས་མི་ཤེས། དེ་བཞིན་ས་སྟེང་གི་རྫས་སྲེག ས་འོག་གི་གཏེར་སྲེག མེས་པོའི་ཤུལ་བཞག་སྲེག ལྷག་པར་དུ་མི་བུའི་ནང་སེམས་སྲེག་པའི་འཆར་གཞི་དང་རྩ་འཛུགས། དམིགས་ཡུལ་ཡོད་པ་དེ་ནི་ད་གཟོད་སྲེག་ཆེན་པོ་སྟེ། ཡོད་ཚད་ཐབས་ཟད་ཅིང་འུ་ཐུག་པར་བྱས་པའོ།། རྡུང་གཅོག་འཕྲོག་སྲེག བོད་མི་རྣམས་ཀྱིས་མིང་དེ་འདྲ་འདོགས་མི་ཤེས་ལ། འདོགས་ཤེས་ཀྱང་ངག་ནས་བརྗོད་མི་ནུས་པའི་འཇིགས་སྐྲག་ཡོད། ཁོ་བོས་ཁོ་ཚོས་བསྙད་པའི་བཏགས་མིང་དེ་གཞི་བྱས་ཏེ་བཤད་ན། སྒེར་གཅོད་དབང་སྒྱུར་པའི་འཆར་གཞི་དང་རྩ་འཛུགས་དང་དམིགས་ཡུལ་དང་རྒྱུན་ཡུན་ཡོད་པ་དེ་ནི་ད་གཟོད་རྡུང་གཅོག་འཕྲོག་སྲེག་དངོས་མ་རེད་ལ་རྡུང་གཅོག་འཕྲོག་སྲེག་ཆེན་པོ་རེད། ཡོད་ཚད་ཐབས་ཟད་ཅིང་འུ་ཐུག་པར་བཟོས་པའི་རྐྱེན་གྱིས་རྡུང་གཅོག་འཕྲོག་སྲེག་ཆུང་ངུ་བྱུང་སོང་བ་ཡང་རྒྱུ་མཚན་མེད་པ་ཞིག་མ་རེད། མི་རིགས་གཉོམ་ཆུང་ཚུལ་ལྡན་ཞིག་གི་སྟེང་ལ་རྡུང་གཅོག་འཕྲོག་སྲེག་ཆེན་པོ་དེ་འདྲ་བྱུང་དང་འབྱུང་བཞིན་པ་ནི་འཛམ་གླིང་སྒང་འདིར་མང་པོ་ཡོད་པ་མ་རེད། ཁོ་བོ་རྡུང་གཅོག་འཕྲོག་སྲེག་ཆེན་པོའི་སྡུག་བསྔལ་དངོས་སུ་མྱངས་པའི་མི་བུ་ཞིག་མིན་ནའང་། སྡུག་བསྔལ་དེ་དག་མྱངས་དང་མྱོང་བཞིན་པའི་མི་རིགས་གང་དེའི་ཆ་ཤས་ཤིག་ཡིན་པའི་ཆ་ནས། རྡུང་གཅོག་འཕྲོག་སྲེག་ཆེན་པོ་དེ་རིགས་ཐོས་ཀྱིན་ཐོས་ཀྱིན། བསམ་གྱིན་བསམ་གྱིན། དྲན་གྱིན་དྲན་གྱིན་ཁོང་འདར་རྒྱག་རྒྱུ་ཡོད་པ་ནི་འཇིགས་པའི་ཚོར་པ་ལས་ཀྱི་དང་པོ་སྟེ།  སྒེར་གཅོད་རིང་ལུགས་པའི་སྲིད་ཀྱི་གདུག་རྩུབ་དྲན་པས་དང་།
མི་རིགས་རིང་ལུགས་ཐལ་མཐའ་པར་ལྟུང་ཉེན་ལ་འཇིགས་པ།
ཡང་། བོད་རྒྱ་གཉིས་ཀྱི་གནད་དོན་འདི། གནད་མ་འཁྲུགས་པར་བཤད་ན། བོད་དང་སྒེར་གཅོད་དབང་སྒྱུར་པ་གཉིས་བར་གྱི་གནད་དོན་འདི། “བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ”ཞེས་པའི་སྔོན་གྱི་སྤྱི་ཚོགས་གནས་སྟངས་ལྟར། ད་ལྟ་རང་དབང་དང་འདྲ་མཉམ། དམངས་གཙོའི་ཐབས་ལམ་གྱིས་ཐག་མ་བཅད་པར། སྔར་བཞིན་རྡུང་གཅོག་འཕྲོག་སྲེག་གི་བསམ་སྦྱོར་དང་བྱེད་ཕྱོགས་སྤྱད་དེ་དབང་སྒྱུར་བ་དང་། དེ་ལས་ཀྱང་ཚབས་ཆེ་བའི་ཁོར་ཡུག་སྦགས་བསླད་དང་། ཐོན་ཁུངས་ཧམ་འཛིན། མི་འབོར་གནས་སྤོ། ཆབ་སྲིད་དྲག་གནོན་གྱིས། “ཆེས་མཐའ་མཇུག་གི་གཙང་མའི་གནས”ཀྱི་རིགས་རྒྱུད་ཆེན་པོ་འདི“མི་ལོ་བཅོ་ལྔའི་ནང་ལ”རྩ་སྣུབ་གཏོང་བའི་འཆར་གཞི་དང་དམིགས་ཡུལ་བཟོ་བ་ཡིན་ན། ལྟོས་ས་ལྟོས་འཇོག་གིས་དུས་ཡུན་རིང་པོའི་ནང་ལ་འཚེ་མེད་ཞི་བདེའི་རྣམ་པར་གནས་པའི་ཧི་མ་ལ་ཡའི་བྱང་ཕྱོགས་འདི། དམར་པོ་ཁྲག་གི་འཁོར་ལོ་བསྐོར་བའི་མི་ཡུལ་གྱི་འཐབ་ར་གསར་པ་ཞིག་ཏུ་ཆགས་རྒྱུའི་སྔ་ལྟས་འདུག
དེ་ལ་ཕྱོགས་གཅིག་ནི་རིགས་ཀྱི་འདུ་ཤེས་རྙེད་འགོ་ཚུགས་པའི་བོད་དེ། བོད་རྣམས་ལ་སྒེར་གཅོད་དབང་སྒྱུར་པ་ནང་བཞིན་གྱི་མདའ་མདེའུ་དང་གོ་མཚོན་ཧུར་ཧུར་རྡོར་ཞིང་དུག་རྫས་དང་འགད་རྫས་སོག་སོག་འཆང་བའི་དམག་དཔུང་གོ་ཧྲག་མེད་ནའང་། བོད་རྣམས་ནི་སྙིང་སྟོབས་དང་དད་པའི་མདའ་མདེའུ་མང་ཞིང་བཟོད་བསྲན་དང་ཧུར་བརྩོན་གྱི་གོ་ཆ་ཐམས་ཅད་དུ་བགོས་པའི་རིགས་ཤིག་སྟེ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། མངའ་དབང་གི་འདུ་ཤེས། ཆབ་སྲིད་ཀྱི་འདུ་ཤེས། ས་ཁོངས་ཀྱི་འདུ་ཤེས། མི་རིགས་ཀྱི་འདུ་ཤེས། མི་བུའི་འདུ་ཤེས་རྙེད་འགོ་ཚུགས་པ་དང་། རང་དབང་གི་གོ་རྟོགས་དང་། འདྲ་མཉམ་གྱི་གོ་རྟོགས། ཐོབ་ཐང་གི་གོ་རྟོགས། བདག་ཉིད་ཀྱི་གོ་རྟོགས། དམངས་གཙོའི་གོ་རྟོགས་སད་འགོ་ཚུགས་ཏེ། སྒེར་གཅོད་དང་དབང་སྒྱུར། གཡོ་རྫུ་དང་ཟོལ་བཅོས། མགོ་སྐོར་དང་བསླུ་བྲིད། ཚ་གཅུན་དང་དྲག་གནོན། རྡུང་གཅོག་འཕྲོག་སྲེག་ལ་མོས་པ་མེད་པར། ཡོངས་ཁྱབ་རིན་ཐང་གི་ཕྱིར་དུ་དཀའ་ཁག་སྡུག་བསྔལ་དང་རྙེད་གྲགས་བདེ་བསྟོད་ལ་ལྟོས་པ་མེད་ཅིང་ཐ་ན་གཅེས་པའི་ཚེ་སྲོག་ཀྱང་འཛེམ་དོགས་མེད་པར་འབུལ་ཕོད་པའི་སྙིང་སྟོབས་ཀྱིས་ཕྱུག་པ་དང་། བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་བསྐྱེད་ཀྱི་རིག་གནས་བསམ་བློ་གཙོ་རྒྱུགས་ཡིན་པ་མ་གཏོགས། བསྟན་པ་དང་སྟོན་པའི་ཕྱིར་དུ་བསྟན་དགྲ་དང་ལྟ་ལོག་ཏུ་བཏགས་པ་ཅི་རིགས་བསད་བསྒྲལ་སྲོག་ཐོག་བཏང་ཡང་དམྱལ་བར་མི་ལྟུང་ཟེར་བའི་ཆོས་ལུགས་ཐལ་མཐའ་པའི་འདམ་ག་གཏང་དུ་ཡོད་པའི་དད་པ་ཅན་དང་། སྔོན་མིའི“བོད་རེ་བས་ཕོངས”ཞེས་པའི་བཤད་རྒྱུན་དེ་ད་ལྟ“བོད་རེ་བས་བརྟས”སུ་སོང་ཞིང་། སོ་སོས་གང་འདོད་པའི་ཕྱིར་དུ“སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ”བའི་འཇིགས་བྲལ་ཆོད་སེམས་བརྟན་པོའི་བོད་མི་རིགས་ཡིན་པ་དང་།  
ཕྱོགས་ཅིག་ཤོས་ནི་མི་རིགས་རིང་ལུགས་ཀྱི་ཚོར་པ་རྣོ་བའི་རྒྱ་སྟེ། ཁ་གྲངས་ས་ཡར་ལོངས་པའི་དམག་དཔུང་དང་། ཉེན་རྟོག བདེ་སྲུང་གི་དྲག་པོའི་དཔུང་ཤུགས་ལ་རྒྱབ་བརྟེན་པའི་སྒེར་གཅོད་སྲིད་གཞུང་གི་རང་ལྟ་མཆོག་འཛིན་དང་། གུ་དོག་མགོ་མཁྲེགས། དམ་དྲག་དབང་སྒྱུར་གྱི་གདུག་རྩུབ་སྲིད་ཇུས་རྒོད་པ་དང་། “མེ་མདའི་ཁ་ལས་སྲིད་དབང་ཐོན”ཟེར་བའི་གཡུལ་འཁྲུག་དྲག་པོའི་འཐབ་རྩོད་ཀྱི་བསམ་བློས་ཁོག་བརླམས་ཤིང་། རྫུན་གཏམ་གང་ཞིག་བརྒྱ་ཚར་བཟླས་ན་བདེན་གཏམ་དུ་འགྱུར་ཟེར་བའི་སྒེར་གཅོད་གཏན་ཚིགས་བཅངས་ནས། རང་གི་དབང་སྒྱུར་སྲ་བརྟན་དང་འཇིག་ཉེན་འགོག་ཕྱིར། སྐབས་དང་སྐབས་སུ་རང་གི་མི་རིགས་ལ་ཤོག་སྦུག་ཕུ་རྒྱག་དང་གོ་ངན་ཀླད་བླུགས་ཀྱིས་མི་རིགས་རིང་ལུགས་ཀྱི་ཁོག་དཔུང་ལ་རྒྱ་བསླངས་དང་སློང་བ་ལས། རྒྱ་མི་ཕལ་ཆེ་བ་སྣང་བ་དགུང་། ཚོར་པ་མཁའ། རྐང་སྣེ་ས་ལ་མི་ཐུག་པའི་འཁྲུལ་སྣང་ཅན་དུ་གྱུར་འདུག་པ་དང་། སྔོན་ཆད་དུ། ཁོ་ཚོས་མི་དང་མི་ངོ་འཕྲད་དུས། “ཟོས་ཟིན་ནམ”ཞེས་འདྲི་བ་ནི་བོད་རྣམས་ཀྱིས“བདེ་མོ་ཡིན་ནམ”དང“བཀྲ་ཤིས་བདེ་ལེགས”ཞེས་བརྗོད་པ་དང་མཚུངས། དེའི་ཤུགས་ལས་ཁོ་ཚོའི་སྔོན་མ་རྣམས་ཀྱིས་ལྟོགས་སྐོམ་གྱི་སྡུག་བསྔལ་ཚད་མེད་མྱངས་མྱོང་བ་རྟོགས་སླ་མོད། འོན་ཀྱང་། བཅོས་སྒྱུར་སྒོ་འབྱེད་ཅེས་པའི་རྗེས་ནས་བཟུང་། མི་རྣམས་ལ་འབྱོར་པ་ཅུང་རྒྱས་ཤིང་ཟ་འཐུང་ལ་མི་སྡུག་པའི་དུས་ཤར་པའི་ཁ་སང་དེ་རིང་ལ། མི་ལོ་ལྔ་བཅུའི་རྗེས་སུ་སའི་གོ་ལའི་སྡེ་དཔོན་རྒྱ་མི་རིགས་ཡིན་སྙམ་པ་དང་འཛམ་གླིང་གི་བདག་པོ་ཀྲུང་གོ་ཡིན་ཟེར་ནས་ནམ་རྒྱུན་ཁ་ཕོ་སྒྲོག་མཁན་མང་ལ། ལྷག་པར་དུ་ད་ལོའི་ཞི་བའི་གསར་བརྗེའི་རྗེས་སུ། འཛམ་གླིང་ཕྱི་ནང་ཀུན་ཏུ་དཔའ་ངོམ་དཔུང་སྟོན་གྱི་དོན་རྐྱེན་དང་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་མི་རིགས་རིང་ལུགས་ཐལ་མཐའ་པའི་རྟགས་ཅི་རིགས་བསྟན་ནས། “བོད་ཡོད་ཚད་སོད་ཞོག ཤོས་ཞོག རྩ་མེད་ཐོངས་ཞོག”སོགས་ཀྱི་སྐད་ཆ་གང་མང་མཐོང་ཐོས་བྱུང་། དེ་ཡིས“མེད་པོ་ཡར་སོང་གི་མགོ་བོ་ཞྭ་ལ་མི་ཤོང”ཞེས་པའི་དཔེ་དེ་བདེན་དཔང་བྱས་སོང་ལ། བརྒྱགས་ཆེ་ཚེ་བདེན་པ་དང་གནས་ལུགས་གང་ཡང་མི་བརྩི་བའི་ང་རྒྱལ་ཅན་དང་རང་རློམ་ཅན་དུ་ཆགས་འདུག  ཚུལ་དེ་ནི་འོད་ཟེར་ལགས་ཀྱི《མཐོང་མི་ཐུབ་པའི་བོད》ཅེས་པའི་དྲ་རྒྱའི་ཟིན་བྲིས་ལས་ཀྱི་སྦྱར་ཡིག་སྐད་ཆ་གཤམ་གསལ་དག་ལས་ཤེས་ནུས་ཏེ། འདི་སྐད་དུ།
……
དོན་དངོས་སུ་མི་རིགས་གནད་དོན་གྱི་གཞི་རྩ་ནི་མི་གྲངས་མང་ཉུང་གིས་ཐག་ཆོད་པ་ཞིག་དང་། བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་ཆེས་ལེགས་ཤོས་ནི་མི་འབོར་གནས་སྤོ་བྱས་པས་འཐུས་པ་ཞིག་རེད།
དང་པོ། ཞིན་ཅང་ལ་སྤྱད་པའི་ཐབས་དེ་འབྲས་བུ་ལྡན་པ་ཞིག་ཡིན་ཕྱིར། དབུས་གཞུང་གིས་བོད་དུའང་བོད་ལྗོངས་ཐོན་སྐྱེད་འཛུགས་སྐྲུན་དམག་ཤོག་ཅེས་པ་ཞིག་གསར་འཛུགས་གནང་རྒྱུར་བསམ་བློ་གཏོང་འོས་ལ། ཡུ་གུར་ལྟ་བུའི་མི་རིགས་རྒོད་པོ་དེ་འདྲའང་དབང་འོག་ཏུ་བསྡུས་ཏེ་གུས་གུས་ཞུམ་ཞུམ་བཟོས་ཡོད་ན། བོད་མི་ལྟ་བུས་དོ་ཟླར་ག་ལ་འོང་།
གཉིས་པ། རྒྱ་རིགས་ནི་གང་ལྟར་གཙོ་བོའི་མི་རིགས་ཡིན་ཕྱིར། བོད་མི་དྲག་གནོན་བྱེད་ཚེ། སེམས་སུ་ཉེས་བྱས་ཀྱི་ཚོར་པའི་དབང་གིས་འཛེམ་དོགས་ཅུང་ཟད་ཡོད་པ་རེད། ཧོས་རིགས་ལ་སེམས་ཁམས་དེ་འདྲ་མེད་ཕྱིར་ཉིང་ཞ་ས་ཆའི་ཧོས་རིགས་ཚོ་བོད་དུ་གནས་སྤོ་བྱེད་བཅུག་སྟེ་བོད་མིའི་ཁ་གནོན་དུ་མངག་རྒྱུ་དང་། བོད་དུ་དབྱི་སི་ལམ་གྱི་ལྷ་ཁང་གང་མང་བཞེངས་ནས། དགྲར་བརྟེན་དགྲ་འདུལ་གྱི་ཐབས་ཤེས་སྤྱོད་པ་སྟེ། རྒྱལ་ཁབ་སྐྱོང་བ་ལ་ཐ་ཤལ་ཆགས་རྒྱུའི་འཛེམ་དོགས་ཡོད་མི་རུང་།
གསུམ་པ། འཆར་ལྡན་བུ་སྐྱེ་ལ་བརྟེན་ནས་བོད་མིའི་མི་གྲངས་འཕེལ་བ་ཚོད་འཛིན་བྱེད་པ།
བཞི་པ། རྒྱ་བོད་གཉེན་བསྡེབས་ལ་དཔང་བསྟོད་དང་མི་རིགས་འདྲ་སྒྱུར་དམ་གཙིགས་བྱེད་རྒྱུ་དང་། ཨ་མདོ་དང་ཁམས(青川甘)ཀྱི་བོད་རིགས་རང་སྐྱོང་ཁུལ་ཁག་ཅིག་གྲོང་ཁྱེར་ཆགས་ཚད་ལྡེང་བར་ཁ་གཡར་ཏེ། གྲོང་ཁྱེར་དུ་བཏགས་པ་ཡིན་ན། རང་སྐྱོང་ཁུལ་དང་རང་སྐྱོང་ལྗོངས་ཟེར་བ་རྣམས་ངང་ཤུགས་ཀྱིས་མེད་པ་ཆགས་འགྲོ་ཡི་རེད།
ལྔ་པ། དྲག་གནོན་ནི་རྔམ་གནག་ཡིན་འོས་ལ་སྙིང་རྗེ་གཏན་ནས་སྒོམ་མི་རུང་། ཀྲུང་གོ་ནི་ཉིང་རྡུལ་འཆང་བའི་སྟོབས་ཅན་རྒྱལ་ཁབ་ཡིན་ཕྱིར། ནུབ་ཕྱོགས་པ་ཚོའི་མཐོ་བཤད་དམའ་བཤད་ལ་སྣང་དོགས་བྱེད་དོན་མེད། ཀྲུང་གོ་ནི་སིར་སྦི་ཡ་མ་ཡིན། བརྒྱ་ལ་མི་རིགས་རྩ་མེད་བཟོས་པར་ཆ་བཞག་ནའང་། ཀྲུང་གོ་ལ་སུས་ཀྱང་ག་རེ་བྱེད་མི་ནུས། དོན་དངོས་སུ་ཀྲུང་གོས་རིགས་རྒྱུད་རྩ་མེད་བཟོས་པའི་ཡ་ལ་དཀྲིས་ཀྱི་ཉེས་མིང་ཁུར་ཡོད་དེ། ཀྲུང་གོས་བོད་མི་ཁྲི་བརྒྱ་ལྷག་བསད་ཡོད་ཅེས་ཏཱ་ལས་གང་ས་གང་དུ་སྒྲོག་གི་འདུག དེས་ན་ཀྲུང་གོས་བོད་མི་ཅི་བས་མང་བ་ཞིག་སོད་ཞོག་དང་། ཁྲི་བརྒྱ་དང་ཉི་ཤུ་བསད་གྲངས་ལོངས་ན་ནི། རང་ལ་བསྙོན་ཆེན་པོ་བཙུགས་སོང་སྙམ་པའི་བསམ་པའང་མེད་འགྲོ་བའོ།། ཞེས་སོགས་རྒྱ་མི་མང་ཤོས་ལ་ཀུ་རེ་དང་དོན་གཏམ་འདྲེས་མའི་ལྐོག་གཡོ་ངན་ཇུས་ཡོད་པ་ལས་རྟོགས་ནུས། གང་ལྟར་ཕྱོགས་ཅིག་ཤོས་དེ་ནི་འཇིག་རྟེན་ཐམས་ཅད་མིག་ནང་ལ་མེད་ཅིང་མར་ཞད་དུ་གཅོད་པའི་མི་རིགས་རིང་ལུགས་ཐལ་མཐའ་པར་ཆགས་པའི་རྒྱ་མི་རིགས་རེད།
མི་རིགས་འདི་གཉིས་མི་རིགས་མི་འདྲ་བ་གཉིས་ཡིན་པའི་ཆ་ནས་སྔོན་ཆད་འཁྲུག་རྩོད་བྱུང་མྱོང་ཡོད་ཅིང་རྒྱལ་རེས་དང་ཕམ་རེས་བྱུང་མྱོང་ཡོད། དངོས་གནས་མི་ལོ་ལྔ་བཅུའི་ནང་ལ“ལག་ཐུག་པའི་འབྲས་བུར”བོད་རྣམས་ཕམ་པ་ཡོད་ཅིང་། ཡར་དེད་དེ་བཙན་པོའི་སྐབས་སུ་བོད་རྣམས་ཀྱིས་རྒྱ་ནག་རྒྱལ་ས་བཅོམ་པའི་ལོ་རྒྱུས་ཀྱང་ཡོད། ད་ཚོད་དུ། སྒེར་གཅོད་པའི་འཁྲུག་རྩོད་ཀྱི་གཏན་ཚིགས་ལྟར་དྲག་པོའི་འཐབ་འཛིང་གིས་རྒྱལ་ཕམ་འབྱེད་པའི་དབང་དུ་བཏང་ན། ཁུ་ཚུར་དང་མེ་མདའི་གདོང་གཏུག་ཡིན་པ་མ་བཤད་དང་། བོད་རྣམས་ཀྱིས་རྒྱ་དང་མང་ཤེད་ཉུང་གིས་མི་ལྡེང་བ་སྟེ་གཅིག་དང་ཉིས་བརྒྱའི་བསྡུར་གྲངས་རེད་མོད། འཁོན་ལན་འཁོན་གྱིས་ལེན་པ་དང་དུག་ལན་དུག་གིས་འཇལ་བའི་བསམ་བློ་ཅན་གྱི་སྣ་འདྲེན་ཞིག་བྱོན་རེ་སོང་ན། བོད་རྣམས་ནི་རེ་རེ་བཞིན་མགར་ཁྲི་འབྲིང་ལྟ་བུར་མི་སྐྱེ་བའི་ངེས་པ་མེད་པ་དང་། དེ་ལྟར་བྱུང་ཚེ་དེ་དུས་ནི་སྟག་འཐབ་གཟིག་འཐབ་མ་ཡིན་ཀྱང་ཁྱི་འཐབ་སྤྱང་འཐབ་ལྟ་བུ་ཡིན་སྲིད་ཅིང་། རྒྱུ་མ་མི་ལ་མེད་པ་དང་རྒྱུ་ཁུ་ཁྱི་ལ་མེད་པ་ཞིག་བཟོས་ཏེ་བོད་ཡུལ་འདི་ཁྲག་དཀྲུགས་རྣག་དཀྲུགས་བྱེད་སའི་འཐབ་ར་ཞིག་ཏུ་ཆགས་མི་སྲིད་པའང་མ་རེད། ཡིན་ནའང་། དེང་དུས་ཀྱི་རང་དབང་དམངས་གཙོའི་གསར་བརྗེ་དང་རྩོད་ལེན་གང་ཡང་ཞི་བའི་གསར་བརྗེ་དང་ཞི་བའི་རྩོད་ལེན་ཡིན་ཞིང་། ཞི་བའི་གསར་བརྗེ་དང་ཞི་བའི་རྩོད་ལེན་ནི་གོ་མཚོན་ངར་མིན་དང་མི་གྲངས་མང་ཉུང་གི་རྗེས་སུ་འགྲོ་ལྡོག་བྱེད་མི་སྲིད་པས་སུ་རྒྱལ་སུ་ཕམ་གྱི་སྐད་ཆ་ད་དུང་བཤད་དཀའ་ཚོད་རེད། གང་ལྟར། ཁོ་བོ་འཇིགས་པ་ནི། བརྒྱ་ལ་མི་རིགས་འདི་གཉིས་མི་རིགས་རིང་ལུགས་ཐལ་མཐའ་པར་ཆགས་ཚེ། ཕན་ཚུན་དགྲ་རུ་བཟུང་ནས་དྲག་པོའི་དམར་འཛིང་གི་ལམ་དུ་གཞུག་ཉེན་ཆེ་ཞིང་། རྒྱལ་ཁབ་འཇིགས་སྐུལ་རིང་ལུགས་པ་དང་མི་རིགས་འཇིགས་སྐུལ་རིང་ལུགས་པར་མི་སྒྱུར་བའི་ངེས་པ་མེད་ཕྱིར། ཁོ་བོ་ཞི་བདེ་ལ་མོས་པ་ཞིག་ཡིན་པའི་ཆ་ནས། རྣམ་པར་རྟོག་གིན། ཞིབ་ཏུ་བསམ་གྱིན། རྗེས་སུ་དཔོག་གིན་ཞེད་སྣང་སྐྱེ་བ་ནི་འཇིགས་པའི་ཚོར་པ་ལས་ཀྱི་གཉིས་པ་སྟེ། སྒེར་གཞུང་གང་ཡང་མི་རིགས་རིང་ལུགས་ཐལ་མཐའ་པར་ལྟུང་ཉེན་ལ་དཔགས་པས་དང་།
 
ཁོ་བོ་མི་སྒེར་གྱི་བདེ་སྡུག་ལ་དཔགས་པས་འཇིགས་པ།
ཡང་། རང་དབང་ནི་ཁོ་བོའི་ཚེ་སྲོག་གི་རིན་ཐང་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་ལ། དེའི་ཕྱིར་དུ་དཀའ་ལས་རྒྱག་གི་ཡིན་ཞེས་ཁོ་བོས་སོས་དལ་དུས་དེ་འདྲའི་ཁ་ཕོ་གནམ་ལ་མི་ཤོང་བ་བསྒྲགས་མྱོང་ཡོད་ནའང་། ད་ལོར་བོད་རྣམས་ཀྱིས་རང་དབང་གི་ཕྱིར་དུ་ཞི་བའི་གསར་བརྗེ་བྱེད་སྒང་ལ། ཁོ་བོ་ཁ་འཁུམས་ལག་འཁུམས་སུ་གྱུར་ཅིང་སྣང་འཇོག་མེད་པ་ལྟར་བསྡད་པ་ནི། བླུན་འཁྱོག་སྤྱང་གསུམ་གྱི་ཞད་ཆེ་བས་མ་ཡིན་ལ་ཟབ་ཚུལ་དང་སྒམ་ཚུལ་བསྟན་པ་དེ་བས་ཀྱང་མ་ཡིན་པར། གཅིག་ན་ཁོ་བོར་གྲ་སྒྲིག་གང་ཡང་མེད་པས་དང་། གཉིས་ན་ཁོ་བོའི་ཅི་ཞིག་ལ་འཇིགས་པས་དང་། གསུམ་ན་ཁོ་བོའི་གང་ཞིག་འཆོར་དོགས་ཀྱིས་ཡིན་ལ། མཐར་གཏུག་ན་ཁོ་བོ་མི་སྒེར་གྱི་བདེ་སྡུག་ལ་འཇིགས་པས་ཡིན་པ་སྟེ།
དེ་ལས་དང་པོ་ནི། དྲང་གཏམ་བཤད་ན། ད་ལོའི་གཞི་ཁྱོན་ཆེན་པོའི་ཞི་བའི་གསར་བརྗེ་འདི་ཁོ་བོར་མཚོན་ན་རྨི་ལམ་དུའང་རྨིས་མ་མྱོང་བའི་དོན་དག་གློ་བུར་བ་ཞིག་རེད། མ་འགྱངས་པའི་སྔོན་ལ། ཁོ་བོས་ད་དུང“དཔའ་བོའི་སྙིང་སྟོབས་འཆང་བའི་མི་བུ་སྐོར་ཞིག་མ་གཏོགས་མང་ཆེ་ཤོས་ནི་ད་ལྟ་ད་དུང་རང་དབང་དང་འདྲ་མཉམ་ཞེས་པ་ཟ་རྒྱུ་ཞིག་གམ་འཐུང་རྒྱུ་ཞིག་ཡིན་མིན་མ་ཤེས་པའི་ཚད་དུ་ལུས་པ་དང་། ལྟོ་མ་ལྟོགས་པ་དང་རྒྱབ་མ་གྲང་ན་རང་དབང་དང་འདྲ་མཉམ་རེད་བསམ་གྱིན་འདུག རང་དབང་དང་འདྲ་མཉམ་ཟེར་བའི་བཤད་ཚུལ་ཞིག་ཡོད་པ་ཐོས་པའི་དབང་དུ་བཏང་ནའང་། དེ་ནི་ལྷ་དང་འཕགས་པ་དང་སངས་རྒྱས་དང་རྒྱལ་པོ་དང་རྗེ་བོ་གང་རུང་གིས་གནང་སྦྱིན་དང་དངོས་གྲུབ་མ་བསྩལ་ན་མི་ཐོབ་པར་སེམས་པ་དང་། རྣམ་པ་ཀུན་ཏུ་སྐྱབས་མགོན་གང་རུང་ཞིག་ལ་རེ་བ་བརྒྱབ་སྟེ་སྡོད་པ་རེད”སོགས་བྲིས་ཏེ་རང་དབང་སོགས་ཀྱི་གོ་རྟོགས་སད་རྒྱུ་ནི་བོད་རྣམས་དང་ཁ་ཐག་རིང་བར་སེམས་ཤིང་། རིག་གནས་ཀྱི་ཆེ་ས་ནས་དང་བསམ་བློའི་མཐོ་ས་ནས་རང་དབང་གི་གོ་རྟོགས་སོགས་ཀྱི་ས་བོན་གདབ་པ་གལ་ཆེ་བར་མཐོང་བས་རང་གིས་ཤེས་ཚོད་ཀྱིས་སྲིད་དོན་བརྗོད་པའི་གླེང་སློང་བྱས་པ་ཡིན་མོད། མ་བསམ་ས་ནས་བོད་རྣམས་ཀྱིས་ལག་ལེན་གྱི་ངོས་ནས་རང་དབང་དང་ཐོབ་ཐང་། དམངས་གཙོ་སོགས་བརྩད་སོང་བ་དེས་ཁོ་བོ་ཧ་ལས་ཧང་སང་བར་བྱས་ཤིང་ཧད་དེ་ལུས་དགོས་པའི་ཚད་དུ་བསྐྱལ། ང་ཚོས་རྟོགས་སད་དང་རྟོགས་སད། སྙིང་སྟོབས་དང་སྙིང་སྟོབས་རྒྱུན་དུ་བཤད་ཀྱི་ཡོད་མོད། དུས་ཡུན་ཐུང་ངུའི་ནང་ལ་དེ་ཡི་འབྲས་བུ་འདི་ལྟར་མིག་མཐོང་ལག་ཟིན་འབྱུང་རྒྱུ་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཞིབ་ཏུ་བསམ་ན། བོད་རྣམས་ཀྱིས་སྡུག་ཁུར་ནམ་རིང་སྒྲུང་འཁྱོངས་དཀའ་བས་ཞི་བའི་གསར་བརྗེ་བྱས་པ་མ་གཏོགས། ཁོ་བོའི་རྩོམ་འདིར་བཤད་པ་ལྟར་སོ་སོའི་བསམ་བློར་རང་དབང་དང་དམངས་གཙོའི་གོ་རྟོགས་རྫོགས་པར་འཁྲུངས་པས་ཞི་བའི་གསར་བརྗེ་བྱས་པ་རེད་ཅེས་ན། དོན་དངོས་དང་མཐུན་མིན་བཤད་དཀའ་ཚོད་ཡིན་ནའང་། དེ་ལྟར་གདེང་འཇོག་བྱས་པ་ཇི་བཞིན་དོན་ལ་གནས་པའི་སྨོན་འདུན་ཁོ་བོར་ཆེ་ལ། ཅིས་ཀྱང་དེ་ལྟར་ཡིན་རིགས་པའི་ཞི་བའི་གསར་བརྗེ་འདིས་ཁོ་བོའི་བསམ་གཞིག་ཡོད་ཚད་ཀྱི་གོ་རིམ་དཀྲུགས་ཤིང་སྒོ་ཀུན་ནས་ཉོག་ཉོག་པོར་བཟོས། ཕར་བལྟས་ཚོད་ལ། བོད་མིའི་འདུ་ཤེས་ཞན་ཞིང་གོ་རྟོགས་དམན་པར་བརྗོད་པའི་སྐད་ཆ་དེ་དག་ནི་རང་ཉིད་རྩ་བ་ནས་ནོར་བའི་མ་རྟོག་ལོག་རྟོགས་སུ་སོང་བ་ལྟར་འདུག་ཅིང་རང་ཉིད་རང་ལ་ཐེ་ཚོམ་སྐྱེ་རྒྱུའང་བྱུང་། ཤེས་ལོ་དང་གོ་ལོས་བཤད་པའི་སྐད་ཆ་ཡིན་ན་ནི་མཚང་དུ་ཆེ་བར་མ་ཟད་ངོ་ཚ་བའི་གནས་ཡིན་ཕྱིར་འགྱོད་པ་དང་བཅས་ཏེ་ཡོ་བསྲང་བྱེད་དགོས་འདུག ཕྱིར་དྲན་རེ་བྱས་ན། ཁོ་བོར་འཁྲུལ་ཤེས་དེ་འདྲ་སྐྱེས་པའི་རྒྱུ་ནི་མེད་པ་མིན་ཏེ། ལོ་ཡི་ཁོར་མོ་ཡུག་ལ་གཞུང་ཁང་གྲུ་བཞིར་འཛུལ་ནས་བསམ་གཞིག་གཏོང་མདོག་ཁ་བོ་དང་དཔྱད་པ་བརྗོད་མདོག་ཁ་བོ་བྱས་ཏེ་སྡོད་པ་མ་གཏོགས། མང་མང་གིས་ཅི་བསམ་གང་དྲན་ལ་རྩད་ཞིབ་རྒྱུས་ལོན་མེད་པ་དང་། ཡང་གཅིག་བཤད་ན། ལོ་འདི་འགར་ཁོ་བོས་བྲིས་པའི་རྩོམ་ལ་བལྟས་ཏེ། བོད་རྣམས་ཀྱིས་ཁོ་བོར་ལྟ་ལོག་དང་བསྟན་བཤིག་ཅེས་དམོད་པ་བོར་ཞིང་མི་གྲལ་ནས་ཕུད་སོང་འདུག་ཕྱིར། ནང་ཁོག་སྟོན་པའི་མི་དང་འཕྲད་པ་དཀོན། རྐྱེན་དེ་དག་གི་དབང་གིས་ཁོ་བོ་མུན་སྒོམ་འཕྱི་བ་དང་གཉིས་སུ་མེད་པ་ཆགས་ཡོད་ལས་ཆེ་ཞིང་། ཞི་བའི་གསར་བརྗེ་འདི་འདྲ་སློང་ཐུབ་ངེས་ཀྱི་སྐད་ཆའི་ཟུར་ཙམ་ཡང་ཐོས་མྱོང་མེད། དེ་བས་དོན་ཆེན་སྒྲུབ་དུས་ཁོ་བོར་གྲ་སྒྲིག་གང་ཡང་མེད་དེ་ཅི་བྱ་གཏོལ་བྲལ་དུ་ལུས།
གཉིས་པ་ནི། རང་གི་ཚེ་སྲོག་དང་བདེ་སྡུག་ལ་འཇིགས་པ་ཡིན་ཏེ། ད་ལོའི་ཞི་བའི་གསར་བརྗེའི་སྒང་ལ། སྒེར་གཅོད་དབང་སྒྱུར་པས་དྲག་ཤུགས་སྤྱད་དེ་བོད་རྣམས་བཅིངས་པ་དང་། བཀྱིགས་པ་དང་། འཇུས་པ་དང་། བཟུང་བ་དང་། བཀག་པ་དང་། བསྒགས་པ་དང་། བཅད་པ་དང་། བསད་པ་དང་། ཁོ་ཚོའི་སྐད་ཆས་བཤད་ན་རྡུང་གཅོག་འཕྲོག་སྲེག་བྱས་པ་རྣམས་གོ་བ་དང་། ཐོས་པ་དང་། མཐོང་བ་དང་། རིག་པར་གྱུར་ནའང་། ཁོ་བོ་མི་སྨྲ་བའི་བརྟུལ་ཞུགས། མི་བྱེད་པའི་ངང་ཚུལ། སྡར་མའི་རང་བཞིན་དུ་གནས་པ་ནི། ཕུགས་དེད་ན་འཇིགས་སྐྲག་གིས་ཡིན། དེ་ཡང་དམྱལ་བ་མངོན་སུམ་མྱོང་བཞིན་པ་མཐོང་བ་ན། ཁ་གདངས། མིག་ཅེར། ཨ་ཁ་དང་ཨ་ཙི་ཤོར། ན་ཟུག་དང་མནར་གཅོད་ལྕི་མོས་སྐད་ཅིག་ཉིད་ལ་ལེབ་མོར་གླེབས་པའི་སྣང་བས་སྡུག་ལ། མཁའ་ལ་འོད་སྣང་མེད། ས་ལ་རྒྱུ་འབྲས་མེད། གཞན་ལ་སྙིང་རྗེ་མེད། རང་ལ་ནུས་པ་མེད། ཉིན་ལ་ཟས་མི་དྲན། མཚན་ལ་གཉིད་མ་ཁུགས། བཙན་ཚུགས་དང་བརྙས་བཅོས་ཀྱི་ཟློས་གར་ཡང་དང་ཡང་དུ་ཟློ་བ་མཐོང་བས། མཐོང་ཚད་དགྲ་རུ་ཤར། རིག་ཚད་གཤེད་དུ་བབས། ཡོད་ཚད་ལ་ཞེ་སྡང་སྐྱེས། ཐམས་ཅད་ལ་འཁོན་འཛིན་བཅངས། གཞན་གྱིས་རང་གི་ཕ་བསད་ནའང་སྡུག་བསྔལ་དེ་ལས་ཆེ་བ་ཡོད་མི་སྲིད་སྙམ་པ་ཤར་བ་དང་ལྷན་དུ། རང་ལ་ཆ་བཞག་སྟེ་སྒེར་གཅོད་དབང་སྒྱུར་པའི་མནར་གཅོད་བྱེད་ཐབས་ཡིད་ལ་དྲན་ཐེངས་རེ་རེར། མགོ་བོའི་སྐྲ་ཞོགས། ལུས་ཀྱི་སྤུ་ཟིང་། དོན་སྙིང་མིད་པར་སླེབས་ནས་འོང་།
“སྐྲ་དང་ཁ་སྤུ་བཀོག་པ་དང་། རྐང་གཞུས་ལག་རྡུང་། ཤ་གཅུས་སེན་ཏོག་རྒྱག་པ། ཕར་འབུད་ཚུར་འདེད་དང་། མི་ཁ་ཤས་ཀྱིས་ད་དུང་ལྡེ་མིག་ཆེན་པོ(བོད་ཀྱི་སྔོན་མའི་སྒོ་ལྕགས་ཆེན་པོའི་ལྡེ་མིག་སྟེ། འཁྲུག་འཛིང་གི་ཡོ་བྱད་དུ་སྤྱོད་པ་མང་།——བསྒྱུར་མཆན།)དང་། རྒྱུག་པས་ཉེས་རྡུང་བཏང་ནས་འཐབ་རྩོད་གཏོང་ཡུལ་ཁ་ཁྲག་སྣ་ཁྲག་ཛར་ཛོར་ངང་དྲན་མེད་དུ་བརྒྱལ་འགྲོ་བ་དང་། ཡན་ལག་སྐྱོན་བཅག་སོགས་རྨས་སྐྱོན་ཆེན་པོ་བཟོས་པ”(《ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ》ལས་དྲངས།)སྟེ། ཁུ་ཚུར་གྱིས་སྣུན། རྡོག་ཐོས་རྒྱག ཁྲིམས་རྒྱུག་གིས་གཞུ་བ་ནི་ཅི་ཡང་མ་ཡིན་ཞིང་། ཁོ་ཚོར་མགོ་བོ་འབྲེག་པའི་ཁྲིམས་ཆད་ཡོད་པ་ལས་གཞན། 炮烙ཟེར་བ་ཟངས་རྟ་ལ་བསྐྱོན་པ་སྟེ་ཞུགས་ཆེན་རབ་ཏུ་འབར་བའི་རྟ་ལ་བསྐྱོན་ནས་གསོན་སྲེག་བྱེད་པའི་ཁྲིམས་ཆད་དང་། 脑箍ཟེར་བ་མགོ་བོ་བསྡམས་ཏེ་འཇུར་མིག་ལ་དྲངས་ནས་མིག་ཕྱུང་མགོ་བོ་གས་ཐ་ན་ཀླད་ཞོ་སྒོ་ལ་ཐོན་འོངས་པའི་ཁྲིམས་ཆད་དང་། 剖腹ཟེར་བ་བྲང་ཁོག་གཤགས་ཤིང་དོན་སྣོད་ཕྱུང་ནས་རྒྱུ་མའི་དྲ་འཐེན་པའི་ཁྲིམས་ཆད་དང་། 肉刷འམ梳洗ཟེར་བ་ཤ་འབྲད་ཅེས་པ་སྟེ་གྲི་ཡི་སོ་མང་རྣོན་པོས་ཤ་འབྲད་རུས་འབྲད་བྱེད་པའི་ཁྲིམས་ཆད་དང་། 腰斩ཟེར་བ་སྐེད་པ་བཅག་ཀྱང་འཆི་མིན་གསོན་མིན་དུ་འཚོ་བར་བྱེད་པའི་ཁྲིམས་ཆད་དང་། 凌迟ཏེ千刀万剐ཟེར་བ་ལུས་ཤ་ཚལ་བ་སྟོང་དུ་མ་དྲས་བར་དུ་མི་འཆི་ཞིང་གཙབས་ཤ་བཙབས་པའི་ཁྲིམས་ཆད་དང་། 车裂སྟེ五马分尸འམ五牛分尸ཟེར་བ་རྟ་ལྔའམ་གླང་ལྔ་ཡིས་མི་བུའི་ཡན་ལག་ལྔ་རྒྱང་དུ་ཡ་བྲལ་བར་གཏོང་བའི་ཁྲིམས་ཆད་དང་། 乳夹ཟེར་བ་ནུ་འཚིར་ཏེ་བུད་མེད་ཀྱི་ནུ་མ་བཙིར་ཏེ་གཅོད་པའི་ཁྲིམས་ཆད་དང་།木驴ཟེར་བ་ཤིང་གི་བོང་བུ་སྟེ་ཤིང་མདུང་རྣོན་པོ་བུད་མེད་ཀྱི་མཚན་མར་བཙུགས་ཏེ་ཤིང་ལས་བྱས་པའི་བོང་བུར་བསྐྱོན་ནས་གཡོ་སྒུལ་བྱས་པར་དགྱེ་སྒུར་མི་ནུས་པའི་ན་ཟུག་ཡ་ང་བ་ཡོད་པའི་ཁྲིམས་ཆད་དང་། 剥皮ཟེར་བ་པགས་པ་དམར་བཤུ་སྟེ་མགོ་བོ་ནས་བཟུང་ཐུར་ལ་དང་སྒལ་པ་ནས་བཟུང་འཕྲེད་དུ་པགས་པ་དམར་བཤུ་བྱེད་པའི་ཁྲིམས་ཆད་དང་། 俱五刑ནམ大卸八块ཟེར་བ་དུམ་བུ་ལྔའམ་དུམ་བུ་བརྒྱད་དུ་ཕྲལ་བ་སྟེ་རྐང་ལག་བཞི་བོ་སོ་སོར་ཕྲལ་བས་བྱང་ཁོག་དང་བཅས་ཏེ་ལྔ་དང་། རྐང་ལག་བཞི་བོ་བཅད་པའི་སྟེང་ལ་མིག་གཉིས་བྲུས་པ་དང་རྣ་བ་གཉིས་བཅད་པས་བརྒྱད་དུ་དབྱེ་བའི་ཁྲིམས་ཆད་དང་། 烹煮ཟེར་བ་རྫ་ཁོག་ཏུ་བཅུག་ནས་ཞབས་ལ་མེ་བཏང་སྟེ་གསོན་པོར་བཙོ་བའི་ཁྲིམས་ཆད་དང་། 宫刑ཟེར་བ་ཉུག་རུམ་བཟོ་བ་སྟེ་ཕོ་མཚན་རླིག་འབྲས་དང་བཅས་པ་འདོན་པའི་ཁྲིམས་ཆད་དང་། 刖刑ཟེར་བ་པུས་མོའི་ལྷ་ང་བྲེགས་ནས་ཡར་འགྲེང་མི་ནུས་པ་བཟོ་བའི་ཁྲིམས་ཆད་དང་། 针插指甲缝ཟེར་བ་སེན་བར་ཁབ་གཟེར་འདེབས་པའི་ཁྲིམས་ཆད་དང་། 活埋ཟེར་བ་གསོན་སྦེད་དེ་མགོ་བོ་ས་ཁར་བུད་པ་ཙམ་ལ་ལུས་ཧྲིལ་པོ་ས་ལ་སྦེད་པའི་ཁྲིམས་ཆད་དང་། 鸩毒ཟེར་བ་སྦྱར་དུག་འདྲེན་པའི་ཁྲིམས་ཆད་དང་། 桩刑ཟེར་བ་ཁ་དང་རྐུབ་གང་རུང་དུ་ཕུར་བའི་གཟེར་མགོ་ནུབ་པའི་བར་འདེབས་པའི་ཁྲིམས་ཆད་དང་། 铁锯ཟེར་བ་མགོ་ནས་མར་ལ་དང་རྐུབ་ནས་ཡར་ལ་ཐིག་བརྒྱབ་སྟེ་ལྕགས་སོག་གིས་འདྲ་བའི་ཁྲིམས་ཆད་དང་། 断椎ཟེར་བ་སྒལ་ཚིགས་དང་སྐེ་ཚིགས་གཅུ་བའི་ཁྲིམས་ཆད་དང་། 灌肠ཟེར་བ་ཁ་ལ་ཟངས་དང་གཤའ་དང་ཞ་གང་རུང་བཞུས་པའི་ཁུ་བ་དང་ཁྲོ་ཆུ་ངར་མ་ལྡུག་པའི་ཁྲིམས་ཆད་སོགས། གདུག་རྩུབ་གང་ཆེ་དང་གཏུམ་དྲག་གང་ཆེ། དམྱལ་བའི་སྡུག་བསྔལ་གྱི་རྣམ་གྲངས་བརྗོད་པའི་ཡི་གེ་ལས་མ་གཏོགས་མཐོང་བ་མེད་པའི་ཁྲིམས་ཆད་སྣ་ཚོགས་ཁོ་ཚོས་མི་བུའི་འཇིག་རྟེན་དུ་སྤྱད་མྱོང་ཡོད་པ་ཁོ་ཚོའི་ལོ་རྒྱུས་སུ་མཐོང་དུ་ཡོད། མི་སེམས་ལྟ་ཞོག་འདྲེ་སེམས་སུའང་འཆར་མི་སྲིད་པའི་ཁྲིམས་ཆད་དེ་སོགས་ནི་བོད་ཀྱི་དེ་སྔའི་ཁྲིམས་ཆད་དེ། མིག་འབྲས་འདོན་པ་དང་། ལྕེ་འབྲེག་པ། རྣ་ཅོག་གཞར་བ། རྐང་ལག་གཅོད་པ། རྟིང་རྩ་གཅོད་པ། སྣུམ་ཁོལ་མར་ལག་པ་འཇུག་པ། ཟངས་རྟ་ལ་བསྐྱོན་པ། ཀོ་ཐུམ་རྒྱག་པ། རྡོ་ཞྭ་གཡོག་པ། ཚར་རྒྱུག་དང་ཟྭ་ལྕག་གཏོང་བ། རླུང་ཙི་སྟེ་གཟེབ་དྲ་ལ་འཇུག་པ། སྐེ་ལ་ཤིང་སྒོ་གཡོག་པ། རྐང་ལྕགས་རྒྱག་པ། སྐེ་ལ་རྡོ་སྒྲོག་པ། ལྕགས་གཟེར་འདེབས་པ། རྒྱང་ཤིང་རྒྱག་པ། དུ་སུབ་གཏོང་བ། བྲང་ཁར་རྡོ་གནོན་གཏོང་བ། སྡིག་ཚང་དུ་འཇུག་པ། ལག་པར་གོ་ཐུམ་རྒྱག་པ། ཤ་གཅོད་པ། ཤ་ལིང་འགོག་པ། སྨྱུག་གཟེར་རྒྱག་པ། དབྱུག་ལྕག་གཞུ་བ་སོགས་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་ལ། སྐད་ཅིག་དྲན་པ་ཙམ་གྱིས་ཀྱང་ཁོག་འདར་བརྒྱབ་ནས་འོང་། དེ་དག་ནི་གནའ་བོའི་དུས་ཀྱི་ཁྲིམས་ཆད་ཡིན་པ་བདེན་དུ་ཆུགས་ཏེ་ད་ཚོད་དུ་བེད་སྤྱོད་གཏོང་གི་མེད་པ་ལྟ་ནའང་། གང་ཞིག་ཇི་ལྟ་ཇི་ལྟར་འཇིག་རྟེན་མི་བུའི་སེམས་ལ་འཆར་དཀའ་བའི་ཁྲིམས་ཆད་བཟོས་པ་དག་ལ་ནི་སུ་ཞིག་ཉེས་ཅན་དུ་བཏགས་པ་རྣམས་ལ་དེ་ལྟ་དེ་ལྟར་ཁྲིམས་ཆད་གཅོད་པའི་བག་ཆགས་གང་རུང་ཞིག་ངེས་པར་དུ་ཡོད་སྲིད་པ་དང་། མཐོང་ཙམ་གྱིས་ཀྱང་བླ་འཁྱམས་པར་འགྱུར་བའི་དྲག་སྦྱོར་མངོན་དུ་བསྟར་བ་ལ་འཛེམ་དོགས་མེད་པའི་རིགས་ལ་ཡིད་ཆེས་རྒྱུ་ཞིག་གང་ན་ཡོད་དེ། ད་ལྟའི་གློག་རྡུལ་གྱི་དུས་རབས་སུ་གློག་རྡུལ་གྱི་ཁྲིམས་ཆས་སྣ་ཚོགས་བཟོས་ཡོད་པ་རྗེས་སུ་དཔག་པས་ཤེས་ནུས་ལ། རྒྱག་བྱེད་དང་། རྡུང་བྱེད་དང་། རྡེག་བྱེད་དང་། སྒྲོག་བྱེད་དང་། སྒོག་བྱེད་དང་། འཛིན་བྱེད་དང་། འཁྱིག་བྱེད་དང་། གནོན་བྱེད་དང་། འཚིར་བྱེད་དང་། འཇུམས་བྱེད་དང་། འཛེར་བྱེད་དང་། གཟེར་བྱེད་དང་། དབྲལ་བྱེད་སོགས་མིང་མི་ཐོགས་པའི་ཁྲིམས་ཆས་རྣམས་གློག་དང་དུག་གི་སྒུལ་ཤུགས་ལ་དྲངས་པ། མི་བུའི་བྱེད་རྩོལ་མི་དགོས་པ། གནད་ཁེལ། གཏིང་འབྱིན། སྦུག་འདོན། ཤུགས་ཐོན། རྣོ་དབལ་གྱི་ཆོས་དང་ལྡན་པས་ཕྱི་སྐྱི་པགས་མ་རལ་ཀྱང་ནང་ཤ་རུས་ཕྲལ་བ། ལྷུ་ཚིགས་ཐོར་བ། དོན་སྣོད་སྲེག་པ། ཕྱི་ལུས་པོ་མ་རྨས་ཀྱང་ནང་སེམས་ཁམས་འཇིག་པ། བློ་རིག་རྡིབ་པ། ཤེས་པ་འཆོལ་བར་བྱེད་པའི་ཁྲིམས་ཆས་ཅི་རིགས་བཟོས་ཡོད་པ་བསྙོན་མེད་དེ། འཛིན་བཟུང་ཐེབས་པ་རྣམས་ལས་ལ་ལར་མནར་གཅོད་ཚད་མེད་བཏང་རྐྱེན་གྱིས་སྲོག་དབུགས་ཆད་པའི་བེམ་པོ་ཡིན་ཀྱང་མི་བདག་ལ་མི་སྤྲོད་པ་དང་མཐོང་དུ་མི་སྟེར་བར་ལྐོག་ཏུ་མེ་སྲེག་བཏང་སོང་བ་ལས་ཤེས་སོ།། 
ཡང་སོས་ཚ་བའི་སྡུག་བསྔལ་དང་ཨ་ཆུ་གྲང་བའི་སྡུག་བསྔལ་དེ་དག་མྱོང་བ་ལྟ་ཞོག ཐ་ན་ལྟོ་བསྒགས་གཉིད་བཅག་ཙམ་གྱི་མནར་གཅོད་ཀྱང་ཁོ་བོའི་མ་གཞི་ནས་བདེ་ཐང་མེད་པའི་ལུས་པོ་འདིས་ཅི་ལྟར་ཐེག་ཨང་སྙམ་སྟེ་འཇིགས་པ་དང་། སྐབས་དེ་དུས་སུ་མི་ཚེ་ལ་གཏམ་ཚེ་འཇོག་པ་སྟེ་འོ་དོད་དང་ཨག་སྐད་མཉམ་དུ་ཤོར་ཏེ་ཞབས་འདྲེན་བྱེད་པ་དང་། གུ་ཡངས་དང་བཟོད་གསོལ་ལྷན་དུ་ཞུས་ཏེ་མཚན་ཤས་འཇོག་པའི་སྲིད་པ་ཆེ་ལ། མ་ཟད་སྒེར་གཅོད་དབང་སྒྱུར་པའི་ལག་རོགས་རྐུབ་གཡོག་ཏུ་མི་འགྱུར་བའི་དམ་བཅའ་བརྟན་པོའང་རྨང་ནས་མི་འཇིག་པའི་ངེས་པ་མེད་པ་བསམ་ནས་ཞེད་སྣང་སྐྱེ་རྒྱུ་འདུག དེ་ལྟར་སྒེར་གཅོད་དབང་སྒྱུར་པའི་མནར་གཅོད་བྱེད་སྟངས་སྣ་གཅིག་ཡིད་ལ་ཤར་བས་ཀྱང་ཡ་ང་འཇིགས་སྐྲག་མི་ཟད་པ་སྐྱེ་ནས་འོང་བ་འདི་ཁོ་བོ་དཔའ་ངར་མེད་ཅིང་སྡར་མ་ཡིན་པའི་རྐྱེན་ཡིན་ནམ་ཡང་ན་མྱངས་པ་མེད་ཀྱང་ཤེས་པ་མང་བའི་རྐྱེན་ཡིན་པ་ཆ་མི་འཚལ་མོད། འཇིགས་སྐྲག་ནི་འཇིགས་སྐྲག་རང་ཡིན་ཕྱིར་རྒྱུ་མཚན་བཤད་རྒྱུ་མེད་ཀྱང་སྲིད།
གསུམ་པ་ནི། གང་ཞིག་འཆོར་བ་ལ་དོགས་པ་འདི་བསྡུ་ན་འཇིགས་པའི་ཁོངས་སུ་གཏོགས་པ་འདྲ། བོད་མི་ཞིག་ཡིན་ཕྱིན་དོན་ཆེན་འདི་འདྲའི་སྒང་ལ་ཅིས་ཀྱང་རྣམ་འགྱུར་གང་རུང་ཞིག་སྟོན་དགོས་པ་དང་། ཁོ་བོ་ནམ་རྒྱུན་ཡིན་མིན་གཉིས་བཤད་རྒྱུར་དགའ་བ་དང་། འགྲིག་མིན་གཉིས་ལབ་རྒྱུར་དགའ་བའི་བོད་མི་ཞིག་ཡིན་པའི་ཆ་ནས། དོན་ཆེན་དེ་འདྲའི་སྒང་ལ་ལག་ལེན་གྱི་སྦྱོར་བ་མི་ནུས་ཀྱང་བསམ་ཚུལ་གྱི་སྐད་ཆ་འགའ་རེ་དུས་ཐོག་བཤད་ཕོད་དགོས་ནའང་། དེ་ལྟར་མ་ནུས་པ་ནི་ཁོ་བོའང་ཡོངས་གྲགས་སུ་ཁེ་ཕན་རུ་ཚོགས་ཏེ་ཕོགས་གཟན་གླང་གཉའ་ཚིལ་རྐྱལ་གྲས་ཀྱི་གཅིག་ཡིན་ལ། ཁེ་ཕན་རུ་ཚོགས་ཀྱིས་ནམ་ཡང་རང་ཉིད་ཀྱི་བདེ་སྡུག་དང་ཁེ་ཕན་ཆུང་ངུར་གཙིགས་ཆེན་བྱེད་པ་མ་གཏོགས་སྤྱི་དོན་ཆེན་པོ་ལ་དོ་ཁུར་དང་སྣང་འཇོག་མེད་ཅིང་། ལྡོག་སྟེ་སྒེར་གཅོད་དབང་སྒྱུར་པའི་ལག་རོགས་ལྟར་ཆགས་ཡོད་པ་རེད། ཁོ་བོ་ཁེ་ཕན་རུ་ཚོགས་ཀྱི་མི་ལ་ཁེ་ཕན་ཟད་པ་ཡིན་ན། སྔུན་གྱི་ཕ་མ་ལོ་ལོན་དང་། གཞུག་གི་བྱིས་པ་ཕྲུ་གུ། ལོགས་ཀྱི་ཆུང་མ་བཟའ་ཟླ་བཅས་ལ་ཁ་མི་སོས་པ་དང་རྒྱབ་མི་ཁེབས་པའི་འཚོ་བའི་དཀའ་སྡུག་བློས་མི་དཔོག་པ་འབྱུང་ཉེན་དང་། ཉེན་ཁ་དེ་འདྲར་ལྷུང་ཚེ་གཞན་གྱི་ཚེ་གཡོག་ཏུ་མི་འགྱུར་བའི་ངེས་པ་མེད་དེ། དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དཀྱིལ་སྙིང་དུ་འཛིན་དགོས་ཞེས་སྲིད་ཀྱི་ཆ་ནས་བསམ་ན་གཡོ་ཐབས་བསླུ་བྲིད་ཆེ་བའི་སྲིད་ཇུས་དེ་གཏན་ལ་ཕབ་པ་ནས་བཟུང་། རང་གཞན་རིགས་ཐམས་ཅད་ཀྱི་ཁོག་ལ་སྒོར་འདྲེ་ཞུགས་ཤིང་། ཁྱད་པར་དུ་ཁོ་བོ་ལྟ་བུའི་གླང་གཉའ་ཚིལ་རྐྱལ་གྱི་རིགས་རྣམས་རྒྱུ་ནོར་མ་གཏོགས་ཅི་ཡང་མི་བསམ་པའི་སེམས་ཅན་དུ་གྱུར་ཅིང་། འབྱོར་ཚེ་ཉེ་བའི་དྲུང་ན་ཞུམ་ཞུམ་དུ་འགྲོ་ཞིང་།། རྒུད་ཚེ་རིང་བའི་ས་ན་མཛུབ་ཀེར་གྱིས་འཕྱ་བ།། ཞེས་པ་ལྟར་འབྱོར་པ་ཞན་ཚེ་མི་གྲལ་དུའང་མི་རྩི་བའི་བཟོ་སྟོན། རྒྱུ་ཡོད་ན་ཨ་ཁུའི་ཚ་བོ།། རྒྱུ་མེད་ན་ཨ་ཁུའི་གཡོག་པོ།། ཟེར་བ་དངོས་གནས་བདེན་པ་འདྲ་སྟེ། རྒྱུ་མེད་ཚེ་གཞན་གྱི་ཚེ་གཡོག་ཏུ་འགྱུར་བའི་སྲིད་པ་ཆེ་ཞིང་། ཚེ་གཡོག་སྒྲུབ་པའི་གནས་སྟངས་དེ་ཁོ་བོས་བློ་ཡིས་ཅི་ལྟར་བཟོད། ཡང་། ལུས་སྲོག་ལ་བདེ་མི་བདེ་བྱུང་ཚེ། ཡུལ་མི་རྣམས་ཤི་བྲལ་གསོན་བྲལ་གྱི་སྡུག་ལ་སྦྱོར་སྲིད་པ་གཞིགས་ཀྱིན་གཞིགས་ཀྱིན། སྒོམ་གྱིན་སྒོམ་གྱིན་སྐྱི་གཡའ་བ་བྱུང་། ཁོ་བོས་འདི་ལྟར་དུ་སྒེར་སེམས་ལྷུག་པོར་སྟོན་པ་ནི། ད་ལོའི་ཞི་བའི་གསར་བརྗེར་ཞུགས་པའི་དཔའ་བོ་དཔའ་མོ་རྣམས་ལ་འདི་འདྲའི་འཇིགས་པ་དང་འཛེམ་དོགས་མེད་པར་སྨྲ་བ་མིན་ལ། སུ་ཞིག་ཁོ་བོར་བཟོད་པ་སྒོམ་པའི་གསོལ་མཆིད་ཞུ་བའང་མིན་པར་མ་ཟད། རང་ཉིད་ཁ་འཁུམས་ལག་འཁུམས་སུ་འདུག་པའི་གནས་ལུགས་སུ་བགྲང་བ་དེ་བས་ཀྱང་མ་ཡིན་པར། བསམ་སྟངས་གསོང་པོར་བརྗོད་པ་ཙམ་ཡིན་ཕྱིར། འཕྱ་སྨོད་དང་ཟུར་ཟ། ཐ་ན་མཚང་བྲུས་ཀྱང་གནས་ཚུལ་དེ་ཙམ་ཡིན་ཞེས་སྨྲ་བ་དང་བཅས་པ་ནི་འཇིགས་པའི་ཚོར་པ་ལས་ཀྱི་གསུམ་པ་སྟེ། མི་བུ་སྒེར་གྱི་ཚེ་སྲོག་དང་བདེ་སྡུག་བསམས་པས་དང་།
མ་འོངས་སྔོན་རྟོག་གིས་འཇིགས་པ།
དེ་དག་ལས་ཀྱང་འཇིགས་པ་ནི། གོང་དུ་བཤད་པ་ལྟར། ད་ལོའི་ཞི་བའི་གསར་བརྗེའི་སྒང་ལ། སྒེར་གཅོད་དབང་སྒྱུར་པས་བཏགས་པ་ལྟར་རྡུང་གཅོག་འཕྲོག་སྲེག་གི་སྣང་ཚུལ་བྱུང་ཡོད་པ་ནི་བསྙོན་དུ་མེད་ཅིང་། དེ་ཡང་ཁོ་བོས་ཞོགས་འུར་དང་ལད་ཟློས་ཀྱི་རྣམ་པས་བྱུང་བར་འདོད་པ་དང་། ཕར་བལྟས་ཚོད་ལ། ཁ་ཞེ་གཉིས་མེད་དང་། བློ་ཐག་རྦད་ཆོད། གཞི་ཁྱོན་ཆེན་པོའི་གསར་བརྗེ་དེ་འདྲ་མུ་མཐུད་དེ་རྒྱུན་བསྟུད་ནས་འབྱུང་བའི་མངོན་རྟགས་འདུག་ལ། འཐབ་རྩོད་རབ་དང་རིམ་པ་དང་གང་ས་གང་ལ་བྱེད་པའི་ལྟས་འདུག་ན། ཡང་བསྐྱར་གསར་བརྗེ་དང་འཐབ་རྩོད་བྱེད་སྒང་དུ་ཡང་བསྐྱར་རྡུང་གཅོག་འཕྲོག་སྲེག་གི་སྣང་ཚུལ་མི་འབྱུང་བའི་ངེས་པ་མེད་ཅིང་། དེ་ལྟར་བྱུང་ཚེ་སྒེར་གཅོད་དབང་སྒྱུར་པས་ཡང་བསྐྱར་དམར་པོ་ཁྲག་གི་འཁོར་ལོ་བསྐོར་ཏེ་གཤིན་རྗེའི་བཤས་རར་བསྒྱུར་འགྲོ་བར་ཐེ་ཚོམ་ཡོད་པ་མ་རེད། དེ་ལྟ་ན་ཤེས་བཞིན་སྒོ་ང་བྲག་ལ་བརྡབས་པ་དང་མཚུངས་ལ། སྲིན་བུ་མེ་ལྕེབས་ལྟ་བུའི་འཐབ་རྩོད་བྱེད་སྟངས་དེ་ལ་ཁོ་བོ་འཇིགས་ནས་ཡོད། འཐབ་ལ་དགའ་བའི་ཆབ་སྲིད་པ་ཞིག་གིས། ཚེ་སྲོག་གོད་པ་མེད་ན་རང་དབང་གང་ནས་འཐོབ་སྟེ། ཤར་ཊེ་མོར་གྱིས་མི་འབོར་འབུམ་ཕྲག་གི་ཚེ་སྲོག་རིན་དོད་དུ་ཕུལ་པའི་རྗེས་ལ་ད་གཟོད་རང་དབང་འཐོབ་པ་རེད་ཅེས་སོགས་ཟེར་ལས་ཆེ་མོད། འོན་ཀྱང་། ཁོ་བོས་རང་གཞན་ཕྱོགས་གཉིས་ཀྱི་རང་དབང་དམངས་གཙོའི་ལྟ་ཚུལ་སོགས་བསམ་བློའི་ཆུ་ཚད་དང་ཆབ་སྲིད་ཀྱི་ཁོར་ཡུག་ལ་བསམ་པ་དང་། ཁྱད་པར་དུ་མི་བུ་རང་ཉིད་ལ་ཆ་བཞག་སྟེ། རང་གི་ཚེ་སྲོག་གིས་མནར་གཅོད་སྡུག་བསྔལ་མྱོང་བར་འཇིགས་པ་ཕར་ཞོག ནང་མི་ཉེ་འབྲེལ་ཡོད་ཚད་སྡུག་བསྔལ་མི་བཟད་པའི་གནས་སུ་བསྐྱལ་རྒྱུར་འཇིགས་ནས་ཡོད་ཚུལ་གོང་དུ་སོང་བ་ལྟར་ཏེ་དྲག་པོའི་ཆོས་དང་ལྡན་པའི་འཐབ་རྩོད་དེ་འདྲ་ལ་མོས་པ་གཏན་ནས་མེད།
སྒེར་གཅོད་དབང་སྒྱུར་པས་དུས་དང་རྣམ་པ་ཀུན་ཏུ་ཁག་དཀྲི་ལག་ཕྱིས་གང་རུང་མ་རྙེད་པར་ཡོད་ཕྱིར། གལ་སྲིད་སྔོན་མ་ནང་བཞིན་རྡུང་གཅོག་འཕྲོག་སྲེག་ཟེར་བའམ་དེ་དང་མཚུངས་པའི་དྲག་པོའི་སྦྱོར་བ་བྱུང་བ་ཡིན་ན། ཁོ་ཚོའི་འདོད་ཐོག་ཏུ་རྟ་རྒྱུག་པར་བྱས་པ་ཡིན་ཏེ། ཁོ་ཚོས་ཕྱོགས་གཅིག་ནས་པར་ལ་བརྒྱབ། གཟུགས་ལ་ཕབ། བརྙན་སྡེར་དུ་བཅོས་ནས་ཅི་ཡང་ཤེས་པ་མེད་ཅིང་གང་ཡང་ཧ་གོ་མེད་པའི་ཁོ་ཚོའི་རིགས་ལ་བསྟན་ནས་ཕྱོགས་སྐྱོར་ཡོང་ཐབས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དེ་ལ་ཁ་གཡར་ཏེ་དྲག་གནོན་སྔར་བས་ཀྱང་ཆེ་བ་བྱེད་ངེས་པས་ན། ཚེ་སྲོག་མང་པོ་ཞིག་རྐྱེན་འདས་སུ་འགྲོ་ངེས་ལ། དེ་ལས་མང་པོ་ཞིག་གིས་བཀག་ཉར་མནར་གཅོད་ཀྱི་སྡུག་བསྔལ་མྱང་བར་འགྱུར་བ་དང་། དེ་ལས་ཀྱང་མང་པོ་ཞིག་གིས་ཤི་བྲལ་གསོན་བྲལ་གྱི་དཀའ་སྡུག་མྱང་དགོས་ཨང་།
འཇིགས་སུ་རུང་བ་དེས་ག་ལ་ཚད་དེ། གཏན་ནས་མཐོང་མི་འདོད་པའི་སྲིད་པ་ཞིག་ཡོད་པ་ནི། བོད་རྣམས་ཐབས་ཟད་འུ་ཐུག་སྟེ་ཤ་ལན་ཤ་དང་འཁོན་ལན་འཁོན་གྱིས་འཇལ་བའི་ལམ་དུ་ཞུགས་ནས། དུག་རྫས་དང་འགད་རྫས་ལག་ལེན་བྱེད་ཅིང་ལྐོག་གསོད་དང་ངན་གསོད་ཀྱི་འཚེ་བའི་སྦྱོར་བ་མངོན་དུ་བསྟར་པའི་འཇིགས་སྐུལ་རིང་ལུགས་པ་ལྟར་ཆགས་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་བ་དེ་རེད། བརྒྱ་ལ་ཀླ་ཀློའི་སྤྱོད་སྟངས་དེའི་ལམ་དུ་སོང་བ་ཡིན་ན། སྣང་དུ་མེད་པའི་ཆོས་ལུགས་དང་རིག་གནས་ཞེས་པ་ལྟ་ཞོག སྣང་དུ་ཡོད་པའི་རི་ར་བ་ཁང་ཁྱིམ་དང་། ཐ་ན་མི་རིགས་ཧྲིལ་པོ་རྩ་མེད་དུ་འགྲོ་རྒྱུའི་ལམ་ཁ་རང་གིས་བདམས་པ་རེད་ཅེས་ཁོ་བོས་ཚིག་ཐག་བཅད་དེ་སྨྲ། བརྒྱ་ལ་དྲག་པོའི་སྤྱོད་སྟངས་དེའི་རྗེས་སུ་ཞུགས་པ་ཡིན་ན། གཞིས་བྱེས་གཉིས་ཀྱིས་ད་ལྟའི་བར་དུ་དཀའ་ལས་བརྒྱབ་པ་ལ་སྙིང་པོ་མེད་པ་བཟོས་པ་དང་། ད་ལོའི་རླབས་ཆེན་གྱི་ཞི་བའི་གསར་བརྗེ་འདི་ལ་འབྲས་བུ་མེད་པ་བཟོས་པར་མ་ཟད། ཆེས་མཐའ་མཇུག་དང་རྩ་བ་རྫོགས་པའི་ལམ་དུ་རང་རྟོགས་ཀྱིས་ཞུགས་པ་ཡིན་པར་ཁོ་བོས་ཁ་ཚོན་བཅད་དེ་སྨྲ།
དེ་ལྟར་བཤད་པ་ལ་ནང་རྐྱེན་དུ་གྱུར་པའི་རང་ལ་བསམ་པ་དང་ཕྱི་རྐྱེན་དུ་གྱུར་པའི་གཞན་ལ་བསམ་པའི་རྒྱུ་མཚན་གཉིས་ཡོད་པ་ལས། རྒྱུ་མཚན་དང་པོ་ནི། བོད་རྣམས་ཀྱིས་མི་ལོ་སྟོང་ཕྲག་གི་རིང་ལ་ཆབ་སྲིད་སྤངས་ཏེ་བསྡད་པ་དང་། མི་ལོ་སྟོང་ཕྲག་གི་རིང་ལ་ཆབ་སྲིད་ཀྱི་ཕྱིར་དུ་འཐབ་རྩོད་ཆེན་པོ་གང་ཡང་བྱས་མྱོང་མེད་ཕྱིར། འཐབ་རྩོད་ཀྱི་ཉམས་མྱོང་ཡང་ཡོད་པ་མ་རེད། འཐབ་རྩོད་ཀྱི་ཉམས་མྱོང་མེད་པའི་རྟགས་ནི་ད་ལོའི་ཞི་བའི་གསར་བརྗེའི་སྐབས་སུ་གསལ་པོར་མཐོང་སྟེ། རྩ་འཛུགས་མེད་པ་དང་འཆར་གཞི་མེད་པ། སུ་ཐུབ་སུ་རྒྱལ་གྱི་རྣམ་པ་མངོན་པ་ལས་ཤེས་ཐུབ་པ་དང་། དེར་མ་ཟད། ཁོ་བོས་བལྟས་ན། བོད་རྣམས་ཀྱི་སེམས་ཁམས་ནི་རང་བྱུང་གི་མི་བུའི་སེམས་ཁམས་སུ་འདུག་ལ། ད་དུང་སྤྱི་ཚོགས་ཀྱི་མི་བུར་ཆགས་མེད་པའི་ཁྱད་གཤིས་གང་མང་མཐོང་རྒྱུ་འདུག མི་མང་པོ་ཞིག་གིས་ལར་ཞེན་དང་ཁོག་ངར། ཞོགས་འུར་བསྟན་པ་ཙམ་གྱིས་གསར་བརྗེ་ལ་འབྲས་བུ་ཐོན་སོང་སྙམ་པ་ལྟར་འདུག་ལ། ཁྱད་པར་དུ་སྐོར་ཞིག་གིས་མ་རུངས་ཁོག་བཅུག་ལ་ལད་ཟློས་ཀྱིས་རྡུང་གཅོག་འཕྲོག་སྲེག་སོགས་དྲག་པོའི་སྦྱོར་བ་ལ་བརྟེན་ནས་ན་ཟུག་འབོ་བ་ཙམ་གྱིས་རང་དབང་རྩོད་ལེན་བྱས་ཡོད་སྙམ་པ་ལྟར་འདུག གང་ཡང་རྣམ་འགྱུར་དེ་དག་བསྟན་པའི་རྗེས་ལ་མེ་ཤུལ་ཐལ་རྡུལ་གྱི་ཚུལ་དུ་སོང་སྟེ་ཅི་ཡིན་གང་ཡིན་མེད་པར་ཅི་མིན་འདི་མིན་དུ་ལུས་ཡོད་ཚོད་རེད། དེ་ནི་ཆབ་སྲིད་འཐབ་རྩོད་གང་རུང་ལ་ཞུགས་མྱོང་མེད་པའི་རང་བྱུང་གི་མི་བུའི་རྟགས་གཅིག་རེད། ཞོགས་འུར་དང་ཁོག་ངར་དེ་རིགས་ནི་འཐབ་རྩོད་བྱེད་ཤེས་དང་ལམ་སྣ་འདྲེན་ཤེས་དག་ལ་མཚོན་ན། མེད་ན་མི་འགྲུབ་པའི་རྒྱུ་རྐྱེན་གལ་ཆེན་གཅིག་ཡིན་ངེས་ནའང་། སྟོན་པ་མེད་པའི་བསྟན་པ་ནི་གང་དྲན་དྲན་ཞིག་ཡིན་ངེས་ཕྱིར་ཐབས་ཤེས་ལམ་སྟོན་གལ་ཆེ་ལ། ལྷག་དོན་དྲག་པོའི་འཐབ་རྩོད་ཀྱི་ལམ་དུ་འཇུག་པ་གཞར་ཡང་མིན་ཏེ། རིག་གནས་སེམས་ཁམས་ལྷ་འདྲེ་དང་གནའ་གཏམ་གྱི་འཇིག་རྟེན་ནས་ཐར་མེད་པའི་རང་བྱུང་གི་མི་བུའམ། སྲིད་ཀྱི་ཕྱིར་དུ་འཐབ་རྩོད་བྱས་པའི་ལོ་རྒྱུས་དང་ཉམས་མྱོང་ཅི་ཡང་མེད་པའི་མི་རིགས་ཉམ་ཆུང་གང་ཞིག མི་རབས་ནས་མི་རབས་བར་ཆབ་སྲིད་འཐབ་རྩོད་ཀྱི་ཕྱིར་དུ་ཆབ་སྲིད་འཐབ་རྩོད་བྱས་ཤིང་། མཚོན་ཆ་དང་དྲག་ཆས་དམག་དཔུང་ལ་རྒྱབ་བརྟེན་པའི་སྒེར་གཅོད་སྲིད་གཞུང་ཞིག་དང་དྲག་པོའི་གདོང་གཏུག་རྒྱག་རྒྱུ་ག་ལ་ཡོད། དཔེར་ན་རྡུང་རྩལ་ཡོད་མེད་གཉིས་ཀྱིས་རྒྱལ་ཕམ་འབྱེད་པ་དང་འདྲ། སྟོབས་ཤུགས་ཀྱི་ཟླ་ལ་སྟོབས་ཤུགས་སོན་པར་ཆ་བཞག་ནའང་། མགོ་སྐོར་དང་གཡོ་ཐབས་ཀྱི་ཟླ་ལ་སླེབས་སྲིད་པ་ཞིག་མ་རེད། དེ་བས་འཐབ་རྩོད་ཀྱི་བྱེད་ཕྱོགས་མ་བསྒྱུར་བར་དྲག་པོའི་ལན་ལ་དྲག་པོ་སྤྱོད་འདོད་སྙམ་ན་ནི་མི་རིགས་ཧྲིལ་པོ་རྩ་མེད་བཟོ་བའི་ཁ་གཡར་ས་བསམ་བཞིན་སྤྲད་པ་ཡིན་པར་ཁོ་བོས་འདོད་དོ།།
རྒྱུ་མཚན་གཉིས་པ་ནི། 2001ལོའི“9•11དོན་རྐྱེན”བྱུང་བའི་རྗེས་སུ། ཨ་རིས་འཛམ་གླིང་ཐོག་དྲག་པོ་སྤྱོད་པའི་འཇིགས་སྐུལ་རིང་ལུགས་དང་འཇིགས་སྐུལ་རྩ་འཛུགས། འཇིགས་སྐུལ་པ་གང་ཇི་སྙེད་ཅིག་གི་མིང་ཐོ་བསྒྲགས་པ་སྟེ། ལྟེ་བ་ཕ་ལེ་སི་ཐན་དང་ཨབ་གྷན་སོགས་ཨ་རབ་ལུང་པར་ཡོད་པའི་དབྱི་སི་ལམ་དྲག་ཆས་རྩ་འཛུགས་དང་། དབྱི་སི་ལམ་ལྷ་དགའ་དམག་འཐབ་རྩ་འཛུགས། དབྱི་སི་ལམ་བཅིངས་འགྲོལ་འཐབ་དཔུང་། ཧ་མ་སི། “ཁེ་ཏི”རྩ་འཛུགས། ཐ་ལི་བྷན་སོགས་དང་། ཧྥི་ལི་ཕིན་གྱི་ཐུན་མོང་ཐོན་སྐྱེད་ཚོགས་པ། ཁོ་ལོམ་པི་ཡའི་གསར་བརྗེ་དྲག་ཆས་ནུས་ཤུགས། རུ་ཝང་ཏ་ཡི་བཅིངས་འགྲོལ་དམག ཀམ་པོ་ཛའི་རང་དབང་དཔའ་རྒོད། ཨིར་ལན་གྱི་སྤྱི་མཐུན་དམག  ནེ་པ་ལའི་ཐུན་མོང་ཐོན་སྐྱེད་ཚོགས་པ། འཇར་པན་གྱི་དམར་དམག ཨོ་མུའུ་ཆོས་ཚོགས། ཐུར་ཁེའི་ཡབ་ལྷ་ཚོགས་པ་སོགས་རྩ་འཛུགས་དང་ཚོགས་པ། མི་སྣ་མང་པོ་འཇིགས་སྐུལ་རྩ་འཛུགས་དང་འཇིགས་སྐུལ་པར་བགྲངས་པ་ན། གནའ་དུས་ཐུར་ཁེ་སི་ཐན་ཞེས་ཐུར་ཁེ་ལྗོངས་སུ་འབོད་པ་ཆིང་ཆན་ལུང་ནས་བཟུང་ཞིན་ཅང་དུ་བཏགས་པའི་ཡུལ་དུ་ད་ལྟ་ཡུ་གུར་ཞེས་འབོད་པའི་མི་རིགས་དེར། ཕྱི་ཕྱོགས་སུ་ཚུགས་པའི་ཤར་ཐུར་ཁེ་སི་ཐན་དབྱི་སི་ལམ་ལས་འགུལ་ཞེས་པ་དང་། ཤར་ཐུར་ཁེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཞེས་པ། ཤར་ཐུར་ཁེ་སི་ཐན་གསར་འགྱུར་བརྡ་འཕྲིན་ལྟེ་གནས་ཞེས་པ། འཛམ་གླིང་ཡུ་གུར་གཞོན་ནུ་འཐུས་མི་ཚོགས་པ་ཞེས་པའི་རྩ་འཛུགས་དང་ཚོགས་པ་འགའ་ཡོད་པ་རྣམས་འཇིགས་སྐུལ་པའི་གྲས་སུ་བགྲངས་པ་ལྟར། སྒེར་གཅོད་སྲིད་གཞུང་གིས་བོད་ཀྱི་ཚོགས་པ་དང་མི་སྣ་དག་ཀྱང་དེ་དག་དང་ལྷན་དུ་ཐོ་ལ་བཀོད་དེ་འཇིགས་སྐུལ་རིང་ལུགས་དང་འཇིགས་སྐུལ་རྩ་འཛུགས། འཇིགས་སྐུལ་པའི་གྲས་སུ་འཇོག་དགོས་པའི་སྙན་ཞུ་ཕུལ་མྱོང་ཡོད་རབས་ཐོས། བོད་རྣམས་ཀྱིས་ད་ལྟའི་བར་དུ་དྲག་པོའི་སྤྱོད་པ་མ་བྱས་ཕྱིར་དེའི་གྲས་སུ་བགྲངས་ཡོད་པ་མ་རེད་ལ། སྔོན་མར་དྲག་ལས་བྱས་ཡོད་པའི་དབང་དུ་བཏང་ན་དེ་འདྲའི་གྲས་སུ་ཚུད་ཡོད་ངེས་དང་། མ་འོངས་པ་ནའང་དྲག་པོ་སྤྱོད་པའི་ལམ་དུ་ཞུགས་ཚེ་འཇིགས་སྐུལ་རིང་ལུགས་པའི་གྲལ་དུ་བརྫང་ངེས་རེད། བརྒྱ་ལ་དེ་འདྲའི་བཏགས་མིང་ཐོབ་པ་ཡིན་ན། འཛམ་གླིང་སྒང་གི་སྒེར་གཞུང་ཀུན་གྱིས་དགྲ་རུ་མི་མཐོང་བའི་ངེས་པ་མེད་ཅིང་། སྒེར་གཅོད་སྲིད་གཞུང་གིས་བོད་རྣམས་ཕོ་ཤུལ་བཅད་དེ་མོ་ཤུལ་ལ་གཏུགས་ཀྱང་བདེན་རྒྱབ་ཕྱོགས་སྐྱོར་བྱེད་མཁན་ཡོད་སྲིད་པ་མ་རེད། མ་ཟད་བོད་རྣམས་ནི་འཛམ་གླིང་སྒང་གི་སྒེར་གཅོད་སྲིད་གཞུང་ཁག་ལས་གདུག་རྩུབ་ཤིན་ཏུ་ཆེ་བའི་སྒེར་གཅོད་སྲིད་གཞུང་ཞིག་གི་དབང་སྒྱུར་འོག་ཏུ་བསྡད་ཡོད་པ་སྨོས་མ་དགོས། བརྒྱ་ལ་དེ་འདྲའི་ལས་ལ་ཞུགས་པ་ཡིན་ན། སྲིད་གཞུང་གང་དེ་དམངས་གཙོར་ཕྱིན་པའི་དབང་དུ་བཏང་ནའང་། མིང་དེ་དང་མཚུངས་པའི་རིན་དོད་འབུལ་དགོས་རེད་དེ། ཆེ་ཆའན(chechnya)དུ་ལམ་རང་བཙན་བདམས་པ་དག་གིས་དྲག་སྤྱོད་མངོན་དུ་བསྟར་བས་ཨུ་རུ་སུ་དམངས་གཙོ་སྲིད་གཞུང་གིས་དེ་དག་འཇིགས་སྐུལ་པར་བཏགས་ནས་ཤིག་ལ་སྟ་རེ་འཕེན་པ་ལྟར་དྲག་གནོན་བྱས་དང་བྱེད་བཞིན་པ་དེ་འདྲའོ།།  གནས་བབ་དེ་འདྲར་ཕྱིན་ཚེ་དེ་བས་ཆེ་བའི་འཇིགས་སུ་རུང་བ་ཞིག་གང་དུ་ཡོད། ཁོ་བོས་དེ་ལྟར་ཕྱི་ནང་རང་གཞན་ཀུན་ལ་བསམ་ནས་དྲག་པོ་སྤྱོད་པའམ་འཇིགས་སྐུལ་རིང་ལུགས་ཀྱི་ལམ་འདེམས་པ་ནི་རང་ཉིད་རྩ་བ་ནས་རྫོགས་པའི་ལམ་འདེམས་པ་ཡིན་པར་ཐག་བཅད་པ་ཡིན་ལ། དེ་འདྲའི་ལས་བྱེད་པའི་ཉེན་ཁ་ལ་འཇིགས་པ་ནི་འཇིགས་པའི་ཚོར་པ་ལས་ཀྱི་བཞི་པ་སྟེ། མ་འོངས་སྔོན་རྟོག་གིས་སོ།། 
དེ་ལྟར། སྒེར་གཅོད་པའི་སྲིད་ཀྱི་གདུག་རྩུབ་དྲན་པས་འཇིགས་པ་དང་། སྒེར་གཞུང་གང་ཡང་མི་རིགས་རིང་ལུགས་ཐལ་མཐའ་པར་ལྟུང་ཉེན་ལ་དཔགས་པས་འཇིགས་པ་དང་། མི་བུ་སྒེར་གྱི་ཚེ་སྲོག་དང་བདེ་སྡུག་བསམས་པས་འཇིགས་པ་དང་། མ་འོངས་སྔོན་རྟོག་གིས་འཇིགས་པ་བཅས་འཇིགས་པའི་ཚོར་པ་སྣ་བཞི་ཡོད་པ་བྲིས་ཏེ་མཚམས་འདིར་སླེབས་པ་ན། འཇིགས་པའི་ཚོར་པ་གཞན་ཞིག་ཡོད་པ་ནི། རྩོམ་འདི་བཀྲམ་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲག་ཆེ་མོད། ཁ་ཡི་རྐྱེན་ལས་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་གིས་འཁུར་རྒྱུ་ཡིན་ནོ།།
 
བཞི་པ།  བསླབ་པ་ཞི་བའི་ཐབས་ལམ་དགུ་གྲོལ།
 
ད་ནི་འཆད་པར་བྱ་བའི་ལས་གཙོ་བོ་ལ་འཇུག་རྒྱུ་ཡིན། གང་ཡིན་ཟེར་ན། དེ་ནི་སྤྱི་དམངས་ཀྱི་མི་རྟོན་པའི་ཐོབ་ཐང་ཞེས་པའམ། བདེན་པའི་ཨུ་ཚུགས་ཀྱི་ལྟ་སྤྱོད་ཅེས་པའམ། འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་ཞེས་པ་སྟེ། གཞི་གཅིག་ལ་ལྡོག་པ་ཐ་དད་དམ་དོན་གཅིག་ལ་མིང་གི་རྣམ་གྲངས་དུ་མ་ཡོད་པ་དེ་བྲིའོ།།
འདིར་ཐོག་མར་གསལ་བཤད་བྱེད་དགོས་པའི་དོན་གཉིས་ཡོད་དེ།  གཅིག་ནི།  རྒྱ་ཡིག公民不服从
ཞེས་པ་ང་ཚོས་སྔོན་མར“སྤྱི་དམངས་ཀྱིས་བརྩི་འཁུར་མི་བྱེད་པ”ཞེས་བསྒྱུར་མོད། ཚིག་དེ་གོ་སླ་ཡང་བརྗོད་བདེ་དོན་འདུས་གཞུང་ལུགས་ཀྱི་བརྡ་རུ་ཆགས་དཀའ་བ་སྙམ་པས་ཁོ་བོས་ད་ཐེངས“སྤྱི་དམངས་ཀྱི་མི་རྟོན་པ”ཞེས་འགྱུར་བཅོས་བྱས་པ་ཡིན། རྒྱུ་མཚན་ནི། བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་བརྡ་བཀྲོལ་གསེར་གྱི་མེ་ལོང་དུ། རྟོན་པ། (1)ཡིད་ཆེས་པ་དང་། (2)འདོད་པ། (3)རྗེས་སུ་འབྲངས་པ་སོགས་ལ་འཇུག……བརྡ་རྙིང་སྟེ། ཞེས་གསུངས་པ་ལྟར། བརྡ་རྙིང་དུ་སོང་བ་གང་ཞིག་ལ་དགག་སྒྲ་སྦྱར་པ་དེས་རྒྱ་འགྱུར་གྱི་གོ་དོན་ཇི་བཞིན་སྟོན་ནུས་པས་དང་། རྟོན་པ་བཞི་དང་མི་རྟོན་པ་བཞི་ཞེས་འུ་ཚོའི་ཆོས་སུ་རྒྱུན་སྤྱོད་ཀྱི་ཚིག་ཅིག་ཡིན་པས་དང་། གཞན་ཡང་བརྡ་རྙིང་པ་ལ་སྲོག་གསར་པ་འཇུག་པའི་དགོས་པ་ཡོད་པ་བཅས་ཀྱི་ཕྱིར་རོ།། དེས་དབྱིན་ཡིགCivil disobedienceཞེས་པའི་བརྡ་དོན་ལེགས་པོར་འགྱུར་ཡོད་མེད་མི་ཤེས་མོད། དེར་སྤྱི་དམངས་ཀྱིས་སྲིད་གཞུང་དང་བཙན་དབང་གིས་བཅས་པའི་དྲང་བདེན་མ་ཡིན་པའི་བཀའ་ཁྲིམས་དང་བཀོད་ཁྱབ་ལ་ཡིད་ཆེས་མེད་པ་དང་། རྗེས་སུ་མི་འབྲང་བ། བརྩི་འཁུར་མི་བྱེད་པ། དང་དུ་མི་ལེན་པ། ཁས་མི་ལེན་པ། གུས་བཀུར་མི་བྱེད་པ། བསྟི་སྟང་མི་བྱེད་པ། བསྙེན་བཀུར་མི་བྱེད་པ། གྱེན་དུ་ལྡོག་པའི་དོན་འདུག་པར་བཤད་ཅིང་། མིང་ཚིག་སྒྱུར་གཏན་འབེབས་སྒང་ལ་བརྗོད་བདེ་གོ་སླ་དོན་འདུས་ཤིག་ཅིས་ཀྱང་ཡིད་ལ་མ་ཤར་བས་དེ་སྐད་དུ་བསྒྱུར་པ་ལྟར་དང་། དེའི་མཚུངས་སྤྱི་དམངས་ཀྱི་མི་རྟོན་པའི་ཐོབ་ཐང་ཞེས་པ་ནི公民不服从权ཞེས་པ་བསྒྱུར་པ་ཡིན་ལ། འབྲེལ་ཡོད་ཀྱི་རྒྱུ་ཆ་ལས། སྤྱི་དམངས་ཀྱི་མི་རྟོན་པ་ཞེས་འབྱུང་བ་མ་གཏོགས་སྤྱི་དམངས་ཀྱི་མི་རྟོན་པའི་ཐོབ་ཐང་ཞེས་འབྱུང་བ་མང་པོ་མ་མཐོང་། གང་ལྟར་དེ་དག་ནི་བོད་ལ་མཚོན་ན་མིང་བརྡ་གསར་པ་ལགས་ཤིང་། མྱོང་རྒྱུས་མེད་པ་ནི་དེ་བས་ཀྱང་སྨོས་མ་དགོས་པ་ཞིག་རེད།
ཅིག་ཤོས་ནི། སྤྱི་དམངས་ཀྱི་མི་རྟོན་པ་ཞེས་པ་ནི་དེང་དུས་སུ་སྤྱི་ཚོགས་ཆབ་སྲིད་མཚན་ཉིད་རིག་པའི་བརྗོད་བྱ་ཞིག་ཏུ་སོང་འདུག་སྐད་དང་། དེ་ལ་མཁས་པ་སོ་སོས་ལྟ་ཚུལ་མི་འདྲ་བ་གསུངས་ཡོད་རབས་ཏེ། སྤྱི་དམངས་ཀྱི་མི་རྟོན་པ་དེ་རང་བྱུང་ངམ་ལྷན་སྐྱེས་ཀྱི་འོས་འགན་ཡིན་མིན་དང་ཀུན་སྤྱོད་ཀྱི་སྡོམ་དང་འགལ་ཡོད་མེད། དེ་དུས་མི་རྣམས་ལ་ཐུན་མོང་གི་དྲང་བདེན་ལྟ་བ་ཆགས་ཐུབ་མིན། སྒེར་གཅོད་དབང་སྒྱུར་འོག་ཏུ་སྤྱི་དམངས་ཀྱི་མི་རྟོན་པ་དེ་སྤྱོད་གོ་ཆོད་མིན། དམངས་གཙོའི་སྲིད་ལུགས་སུ་གང་དེ་རང་ཐག་རང་གཅོད་ཀྱི་སྲོལ་ལ་བརྟེན་མིན། སྤྱི་དམངས་ཀྱི་མི་རྟོན་པ་དེའི་ཁྲིམས་ཀྱི་ས་མཚམས་འཛིན་སྟངས། ཐ་ན“སྤྱི་དམངས་ཀྱི”ཞེས་སྦྱར་པ་སྤྱི་སྤོམ་གྱི་ཚིག་ཅིག་ཡིན་ལ་འགྲེལ་སྣ་ཚོགས་རྒྱག་ཆོག་པར་བཤད་པ་སོགས་དོན་གཅིག་ལ་མཁས་པའི་དཔྱད་འབྲས་ཅི་རིགས་ཡོད་ཚུལ་མཐོང་། དེ་ནི་གཞུང་ལུགས་ནི་རྗེས་ལ་ཕྱིན་ཏེ་འོང་ཞེས་པ་ལྟར་རྗེས་ལ་ཕྱིན་ཏེ་འོངས་པའི་གཞུང་ལུགས་མཁན་དང་རིག་པ་མཁན་དག་གི་ལས་ཡིན་ལ། ཁོ་བོ་གཞུང་ལུགས་གང་དེར་རྒྱུས་མངའ་དང་སློབ་གཉེར་མེད་ཕྱིར་དཔྱད་པ་བརྗོད་སྤོབས་བྲལ། དེས་ན་ཁོ་བོས་འདི་ནས་མ་གཞི་ཉམས་བཞེས་གནང་དགོས་པ་གང་ཞིག ཤེས་ཚོད་གོ་ཚོད་ཀྱིས་ཡུལ་དུས་དང་འཚམ་པའི་ཚིག་ལ་བརྒྱུས་ཏེ་རྒྱུན་ཤེས་ཙམ་ཞིག་ཐོག་མའི་ངོ་སྤྲོད་ཀྱི་ཚུལ་དུ་སྒྲིག་སྒྱུར་མཚམས་སྦྱོར་བྱེད་པ་ལ།
 
གཅིག སྤྱི་དམངས་ཀྱི་མི་རྟོན་པའི་ཐོབ་ཐང་།
 
དོན་འདི་བརྡ་དོན་གྱི་གོ་རིམ་བཞིན་སྤྱི་དམངས་དང་། མི་རྟོན་པ། སྤྱི་དམངས་ཀྱི་མི་རྟོན་པའི་ཐོབ་ཐང་བཅས་གསུམ་གྱི་སྟེང་ལ། དེ་འབྲེལ་སྤྱི་དམངས་ཀྱི་མི་རྟོན་པ་ཞེས་པའི་མིང་ཚིག་གི་བྱུང་བ་དང་བཅས་ཚན་པ་བཞི་རུ་ཕྱེ་ནས་བཤད་རྒྱུ་ཡིན།
1.སྤྱི་དམངས།
སྤྱི་དམངས་ཞེས་པ་ནི་རྒྱལ་ཁབ་ཅིག་གི་རྒྱལ་ཁོངས་ཡོད་པ་གང་ཞིག་ལ། རྒྱལ་ཁབ་དེའི་བཅའ་ཁྲིམས་ཀྱི་བཅས་དོན་ཚད་གཞི་ནང་ལྟར་འོས་འགན་ཐེག་འཁུར་དང་། འོས་བབས་ཀྱི་ཆབ་སྲིད་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཐོབ་ཐང་མངའ་བའི་རང་བྱུང་མི་བུ(སྐབས་འདིའི་རང་བྱུང་མི་བུ་ཞེས་པ་ནི་སྤྱི་ཚོགས་ཀྱི་མི་དང་ལྟོས་ས་ལྟོས་འཇོག་གིས་བརྗོད་པ་དེའི་དོན་མ་ཡིན་པར། རྒྱ་ཡིག法人ཞེས་པ“ཁྲིམས་མིའམ་ཁྲིམས་ཚན”ཞེས་སུ་འགྱུར་ཡོད་པ་བོད་ཀྱི་བརྡ་རུ་ཤིན་ཏུ་གོ་དཀའ་བའི་བཅའ་ཁྲིམས་ཀྱི་གོ་དོན་ཅན་གྱི་བརྡ་དེ་དང་ལྟོས་ས་ལྟོས་འཇོག་གིས་བརྗོད་པའི“རང་བྱུང་མི་བུ”ལ་གོ སྐྱེ་ཁམས་ཀྱི་ངོས་ནས་མི་སྒེར་གྱི་མཚན་ཉིད་ཡོད་པ་སུ་ཡིན་ཀྱང་རང་བྱུང་མི་བུ་ཡིན་ལ། རང་བྱུང་མི་བུ་ལ་ནི་མི་བུའི་ཐོབ་ཐང་གང་ཡང་ལྷན་སྐྱེས་སུ་མངའ་ཞེས་པའོ)ལའོ་ཞེས་པ་སྟེ། རང་བྱུང་མི་བུའམ་མི་སྒེར་སོ་སོ་རྒྱལ་ཁོངས་གང་དུ་གནས་ཀྱང་། རིགས་རྒྱུད་དང་། ཤ་མདོག ཕོ་མོ། སྐད་ཆ། ཆོས་ལུགས། སྲིད་དགོངས་མི་འདྲ་བ་སོགས་ལ་བལྟོས་ཏེ་དབྱེ་བ་འབྱེད་པ་དང་། མཐོང་ཆུང་བྱེད་པ། སྤྱི་སྙོམས་མ་ཡིན་པའི་སྤྱོད་སྟངས་འཛིན་རྒྱུ་མེད་པར། བཅའ་ཁྲིམས་ཀྱི་མདུན་དུ་མི་བུ་སོ་སོ་འདྲ་མཉམ་ཡིན་ཞེས་པའི་རྩ་དོན་ལྟར། སོ་སོར་གནས་སྤོ་རང་དབང་དང་། སྨྲ་བརྗོད་རང་དབང་། རང་ཐག་རང་གཅོད་རང་དབང་། རྩོམ་འབྲི་དཔེ་སྐྲུན་རང་དབང་། གསང་དོན་འཕྲིན་བསྐུར་རང་དབང་། ཆོས་ལུགས་དད་མོས་རང་དབང་། མནོ་སེམས་བསམ་གཞིག་རང་དབང་། རྒྱུ་འབྲས་ཀུན་སྤྱོད་རང་དབང་། འདུ་འཛོམས་ཤོག་སྒྲིལ་རང་དབང་། མཐུན་བསྡེབས་གཉེན་སྒྲིག་རང་དབང་། ལས་ཀ་མཚམས་འཇོག་རང་དབང་། རྒྱུ་ནོར་ལོངས་སྤྱོད་རང་དབང་། གར་འགྲོ་གར་འདུག་རང་དབང་། སྒེར་དོན་གཅེས་འཛིན་རང་དབང་སོགས་གཞི་རྩའི་ཐོབ་ཐང་འདྲ་མཉམ་དུ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་ཆབ་སྲིད་དུ་འཇུག་པའི་ཐོབ་ཐང་མངའ་བ་སྟེ། འོས་གདམ་དང་འོས་འདེམས(被选举和选举)ཀྱི་ཐོབ་ཐང་ཡོད་ཅིང་། རྒྱལ་ཁབ་གང་དེ་བདག་གཉེར་དོ་དམ་བྱེད་པའི་སྲིད་དོན་དུ་འཇུག་པའི་ཐོབ་ཐང་ཡང་ཡོད་པ་ཞིག་ཡིན་ལ། དེའི་མཚུངས་སུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་བརྩི་འཇོག དེ་བཞིན་སྤྱི་པའི་རྒྱུ་ནོར་དང་སྤྱི་པའི་སྒྲིག་སྲོལ་གཅེས་སྲུང་བྱེད་པ་སོགས་ཀྱིས་མཚོན་པའི་འོས་འགན་ཡོད་པ་གང་དེ་ནི་ད་གཟོད་སྤྱི་དམངས་ཡིན་ཞེས་བཤད་ཅིང་། གང་ཡང་མི་བུ་སྒེར་གྱི་ཆབ་སྲིད་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལྷན་སྐྱེས་ཐོབ་ཐང་ཡོད་ཚད་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་ཅིང་། བཅའ་ཁྲིམས་ཀྱི་བཅས་དོན་གང་དེ་མི་བུ་སྒེར་གྱིས་བརྩི་སྲུང་གི་འོས་འགན་འཆང་བ། བཅའ་ཁྲིམས་ཀྱི་མདུན་དུ་མི་བུ་སོ་སོར་འདྲ་མཉམ་གྱི་ཐོབ་ཐང་ཡོད་པའི་དམངས་གཙོའི་ལམ་ལུགས་སུ་གནས་པའི“མི་དམངས”ལ་སྤྱི་དམངས་ཞེས་སུ་འབོད་པའོ།། 
གོ་དོན་ལྟར་ན། སྤྱི་དམངས་ཞེས་པ་ནི་དམངས་གཙོའི་ལམ་ལུགས་སུ་སྤྱོད་པའི་མིང་བརྡ་ཞིག་ཡིན་པ་མ་གཏོགས་སྒེར་གཅོད་ལམ་ལུགས་སུ་སྤྱོད་པའི་མིང་བརྡ་ཞིག་མིན་ཚོད། “མི་རྟོན་པ”དེ་དམངས་གཙོའི་ལམ་ལུགས་ཀྱི་ནང་ལ་བྱུང་བ་དང་། གང་དེ་དམངས་གཙོའི་ལམ་ལུགས་ཀྱི་ནང་དུ་ད་གཟོད་ཐོབ་ཐང་དུ་རྩི་བའི་རྒྱུ་མཚན་གྱིས་སམ། ཡང་ན“མི་རྟོན་པ”དེ་དམངས་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་སམ་ལྟོས་ས་ལྟོས་འཇོག་གིས་དྲང་བདེན་གནས་ལུགས་སུ་གནས་པའི་སྤྱི་ཚོགས་སུ་ད་གཟོད་ཉམས་ལེན་ཡོད་པ་ཞིག་མ་གཏོགས། རྒྱུ་འབྲས་དྲང་བདེན་ལ་མི་གནས་པའི་སྒེར་གཅོད་སྤྱི་ཚོགས་སུ་མཐོང་དཀའ་རབས། རྒྱུ་མཚན་དེའི་ཕྱིར“སྤྱི་དམངས”ཞེས་སྤྱིར་བཏང་དུ་དམངས་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་ནང་ལ་མ་གཏོགས་མི་བརྗོད་པའི་མིང་ངེས་པ་ཅན་དེ་སྤྱད་འདུག
2. མི་རྟོན་པ།
མི་རྟོན་པ་ཞེས་པ་ནི་སྲིད་གཞུང་ངམ་བཙན་དབང་གིས་བཅས་པའི་དྲང་བདེན་མ་ཡིན་པའི་བཅའ་ཁྲིམས་དང་སྲིད་འཛིན་གྱི་བཀོད་ཁྱབ་གང་རུང་ལ་དམིགས་ཏེ། ཤེས་བཞིན་དུ་མི་བརྩི་བ་དང་མི་སྲུང་བ། རྗེས་སུ་འབྲང་བར་མི་བྱེད་པ། སྤྱོད་པ་དྲག་པོ་མ་ཡིན་པའམ་འཚེ་མེད་ཞི་བའི་ལམ་ནས་དེ་དག་གྱེན་དུ་ལྡོག་པར་རྩོམ་པ་ལ་ཟེར་ཞེས་སོ།། 
མི་རྟོན་པ་ཞེས་པ་དེ་བོད་ཀྱི་བཤད་སྟངས་ལྟར་ན། བཤད་སྒྲུབ་གཉིས་ལས་སྒྲུབ་པའི་ཆོས་ཅན་དང་ལུས་ངག་ཡིད་ཀྱི་ལས་གསུམ་ལས་ལུས་ཀྱི་ལས་སུ་གཏོགས། དེ་ནི་བཤད་པ་དང་བསམ་པ་དང་སྒོམ་པ་ཙམ་གྱིས་མི་འགྲུབ་ལ།  སྤྱོད་པ་གང་ཞིག་ལག་ལེན་རྣམ་འགྱུར་དུ་མངོན་དགོས་པ་ཞིག་རེད། 
དེ་འདྲའི་རྣམ་འགྱུར་ནི་ཚུལ་དུ་མ་ནས་སྟོན་ཆོག་སྟེ། མི་བུ་གཅིག་ཧྲེང་ཧྲེང་གི་ངོས་ནས་བསྟན་ཆོག་ལ་མི་བུ་དུ་མ་ལྷན་འདུས་ཀྱི་ངོས་ནས་ཀྱང་བསྟན་ཆོག རྩོལ་བཅས་སྔོན་འཇུག་གི་ཚུལ་གྱིས་བསྟན་ཆོག་ལ་རྩོལ་མེད་རྗེས་འཇུག་གི་ཚུལ་གྱིས་ཀྱང་བསྟན་ཆོག ཁྲིམས་ཀྱིས་གནང་བ་ལ་མི་འཇུག་པའི་ཚུལ་གྱིས་བསྟན་ཆོག་ལ་ཁྲིམས་ཀྱིས་བཀག་པ་ལ་འཇུག་པའི་ཚུལ་གྱིས་ཀྱང་བསྟན་ཆོག དེ་ལ་གཅིག་གིས་མི་རྟོན་པ་དང་དུ་མས་མི་རྟོན་པ། རྩོལ་བཅས་ཀྱིས་མི་རྟོན་པ་དང་རྩོལ་མེད་ཀྱིས་མི་རྟོན་པ། གནང་བར་མི་རྟོན་པ་དང་བཀག་པར་མི་རྟོན་པའི་ཁྱད་པར་ཡོད་རབས། 
དེས་ན། སྤྱི་དམངས་ཀྱི་མི་རྟོན་པའི་རྣམ་འགྱུར་སྟོན་སྟངས་བསྡུ་ན་ཧ་ལམ་གསུམ་དུ་འདུ་སྟེ། དང་པོ་ནི། ཁྲིམས་ཀྱིས་གཏན་འབེབས་བྱས་པའི་སྒྲིག་རིམ་ལྟར་དྲང་བདེན་མ་ཡིན་པའི་བཅའ་ཁྲིམས་དང་བཀོད་ཁྱབ་གང་རུང་བཟོ་བཅོས་རྒྱག་པའི་རེ་ཞུ་བྱེད་པ་དཔེར་ན། མཇལ་གཏུག་ཞུ་བ་དང་། སྙན་ཞུ་འབུལ་བ། འབོད་སྐུལ་ཞུ་བའམ་ཡང་ན་ཁྲིམས་ཁང་དང་གྲོས་ཁང་། སྲིད་གཞུང་སྡེ་ཁག་ལས་ཐོབ་ཐང་རྩོད་ལེན་བྱེད་པ་ཡིན་ལ་དེ་ནི་ཁྲིམས་དང་མཐུན་པའོ།།  གཉིས་པ་ནི། རྩ་ཁྲིམས་སུ་བཀོད་པའི་སྤྱི་དམངས་ཀྱི་ཐོབ་ཐང་བེད་སྤྱོད་པ་སྟེ། རྔམ་སྟོན་ཁྲོམ་སྐོར་དང་། འདུ་འཛོམས་འདུས་ཚོགས་ཀྱི་ཚུལ་གྱིས་རྣམ་འགྱུར་སྟོན་པ་ཡིན་ལ། དེ་ནི་དང་པོ་ལ་བལྟོས་པས་ཅུང་ཟད་ཁ་ཚ་པོ་ཡིན་ནའང་དེ་ག་ནང་བཞིན་ཁྲིམས་མཐུན་ཡིན་པའོ།།  གསུམ་པ་ནི། དམངས་གཙོའི་གཞི་རྩའི་ཐོབ་ཐང་དེ་དག་ལ་གཞུང་ཕྱོགས་ཀྱིས་སྣང་འཇོག་མི་བྱེད་པ་དང་བཀག་འགོག་བྱེད་ན་ནི། སྤྱི་དམངས་ཀྱིས་དེ་ལས་ཐལ་ཆེ་བའི་སྦྱོར་བ་རྩོམ་པ་སྟེ། མཐའ་རུ་སྤྱུགས་ཀྱང་བཙོན་དུ་ཚུད་ཀྱང་། ཐ་ན་ཚེ་སྲོག་འབུལ་དགོས་ཀྱང་དྲང་བདེན་མ་ཡིན་པ་གང་ཞིག་བཟོ་བཅོས་རྒྱག་པར་སྐུལ་སླད། མི་རྣམས་ཀྱི་དོ་ཁུར་དང་གདུང་སེམས་མཉམ་དུ་བསྐྱེད་པའི་ཐབས་ལ་སྤྱོད་པ་ཡིན་ཞིང་། དེ་ནི་ཤེས་བཞིན་དུ་ཁྲིམས་འགལ་གྱི་ལས་ལ་ཞུགས་པའོ།། 
སྤྱི་དམངས་ཀྱི་མི་རྟོན་པ་ནི་སྒེར་གཅོད་ལམ་ལུགས་སུ་དྲག་གནོན་གྱི་ཉེན་ཁ་ཤིན་ཏུ་ཆེ་ཕྱིར་དེ་ནི་དམངས་གཙོའི་ལམ་ལུགས་སུ་གནས་པའི་སྤྱི་དམངས་ཀྱི་ཆབ་སྲིད་བྱ་སྤྱོད་ཅིག་ཡིན་ཚུལ་གསུང་མཁན་འདུག་ལ། དམངས་གཙོའི་ལམ་ལུགས་སུ་གནས་པའི་སྤྱི་དམངས་ནི་དྲང་བདེན་མ་ཡིན་པའི་བཅའ་ཁྲིམས་གང་རུང་ལ་མི་རྟོན་པ་མ་གཏོགས་དྲང་བདེན་གྱི་བཅའ་ཁྲིམས་ལ་རྟོན་པ་སྟེ། མི་རྟོན་པའི་རྣམ་འགྱུར་སྟོན་སྒང་ལ་མི་སྲོག་གཅོད་པ་དང་མེར་སྲེག་པ། མཚོན་ཆའི་ལས་མི་བྱེད་པར་བགྱི་བ་གང་ལའང་འཚེ་མེད་ཞི་བ་དང་དྲག་ཤུགས་མ་ཡིན་པ། བསམ་ཤེས་དཔྱོད་ཤེས་ཀྱིས་འཇུག་ལ། དེ་ནི་གཞུང་ཕྱོགས་ལ་དྲག་གནོན་གྱི་ཁ་གཡོར་ས་མི་སྟེར་བ་དང་། སྤྱི་དམངས་ཀྱི་གདུང་སེམས་མཉམ་སྐྱེད་ལ་དམིགས་ཏེ་རྒྱུ་འབྲས་བློ་མིག་འབྱེད་པ་ཡིན་ཕྱིར། གང་དེ་བདེན་པ་སྤྱི་དམངས་ལ་ཡོད་ཀྱི་སྲིད་གཞུང་ལ་མེད་པ་དང་། གནས་ལུགས་རྒྱུ་འབྲས་ལ་གནས་ཀྱི་དེ་ལས་ལོག་པར་མི་འཕྱན་པ་དང་། སྤྱོད་པ་ཞི་བ་ལ་སྣང་གི་དྲག་ཤུལ་དུ་མི་མངོན་པ་དང་། སྣང་ཚུལ་ཁྲོམ་བསྒྲགས་ལ་གསལ་གྱི་གསང་བ་ལྐོག་སུད་དུ་མི་སྒྲིབ་པ་དང་། ཤེས་བཞིན་ཁྲིམས་འགལ་དུ་བྱས་ཀྱི་བསམ་མེད་རྨོངས་ཚོད་དུ་མི་འཇུག་པ་དང་། དཀའ་བ་རང་གིས་སྤྱོད་ཀྱི་གཞན་ལའང་སྤྱོད་པར་སྐུལ་བའི་ཆོས་དང་ལྡན་པར་བཤད་པས་ན། ཁོ་བོས་ཀྱང་ཡིད་ལ་འཛིན་བདེ་ཕྱིར་གོ་དོན་གང་མང་ལ་བལྟས་ནས་རང་ཚོད་ཀྱིས་བསྡོམས་ཤིག་འགོད་འདོད་དེ། ངོ་བོ་དང་བྱེད་ལས། དགོས་པ། དམིགས་ཡུལ་བཅས་རྣམ་གྲངས་བཞི་ཡིས་སྟོན་པ་ལ། 
གང་དེའི་ངོ་བོ་ནི་བདེན་པ་རང(སྤྱི་དམངས)ལ་ཡོད་པ་སྟེ་བདེན་པའི་ཕྱིར་དུ་བཟོད་སྒོམ་དཀའ་བ་སྤྱོད་པ་དང་། 
གང་དེའི་བྱེད་ལས་ནི་ཁྲིམས་ངན་ཟློག་པ་སྟེ་ལུགས་མཐུན་གྱི་ཕྱིར་དུ་འཚེ་མེད་ཞི་བ་ལ་གནས་པ་དང་།
གང་དེའི་དགོས་པ་ནི་གདུང་སེམས་མཉམ་སྐྱེད་དེ་རྒྱབ་སྐྱོར་གྱི་ཕྱིར་དུ་གསང་མེད་ཁྲོམ་བསྒྲགས་བྱེད་པ་དང་། 
གང་དེའི་དམིགས་ཡུལ་ནི་རང་དབང་བདེ་སྐྱིད་དེ་ཞི་མཐུན་གྱི་ཕྱིར་དུ་ཡོངས་ཁྱབ་ཐོབ་ཐང་རྩོད་པ་བཅས་རང་རིགས་རྣམས་ལ་རྒྱུ་ཆར་ཕུལ་བའོ།། 
3. སྤྱི་དམངས་ཀྱི་མི་རྟོན་པའི་ཐོབ་ཐང་།
སྤྱི་དམངས་ཞེས་པ་དང་མི་རྟོན་པ་ཞེས་པ་རེ་རེ་ནས་བཤད་ཟིན་པས་ན། དོན་འདི་ནི་ཧ་ཅང་གོ་བདེ་བ་ཆགས་ཡོད་སྙམ། གོང་དུ་སོང་བ་ལྟར། སྤྱི་དམངས་ཞེས་པ་ནི་དམངས་གཙོའི་སྤྱི་ཚོགས་ཀྱི་མིང་བརྡ་ཞིག་དང་། དམངས་གཙོའི་སྤྱི་ཚོགས་ཀྱི་ནང་ལ་སོ་སོར་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་ཐོབ་ཐང་མངའ་བ་གང་ཞིག  བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་ཁག་ཐེག་བྱེད་ཅིང་། ཁོ་ཚོས་དེ་ག་ནང་བཞིན་བཅའ་ཁྲིམས་གང་དེ་འོས་འགན་ཐེག་འཁུར་བྱེད་ཀྱི་ཡོད་ན། ཁོ་ཚོས་མི་རྟོན་པའི་ལས་བྱེད་དོན་མེད་པ་ལྟར་སྣང་མོད། འོན་ཀྱང་། མི་རྣམས་ཀྱི་ཁམས་དང་མོས་པ་སྣ་ཚོགས་ཡིན་ཕྱིར། དྲང་བདེན་མ་ཡིན་པའི་བཅའ་ཁྲིམས་དང་བཀོད་ཁྱབ་གང་རུང་སོ་སོའི་ཆབ་སྲིད་ལྟ་གྲུབ་དང་། ཀུན་སྤྱོད་མོས་པ། ཆོས་ལུགས་དད་མོས་སོགས་དང་འགལ་བ་དང་། ཡང་གཅིག་བཤད་ན། བཅའ་ཁྲིམས་དང་བཀོད་ཁྱབ་ཀྱིས་གནང་བ་དང་། བཅའ་ཁྲིམས་དང་བཀོད་ཁྱབ་ཀྱིས་བཀག་པ་སྟེ་གནང་བཀག་གང་རུང་སོ་སོའི་རྒྱུ་འབྲས་ཀྱི་བློ་དང་འགལ་བའམ་བཅའ་ཁྲིམས་དང་རྒྱུ་འབྲས་ཀུན་སྤྱོད་བར་ལ་གདོང་ཐུག་བྱུང་ཚེ། ཁོ་ཚོས་མ་མཐར་ཡང་དབང་འཛིན་སྲིད་གཞུང་གིས“ཁྲིམས་འགལ”དུ་མཐོང་བ་སྟེ་མི་རྟོན་པའི་ལས་བྱེད་དོ།། 
སྤྱི་དམངས་རྣམས་མི་རྟོན་པའི་ལས་ལ་འཇུག་རུང་མིན་ནི་བཅའ་ཁྲིམས་ཀྱི་གནང་བཀག་ལ་བལྟོས་པ་ཞིག་མིན་ལ། གདོད་མ་ནས་མངའ་བ་དང་། ལྷན་སྐྱེས་ནས་མངའ་བ། ཡང་ན་གནམ་གྱིས་གནང་བའི་མི་བུའི་ཐོབ་ཐང་གཞན་དག་ལྟར་ཡོངས་ཁྱབ་རིན་ཐང་དུ་སོང་ཡོད་པར་བཤད་ཕྱིར། དེ་ནི་བཙན་འཕྲོག་མི་རིགས་པ་དང་། བཤུག་སྤྲོད་མེད་པ་ཞིག་ཏུ་ངོས་འཛིན་གྱི་འདུག དེ་ལྟར་ངོས་འཛིན་པ་དེ་བྱེ་བྲག་གང་རེད་ཟེར་ན། གོང་དུ་མི་རྟོན་པའི་རྣམ་འགྱུར་སྟོན་སྟངས་གསུམ་བསྟན་པ་ལས་ཀྱི་གསུམ་པ་སྟེ་མཐའ་རུ་སྤྱུགས་ཀྱང་བཙོན་དུ་ཚུད་ཀྱང་། ཐ་ན་ཚེ་སྲོག་འབུལ་དགོས་ཀྱང་དྲང་བདེན་མ་ཡིན་པའི་བཅའ་ཁྲིམས་བཟོ་བཅོས་རྒྱག་པར་སྐུལ་སླད། མི་རྣམས་ཀྱི་དོ་ཁུར་དང་གདུང་སེམས་མཉམ་དུ་བསྐྱེད་པའི་ཐབས་ལ་སྤྱོད་པ་གང་ཞིག ཤེས་བཞིན་དུ་ཁྲིམས་འགལ་གྱི་ལས་ལ་འཇུག་པའམ་ཐལ་ཆེ་བའི་སྦྱོར་བ་རྩོམ་པ་དེའོ།། 
ཤེས་དགོས་པ་ནི། སྤྱི་དམངས་ཀྱི་མི་རྟོན་པ་དེ་ཐོབ་ཐང་དུ་གཟིགས་ནས་ཁྱད་འཕགས་མཆོག་གྱུར་གྱི་ཡོངས་ཁྱབ་རིན་ཐང་དུ་ནི་དམངས་གཙོའི་སྤྱི་ཚོགས་སུ་ད་གཟོད་མཐོང་གི སྒེར་གཅོད་སྤྱི་ཚོགས་སུ་དེ་ལས་ལྡོག་པར་མཐོང་བའི་ཚུལ་དེའོ།། དེ་ལྟ་ན་བོད་རྣམས་སྒེར་གཅོད་དམ་དྲག་ཏུ་གནས་ཕྱིར་ཁྱོད་ཀྱི་མཚམས་སྦྱོར་དེ་ལ་དགོས་སྙིང་ཅི་ཡོད་དམ་ཟེར་ན། ཁོ་བོར་བསམ་ཚུལ་གཅིག་ལས་མེད་དེ། མན་ངག་སྤྱི་མ་བསླབ་ཏུ་རེ་བས་ཡིན་ནོ།། 
4. སྤྱི་དམངས་ཀྱི་མི་རྟོན་པ་ཞེས་པའི་མིང་ཚིག་གི་བྱུང་བ།
སྤྱི་དམངས་ཀྱི་མི་རྟོན་པ་ཞེས་པ་ནི་བརྗོད་ཚུལ་འཕྱིས་ལ་སྤྱོད་ཚུལ་སྔ་བའི་སྒྲ་དོན་ཞིག་ཡིན་རབས་ཏེ། སྤྱོད་ཚུལ་གྱི་ངོས་ཁོ་ན་ནས་བཤད་ན། ཡར་དེད་པས་སྤྱི་ལོ་སྔོན་གྱི་གནའ་རབས་ཀེ་རི་སེའི་སྐབས་ནས་བྱུང་ཡོད་མྱོང་བ་ཞིག་དང་། བརྗོད་ཚུལ་དང་སྤྱོད་ཚུལ་ཉིས་ཆ་ནས་བཤད་ན། མར་དེད་པས་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་ལ་ད་གཟོད་བྱུང་ཞིང་ཡོངས་ལ་གྲགས་སྐད་འདུག དེ་ནི་མི་བུ་སྒེར་གྱི་སྤྱོད་པ་ནས་སྤྱི་ཚོགས་ཆབ་སྲིད་ཀྱི་སྤྱོད་པར་ཆགས་པའི་རིམ་འགྱུར་གོ་རིམ་ཞིག་རེད།
དེ་ཡང་། སྤྱི་དམངས་ཀྱི་མི་རྟོན་པ་དེ་སྤྱི་ཚོགས་ཆབ་སྲིད་ཀྱི་སྤྱོད་པར་ཆགས་པ་ནི་ཨ་རིའི་རྩོམ་མཁན
H•D•སོ་རེའུ་ནས་བརྩམས་པ་ཞིག་དང་། དེ་བཞིན་བཤད་སྟངས་གང་དེ་ཉིད་ཀྱང་སོ་རེའུ་ཡི་ལྟ་གྲུབ་དང་འབྲེལ་བ་ཡོད་པ་ཞིག་རེད། 1848ལོར་ཁོང་གིས་ཁ་བྱང་ལ《རྒྱལ་དམངས་སྲིད་གཞུང་ལ་རྒོལ་གཏམ་གཏོང་བ》ཞེས་པའི་གསུང་བཤད་གྲགས་ཆེན་ཞིག་གནང་མྱོང་བ་དེ། ཁོང་ཉིད་སྐུ་གཤེགས་རྗེས་ཀྱི་ལོ་བཞི་པ་སྟེ1866ལོར་དེབ་མིང་དུ《སྤྱི་དམངས་ཀྱི་མི་རྟོན་པ》ཞེས་བཏགས་ཏེ་པར་དུ་བཏབ་པ་ནས་བཟུང་ཀུན་གྱིས་སྤྱོད་པའི་མིང་ཚིག་ཅིག་ཏུ་གྱུར་ཅིང་། དེང་དུས་སུ་སྤྱི་ཚོགས་ཆབ་སྲིད་མཚན་ཉིད་རིག་པའི་བརྡ་ཆད་ཅིག་ཏུ་ཆགས་ཡོད་རབས་བཤད། སོ་རེའུ་ནི་མ་གཞི་རྩོམ་མཁན་ཞིག་རེད་ལ། ཁོང་སྐུ་འཚོ་བཞུགས་དུས་སྐབས་སུ་ནི་ཨ་རི་སྲིད་གཞུང་གིས་བྲན་གཡོག་ལམ་ལུགས་ད་དུང་བསྒྱུར་མ་ནུས་པར་ཡོད་པའི་ཁར། ཁྱིམ་མཚེས་རྒྱལ་ཁབ་མོ་ཞི་ཁོ་ལ་བཙན་འཛུལ་དམག་འཁྲུག་རྒྱག་པའི་དུས་ཡིན་སོང་། ཁོང་ཉིད་དེ་དག་ལ་གློ་བ་མ་མཉེས་ཏེ་སྲིད་གཞུང་ལ་དཔྱ་ཁྲལ་མ་འཇལ་བ་དང་དྲང་བདེན་མ་ཡིན་པའི་ཁྲིམས་ལ་མི་རྟོན་པའི་བརྟུལ་ཞུགས་བཟུང་བ་ན། སྲིད་གཞུང་གིས་ཁོང་ལ་འཛིན་བཟུང་བཀག་ཉར་གྱི་བཀའ་ཆད་བཅད་ཅིང་། གཞན་གྱིས་བླུ་ཡོན་སྤྲད་པས་བཙོན་ཁང་དུ་ཞག་གཅིག་ལས་བཞུགས་མ་དགོས་ཀྱང་ཁོང་ཉིད་ཤིན་ཏུ་ཡི་མ་རང་སྟེ་གོང་གི་གསུང་དེ་གནང་བ་དང་། གསུང་དེ་ནི་ཡིག་འབྲུ་ཁྲི་རེ་གཉིས་ཙམ་ལས་མེད་ཀྱང་ཁོང་གི་བརྩམས་ཆོས་གཞན་ལས་རིན་ཐང་ཆེ་བ་དང་། ཤུགས་རྐྱེན་ཆེ་བ། སྐད་གྲགས་ཆེ་བར་མ་ཟད། འཛམ་གླིང་ཆབ་སྲིད་བསམ་བློའི་ལོ་རྒྱུས་སྟེང་གི་རྡོ་རིང་ལྟ་བུ་ཞིག་ཏུ་རྩི་ཡི་འདུག     《སྤྱི་དམངས་ཀྱི་མི་རྟོན་པ》ཞེས་པའི་དེབ་ཆུང་དེ། སྲིད་གཞུང་དོ་དམ་ཉུང་བ་རབ་ཅེས་དང་། སྲིད་གཞུང་ནི་བརྒྱ་བཤད་ཀྱང་ཐབས་ཉི་ཚེ་བ་ལས་མ་འདས་སོ་ཞེས་སོགས་དམངས་གཙོའི་སྤྱི་ཚོགས་སུ་འགྲེལ་ཇི་ལྟར་བརྒྱབ་ཀྱང་སྐད་ཆའི་ལང་ཚོ་ཉམས་མི་སྲིད་པའི་ཡོངས་གྲགས་ལེགས་བཤད་ཀྱིས་འགོ་བརྩམས་ཏེ། མི་བུ་སྒེར་ནི་སྲིད་གཞུང་གི་རྨང་གཞི་ཡིན་པ་དང་། དམངས་གཙོའི་ལམ་ལུགས་སུ་མི་བུ་སྒེར་གང་ཡང་རྐང་དང་སྲོག་དང་གནད་ཀྱི་གཙོ་བོར་འཛིན་དགོས་ལ། མངའ་སྡེ་གང་གིས་ཀྱང་གང་དེའི་དབང་ཆ་དང་དབང་གྲགས་ཡོད་ཚད་མི་བུ་སྒེར་ལས་བྱུང་བ་ཁས་ལེན་པ་དང་། མི་བུ་སྒེར་ནི་བླ་ན་མཐོ་བའི་ཁེར་ཚུགས་ཐོབ་ཐང་ཅན་ཡིན་པ་ཁས་ལེན་པ་ནང་བཞིན། མི་བུ་སྒེར་ལ་ལྟ་སྟངས་དེ་འདྲ་འཆང་བ་ཡིན་ན། ད་གཟོད་རང་དབང་བསམ་ཤེས་ཀྱི་མངའ་སྡེ་དངོས་མ་ཞིག་ཆགས་སྲིད་པ་རེད་ཅེས་སོགས་མི་བུ་སྒེར་གྱི་བདེ་སྡུག་རིས་སུ་མི་འབོར་ཕྱིར་སོ་སོས་འདམ་ག་ལས་ཐོན་པའི་སྲིད་གཞུང་གང་ཡིན་ཀྱང་མ་གཞི་ནས་མི་བུ་སྒེར་གྱི་འདོད་མོས་དང་ཐོབ་ཐང་ལ་བརྩི་འཇོག་བྱེད་པ་ཞིག་ཡིན་འོས་པ་སྟེ། དབང་ཆ་ཚད་མེད་ཀྱི་རྗེ་བོའི་ལམ་ལུགས་ནས་དབང་ཆ་ཚད་ཡོད་ཀྱི་རྗེ་བོའི་ལམ་ལུགས་ལ་སོན་པ་དང་། དབང་ཆ་ཚད་ཡོད་ཀྱི་རྗེ་བོའི་ལམ་ལུགས་ནས་དམངས་གཙོའི་ལམ་ལུགས་ལ་སོན་པ་ནི། མི་བུ་སྒེར་ལ་བརྩི་འཇོག་དོན་དམ་བྱས་པའི་འཕེལ་རིམ་ཞིག་རེད་ཅེས་གསུངས་པ་སོགས་ལས། མི་བུ་སྒེར་གྱི་འདོད་མོས་དང་ཐོབ་ཐང་ནི་སྲིད་གཞུང་དང་རྒྱལ་ཁབ་ཀྱིས་བརྩི་འཇོག་བྱེད་དགོས་པར་མ་ཟད། དེ་དག་གི་མཐར་ཐུག་དམིགས་ཡུལ་ཡང་ཡིན་དགོས་པའི་དམངས་གཙོའི་ལྟ་གྲུབ་ཀྱིས་ཁོང་གི་བསམ་བློའི་གཞི་ཚུགས་པར་བྱས་འདུག་པ་དང་།
མི་བུ་སྒེར་དང་ལྟོས་ས་ལྟོས་འཇོག་ཏུ་ཡོད་པ་ནི་སྲིད་གཞུང་དང་རྒྱལ་ཁབ་རེད། མི་བུ་སྒེར་སུ་ཡིན་ཀྱང་ང་ཚོ་ཐོག་མར་མི་བུ་ཆགས་དགོས་ངེས་དང་། རྗེས་ལ་ད་གཟོད་སྤྱི་དམངས་ཆགས་དགོས་ཀྱི་རེད། སྤྱི་དམངས་ཆགས་པའི་མི་བུ་སྒེར་ནི་རྒྱུ་འབྲས་ཀྱི་བློ་ཡིས་འཚོ་བ་ཡིན་ལ། ཁོ་བོ་སྤྱི་དམངས་ཤིག་ཡིན་པའི་ངོས་ནས་བཤད་ན། ཁོ་བོས་འཁུར་དུ་འཁྱེར་བའི་འོས་འགན་ཉག་གཅིག་ནི། དུས་དང་རྣམ་པ་ཀུན་ཏུ་ཁོ་བོས་ཚུལ་མཐུན་དུ་སེམས་པའི་དོན་སྒྲུབ་པ་ཡིན་པས་ཁྲིམས་དེ་དགོས་དོན་མེད་མོད། འོན་ཀྱང་སྲིད་གཞུང་དང་རྒྱལ་ཁབ་ནི་ཁྲིམས་ལུགས་ལ་མ་བརྟེན་པ་མེད་པ་ཞིག་རེད། མི་བུ་རྣམས་ལ་རྒྱུ་འབྲས་ཀྱི་བློ་དང་མ་ལྡན་ཚེ། ཁྲིམས་ལུགས་ཀྱིས་མི་བུར་དྲང་བདེན་ཉག་མ་གཅིག་ཀྱང་སྩོལ་ཐབས་ཡོད་པ་མ་རེད། མེད་བཞིན་དུ་མི་རྣམས་ཀྱིས་ཁྲིམས་ལུགས་ལ་འོས་འཚམ་མིན་པའི་བརྩི་འཇོག་བྱས་པ་དེས་དྲང་བདེན་མ་ཡིན་པའི་འབྲས་བུ་གང་ཇི་སྙེད་ཅིག་བསྐྱེད་པར་བྱེད་པ་སྟེ། དེ་ཡང་། ང་ཚོས་རྒྱལ་ཁབ་ཀྱི་ཕྱིར་དུ་ལུས་པོས་ཤུགས་རྒྱག་པ་དང་རིགས་པས་ཤུགས་རྒྱག་པའི་མི་བུའི་རིགས་མཐོང་དུ་ཡོད་པ་དཔེར་ན། ཁོ་ཚོ་ཡེ་ནས་མི་མ་ཡིན་དུ་ཆགས་ལ། མི་ལུས་འཕྲུལ་ཆས་སུ་སོང་འདུག་པའི……དམག་མི་དང་། དམངས་དམག བཙོན་སྲུང་པ། ཉེན་རྟོག་པ། བདེ་སྲུང་པ་ལ་སོགས་པ་སྟེ། ཁོ་ཚོ་ཕལ་ཆེ་བ་ནི་རང་ཉིད་ཀྱི་བླང་དོར་འཇུག་ལྡོག་དང་རྒྱུ་འབྲས་ཀུན་སྤྱོད་ལ་ཚུལ་བཞིན་གནས་ཐབས་མེད་པའི་རིགས་ཏེ་དེ་དག་གིས་རྒྱལ་ཁབ་ལ་ལུས་པོས་ཤུགས་རྒྱག་པ་དང་། གཞན་དུ་ན། ཁྲིམས་བཟོ་པ་དང་། ཆབ་སྲིད་པ། ཁྲིམས་རྩོད་པ། སྲིད་གཞུང་གི་དཔོན་རིགས་ལ་སོགས་ཏེ་ཁོ་ཚོས་རྒྱལ་ཁབ་ལ་རིགས་པས་ཤུགས་རྒྱག་གི་འདུག་མོད། གལ་སྲིད་ཀུན་སྤྱོད་ཀྱི་ངོས་ནས་བལྟས་ན། ཁོ་ཚོས་བསམ་བཞིན་ཤུགས་རྒྱག་ས་དེ་ཁོ་ཚོས་ལྷ་ཡིན་ནམ་ཡང་ན་འདྲེ་ཡིན་པ་སྒྲུབ་ཁག་པོ་ཡིན་པ་ལྟར་འདུག རྒྱལ་ཁབ་ལ་ཤུགས་རྒྱག་མཁན་དེ་ཚོས་རྒྱལ་ཁབ་ཀྱི་བཀའ་ལས་འདའ་བ་མེད་པའི་མི་སེར་གྱི་རིན་ཐང་ནི་རྟ་ཞིག་དང་ཁྱི་ཞིག་ལའང་མི་དོ་བ་ལྟར་ལྟ་སྟེ། རྟ་དང་ཁྱི་ལྟར་མཐོང་བའི་མི་བུ་ནི་ཁོ་ཚོས་ད་གཟོད་སྤྱི་དམངས་ཡ་རབས་ཤིག་ཏུ་ཁས་ལེན་པ་རེད། དེ་ལས་ལྡོག་སྟེ། དཀའ་བ་སྤྱོད་པའི་དཔའ་བོ་དང་། རྒྱལ་གཅེས་པ། བདེན་པའི་དོན་དུ་རང་སྲོག་འདོར་མཁན། རླབས་ཆེ་བའི་བཅོས་སྒྱུར་མཁན་དང་མི་བུ་དངོས་མ་བཅས་རྒྱལ་ཁབ་ལ་རྒྱུ་འབྲས་ཀྱི་བློ་ཡིས་སྲི་ཞུ་སྒྲུབ་མཁན་ཉུང་ཤོས་ནི་ཁོ་ཚོས་རྟག་ཏུ་དགྲ་བོ་རུ་རྩི་ཡི་འདུག མི་རྣམས་ཀྱི་ལྟ་ཚུལ་ཡང་དེ་མཚུངས་རེད། དེས་ན། ལེ་དབར་སྟོང་གི་ས་གཞི་ཡོད་པའི་རྒྱལ་ཁབ་འདིར་བླང་དོར་འཇུག་ལྡོག་ཤེས་ཤིང་རྒྱུ་འབྲས་ཀྱི་བློ་ཡོད་པའི་སྐྱེས་བུ་དུ་གྲངས་ཡོད་དམ། དེ་འདྲའི་སྤྱོད་ཡོན་ལྡན་པའི་མི་བུ་ནི་བརྒྱ་ཆའི་གཅིག་ལས་ཡོད་ཚོད་མ་རེད། 
སྲིད་གཞུང་གིས་བདག་ལ་ཐུགས་རྗེས་གཟིགས་པ་དཀོན་ན། བདག་གིས་ཀྱང་དེ་ལ་དོ་ཁུར་ཆ་ཤས་ཙམ་ལས་བྱེད་དོན་མེད། སྲིད་གཞུང་གིས་ཐོག་མ་ཉིད་ནས་ལས་དོན་གང་ཡང་ལེགས་ལམ་དུ་བཀྲི་བ་ལྟ་ཞོག  ལྡོག་སྟེ་རྙོག་དྲ་བཟོ་བ་ལ་ཡིད་ཚིམ་སྟེ་སྡོད་པ་དང་། སྲིད་གཞུང་ནི་ཁོ་བོ་ཅག་ལ་ཕན་པའི་སྲིད་གཞུང་ཡིན་ནམ་ཡང་ན་བྲན་གཡོག་གི་སྲིད་གཞུང་ཡིན་པ་བཤད་དཀའ་བའི་སྲིད་གཞུང་གང་འདི་དྲག་སྤྱོད་ཀྱི་མཐའ་ལ་ལྷུང་བའམ་ལས་ཆོད་དམན་པའི་མཐའ་ལ་ཐུག་སྟེ་བཟོད་སྒོམ་བྱ་ཐབས་བྲལ་ཚེ། མི་བུ་སོ་སོར་གང་དེར་སྲི་ཞུ་མི་སྒྲུབ་པའི་ཐོབ་ཐང་ཡོད་པར་མ་ཟད། གང་དེར་ངོ་རྒོལ་བྱེད་པའི་ཐོབ་ཐང་ཡང་ཡོད་པར་བཤད་འདུག་ན། བདག་ནི་རྒྱུ་འབྲས་ཀྱི་བློ་མིག་ཡོད་པའི་མི་བུ་དངོས་མ་ཞིག་ཡིན་པའི་ཆ་ནས། སྲིད་གཞུང་དང་མང་མང་གི་བཙན་ཤེད་དབང་ཡོད་ལྟར་འཚོ་བ་རོལ་མཁན་ཞིག་མ་ཡིན་ཕྱིར། བདག་གིས་མི་རྟོན་པའི་ལམ་ནས་སམ། བདག་གིས་བདག་གི་བྱེད་སྟངས་ལྟར། སྒྲ་མེད་སྐད་མེད་ཀྱི་ངང་ལ་མངའ་སྡེ་སྲིད་གཞུང་དང་དམག་འཁྲུག་རྒྱག་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན་ཞེས་གསུངས་པ་ལྟར་དཔྱ་ཁྲལ་མི་འཇལ་བའི་བརྟུལ་ཞུགས་ཀྱིས་མི་རྟོན་པའི་སྲོལ་བཏོད་པའོ།། དེ་ཡང་། བདག་གིས་ལོ་ངོ་དྲུག་ལ་མི་ཁྲལ་འཇལ་མྱོང་མེད། གལ་སྲིད་མི་བུ་སྟོང་དང་མི་བུ་བརྒྱ་དང་མི་བུ་བཅུ་དང་ཐ་ན་མི་བུ་གཅིག་ཡིན་ཀྱང་། གཞན་དག་བྲན་དུ་བཀོལ་བ་མཚམས་འཇོག་དང་། བྲན་གཡོག་བདག་པོ་དང་ངན་རོགས་མ་བྱས་པའི་དབང་གིས་བཙོན་དུ་ཚུད་ནའང་། དེ་ཡིས་ཨ་རིའི་བྲན་གཡོག་ལམ་ལུགས་རྩིས་མེད་གཏོང་ནུས་པ་སྟེ། ཐོག་མའི་སྐབས་སུ་མང་ཉུང་རྐང་གཅིག་ལས་མེད་ཀྱང་འཚབ་མི་དགོས་ཏེ། གཅིག་གིས་ཐེངས་གཅིག་ལ་སྒྲུབ་ནུས་པ་ཡིན་ན་དེའི་རྗེས་ལ་ཡང་གཅིག་འབྱོན་ངེས་པ་རེད་ཅེས་དང་། ཡང་། གལ་སྲིད་མི་བུ་ཆིག་སྟོང་གིས་ལོ་གཅིག་ལ་དཔྱ་ཁྲལ་མ་འཇལ་བ་ཡིན་ན། ཐབས་འདི་ནི་འཚེ་མེད་ཞི་བ་ཡིན་ལ་ཟུངས་ཁྲག་མི་གཏོར་བ་སྟེ། དེ་ཡང་དཔྱ་ཁྲལ་འཇལ་བ་འཚེ་མེད་ཞི་བ་ཡིན་ལ་ཟུངས་ཁྲག་གཏོར་མི་དགོས་པ་ལྟ་བུ་རེད། དེར་མ་ཟད་མངའ་སྡེ་སྲིད་གཞུང་གིས་དྲག་ཤུལ་སྤྱོད་མ་དགོས་པ་དང་ཉེས་མེད་ཀྱི་མི་བུའི་ཁྲག་འཐུང་མ་དགོས་པ་ཞིག་རེད། གལ་ཏེ་གསར་བརྗེ་འབྱུང་བར་ཆ་བཞག་ན། འདི་ནི་ད་གཟོད་ཞི་བའི་གསར་བརྗེ་ཡི་རིན་ཐང་དངོས་མ་དེ་རེད་ཅེས་གསུངས་པ་སོགས་སོ།། 
ཁོ་བོས་འདིར་སོ་རེའུ་ཡི《སྤྱི་དམངས་ཀྱི་མི་རྟོན་པ》ཞེས་པའི་གཙོ་ཚིག་གང་མང་ཞིག་གཅིག་ཏུ་བསྡུས། ལྷན་དུ་སྤུངས། དོན་བསྒྱུར་ཤས་ཆེ་བར་བྱས། རང་གི་སྐད་ཆས་བརྗོད་དོན་མཐར་ཆགས་སུ་ལྷུ་བསྒྲིགས་ནས་ཁོང་གི་ལྟ་གྲུབ་མ་ནོར་བར་བསྡུས་ཡོད་སྙམ་པ་གང་ཞིག་བོད་མིའི་སེམས་ཁམས་དང་བསྟུན་ནས་ངོ་སྤྲད་པ་ཙམ་ཡིན་མོད། ད་དུང་གནད་མ་ལོན་ས་དང་། དཔྱིས་མ་ཕྱིན་ས། གོ་ནོར་ཐེབས་ས་ཡོད་ངེས་པས་ན། དགའ་ཚེ་ཤ་གཟུགས་ཟ་རྐྱང་དང་སྡང་ཚེ་རུས་པ་འདོར་རྐྱང་མི་བྱེད་པའི་གསལ་འདེབས་པ་ཡིན་ལ། གཞན་ཡང་། རིགས་པ་སྨྲ་བ་དག་གིས་གསུང་ན། སོ་རེའུ་ནི་ལྟོས་མེད་ཀྱི་མི་སྒེར་ཀུན་སྤྱོད་རིང་ལུགས་པ(绝对的个人道德主义者)ཞིག་ཡིན་པ་དང་། མི་བུ་སྒེར་གྱི་ཀུན་སྤྱོད་ནི་ལྟོས་པ་མེད་པ་སྟེ་རྒྱལ་ཁབ་དང་ཁྲིམས་ལུགས་ལས་ཀྱང་གཙོ་བོ་དང་རྒྱལ་པོར་མཐོང་བའི་ཁོང་གི་ལྟ་གྲུབ་དེར། ལྟོས་མེད་ཀྱི་ཁྲིམས་ལུགས་རིང་ལུགས་པ(绝对的法律主义者)ཚོས་མི་མཐུན་སྒྲོག་པ་མང་ལ་ཐ་ན་དགག་སྒྲུབ་བྱེད་མཁན་ཡང་མང་རབས། ལྟོས་མེད་ཀྱི་མི་སྒེར་ཀུན་སྤྱོད་རིང་ལུགས་པ་དང་ལྟོས་མེད་ཀྱི་ཁྲིམས་ལུགས་རིང་ལུགས་པ་གཉིས་བར་གྱི་རྩོད་པ་ནི་གཞུང་ལུགས་པ་དང་རིགས་པ་སྨྲ་མཁན་རྣམས་ཀྱི་རྩོད་པ་ཡིན་ཕྱིར། ང་ཚོས་དཔྱད་པ་བརྗོད་མི་ནུས་ལ། བརྗོད་དགོས་དོན་ཡང་མེད། གང་ལྟར་ཤེས་དགོས་པ་ཞིག་ནི། སྤྱི་དམངས་ཀྱི་མི་རྟོན་པ་ཞེས་པ་དེ་ནི་སོ་རེའུ་ནས་བཟུང་ཡོངས་ལ་གྲགས་པའི་ཚུལ་དེའོ།།
ཡང་། སྤྱི་དམངས་ཀྱི་མི་རྟོན་པ་ཞེས་པ་དེ་མི་བུ་སྒེར་གྱི་བྱ་སྤྱོད་ཀྱི་ངོས་ནས་བཤད་ན། ལོ་ངོ་ཉིས་སྟོང་བཞི་བརྒྱ་ལྷག་གི་སྔོན་གྱི་གནའ་རབས་ཀེ་རི་སེའི་སྐབས་ནས་ཡོད་མྱོང་བ་ཞིག་སྟེ་སྲོལ་རྒྱུན་ཡོད་པ་ཞིག་ཏུ་ངོས་འཛིན་གྱི་འདུག དེའི་མགོ་ཁུངས་ནི་མཚན་ཉིད་རིག་པ་མཁན་སོ་ཁི་ར་ཐེ་ལ་ཐུག་འདུག་སྟེ། དེ་ཡང་སོ་ཁི་ར་ཐེ་ཡི་ཚེ་སྲོག་ནི་གནའ་རབས་ཀེ་རི་སེའི་དམངས་གཙོའི་ལམ་ལུགས་དང་སྒེར་གཅོད་ལམ་ལུགས་བར་ཡུན་རིང་འཐབ་རྩོད་བྱས་པའི་གླུད་ལྟར་སོང་འདུག་ཕྱིར། ཁོང་ལ་སྲོག་ཆད་ཕོག་དོན་གྱི་ལོ་རྒྱུས་རྒྱབ་ལྗོངས་ཤེས་དགོས་འདུག་ནའང་ད་རེས་བྲི་བ་སྐབས་སུ་མ་བབས་པ་དང་། ངོ་སྤྲོད་ཙམ་གྱིས་གསལ་ཐག་མི་ཆོད་པའི་རྒྱུ་མཚན་གྱིས་ངལ་བ་མ་བསྟེན་ལ། ཁོ་བོས་འདིར་ཕི་ལ་ཐོས་མཛད་པ་སྟེ་ཁོང་གི་ཞལ་གདམས་ལབ་གླེང་དུ་གྲགས་པའི《ཁི་རི་ཐོའི་ལེའུ》(Crito,克里同)ཞེས་པ་གཞིར་བཟུང་ནས་ཁོང་གིས་སྤྱི་དམངས་ཀྱི་མི་རྟོན་པའི་མཛད་པ་ཅི་ལྟར་བསྟན་ཚུལ་ངོ་སྤྲོད་རགས་ཙམ་ཞུ་ན། 
ནམ་ཞིག་གི་ཚེ། གནའ་རབས་ཀེ་རི་སེའི་ཨ་ཐེན་སི་པ་རྣམས་ཀྱིས་ཁོང་ལ“གཞོན་ནུ་ཚོ་ལོག་ལམ་དུ་བཀྲིས་པ་དང་ལྷ་ལ་མ་གུས་པ། ཆོས་ལུགས་གྲུབ་མཐའ་གཞན་སྤེལ་བ” (དེ་རེ་རེ་ལ་རྒྱུ་མཚན་བཤད་དུ་ཡོད་ཀྱང་རྒྱས་པར་དོགས་པས་མ་སྤྲོས)ཟེར་བའི་ཉེས་མིང་བཏགས་ཏེ་སྲོག་ཆད་གཅོད་པར་ཉེ་བ་ན། ཁོང་གི་གྲོགས་པོ་དག་གིས་ཁོང་ཉིད་བཙོན་བྲོས་རྒྱག་པའི་གྲོས་བཏབ་པར། ཁོང་ནི་རྣམ་དག་ཀུན་སྤྱོད་གཙང་ཞིང་གནས་ལུགས་རྒྱུ་འབྲས་སྲུང་བ། ཤེས་རབ་དང་རིགས་པ་ལ་བརྩོན་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ཕྱིར། གྲོགས་པོ་དག་གི་ཝ་བྲོས་སམ་བཙོན་བྲོས་རྒྱག་རྒྱུའི་གྲོས་ཚིག་ལ་གནས་ལུགས་རྒྱུ་མཚན་གང་དག་ཡོད་པ་རིགས་པས་དཔྱད་པ་སྟེ། ཁོང་གིས་གསུངས་པར། ཁོ་བོ་སྲོག་འཚོ་བ་ནི་སྲོག་འཚོ་བ་ཙམ་གྱི་ཕྱིར་དུ་མ་ཡིན་ཏེ། སྲོག་ལེགས་པོར་འཚོ་བའི་ཕྱིར་དུ་ཡིན། དེ་ཡང་ཡ་རབས་དང་ཚུལ་མཐུན་དུ་འཚོ་བ་དེ་ཡིན་ཞེས་ཏེ་ཁོང་གི་མི་ཚེའི་གཏན་ཚིགས་ཇི་ལྟ་བས་ན། བཙོན་བྲོས་རྒྱག་རྒྱུའི་གྲོས་ཚིག་ལ་གསན་ཏེ་འདི་སྐད་དེ། འདམ་ག་དེ་བསམ་གཞིག་མཐར་ཆོད་ཀྱིས་བདེན་དཔང་ནུས་པའི་རིགས་ཤེས་ཀྱི་ལམ་ཡང་དག་ཅིག་ཡིན་ན་ནི་ཁོ་བོས་བརྩི་ཡི། དེ་ལྟ་མ་ཡིན་ན་ནི་ཁོ་བོས་དྲང་བདེན་སྲུང་བའི་རྩ་དོན་མི་འདོར་རོ་ཞེས་སོགས་གསུངས་ཤིང་། ཆུང་མ་བུ་ཕྲུག་དང་། མཚན་སྙན་གྲགས། ལམ་དངུལ་སོགས་རྒྱུ་མཚན་དུ་དྲངས་ཏེ་བཙོན་བྲོས་རྒྱག་པར་རྩོམ་པ་ནི་ཐ་མལ་པའི་ལས་ཏེ་ཁོ་བོའི་དཔྱོད་ཤེས་ཀྱི་རིགས་ལམ་དུ་མི་གཏོགས་ཞེས་སྨྲས་པ་དང་། མི་བུ་ཡ་རབས་ནི་སྒྲིག་སྲོལ་ལེགས་པོའི་སྤྱི་ཚོགས་སུ་ད་གཟོད་དཔལ་ཡོན་ཅན་དུ་འགྱུར་ངེས་ལ་དྲང་བདེན་གྱིས་འཚོ་བར་ཁོང་ཉིད་ཡིད་རྟོན་འདུག་ཕྱིར། ཁོང་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བརྩི་བའི་འོས་འགན་ལ་བརྩི་འཇོག་ཡོད་ཅིང་། ཉམ་ཉེས་དེ་འདྲའི་སྒང་ལ་ཁོང་གིས་ཁྲིམས་ལུགས་དེ་མི་བུའི་གཟུགས་སུ་བཀོད་དེ་ལབ་གླེང་གི་ཚུལ་དུ་སྨྲས་པ་བསྡུས་ན། ཁྲིམས་ཀྱིས་སྨྲས་པ། སོ་ཁི་ར་ཐེ་ཁྱོད་ཉོན་ཅིག མི་བུ་སུ་ཞིག་ནར་སོན་པ་ན། ཨ་ཐེན་སི་རྒྱལ་ཁབ་ཀྱི་ཆབ་སྲིད་རྩ་འཛུགས་དང་ཁྲིམས་ལུགས་ཀྱི་རང་བཞིན་ལ་ཡིད་འཐད་མེད་ཚེ། གང་དེས་རང་ལ་བདོག་པ་ཐམས་ཅད་བསྣམས་ནས་གཞན་ཡུལ་གང་རུང་ལ་སྤོ་སྡོད་བྱ་ཆོག་པའི་ཨ་ཐེན་སིའི་བཅའ་ཁྲིམས་དེ་ཁྱོད་ཀྱིས་ཤེས་མོད། འོན་ཀྱང་ཁྱོད་ཀྱིས་མི་ལོ་བདུན་ཅུའི་རིང་ལ་གཞན་ཡུལ་དུ་སྤོར་བའི་འདམ་ག་བྱས་མ་སོང་ལ། ལྡོག་སྟེ་ཨ་ཐེན་སིའི་ཁྲིམས་ལུགས་ཀྱིས་གནང་བའི་སྒྲིག་སྲོལ་དང་ཞི་འཇགས། རང་དབང་སོགས་ཀྱི་ཁེ་ཕན་ལོངས་སུ་སྤྱད་དེ་མི་ཚེ་བསྐྱལ། དེས་ནི་ཁྱོད་ཀྱིས་ཨ་ཐེན་སིའི་ཁྲིམས་ལུགས་དང་གན་ཆིངས་བཞག་སོང་བ་རང་བཞིན་གྱིས་ཁས་འཆེས་འདུག་ན། ད་ནི་ཁྱོད་ཀྱིས་ཁྲིམས་ལུགས་དེ་རང་ལ་ཕན་དུས་བརྩི་སྲུང་བྱེད་ཅིང་རང་ལ་མི་ཕན་དུས་གཏོར་བརླག་བྱེད་པ་མི་རིགས་ཏེ། དེ་ལྟ་ན་ཁྱོད་ཉིད་རྟག་ཏུ་ཉམས་ལེན་ལ་གནས་ཤིང་ཁྱོད་ཀྱིས་བསླབ་པ་བསྒོས་པའི་གནས་ལུགས་རྒྱུ་འབྲས་དང་། ཡ་རབས་ཚུལ་མཐུན། དྲང་བདེན་སྤྱོད་པ་རྣམས་དང་འགལ་འདུག་ལ། དེ་ལྟ་ན་ཁྱོད་ཀྱིས་ཁྱོད་རང་ཉིད་དང་། ཁྱོད་ཀྱི་གྲོགས་པོ། ཁྱོད་ཀྱི་རྒྱལ་ཁབ་བཅས་ལ་འཚེ་བར་བྱས་པ་སྟེ་ཕྱིས་ཀྱི་མི་རྣམས་ཁྲིམས་མེད་ལང་ཤོར་ཆགས་པའི་རྒྱུ་བྱས་སོང་བ་དང་། དེ་ལྟ་ན་ཁྱོད་ཀྱིས་ན་གཞོན་རྣམས་ལོག་ལམ་དུ་བཀྲིས་ཞེས་བཅད་ཁྲ་འདོན་མཁན་གྱི་གཟུ་དཔང་པ་རྣམས་ལ་བདེན་ཁ་བྱིན་སོང་ལ། ནོར་ལན་ནོར་བས་འཇལ་བ་དང་། སྡིག་ལན་སྡིག་པས་འཇལ་ན་ནི་ཚེ་འདི་ལྟ་ཞོག ཕྱི་མའི་ཡུལ་ནས་ཀྱང་ཁྱོད་ཉིད་ཁྲིམས་ལུགས་དང་སྒྲིག་སྲོལ་གཏོར་མཁན་དུ་མཐོང་ནས་སྣ་དགོད་བྱེད་སྲིད་ཕྱིར་ཁྱོད་ཀྱི་སྲོག་མགོ་ཐོན་པ་དེ་ཙམ་ལ་སྙིང་པོ་ཅི་ཡོད་དམ། མིས་འཕྱ་ཁྱིས་འགོམ་གྱི་ཝ་བྲོས་མ་བྱས་པས་དགའ་ཞེས་སོགས་སྨྲས་པ་ན། སོ་ཁི་ར་ཐེ་དང་གྲོགས་པོ་དག་གིས། ཡང་དག་པར་བཤད་ན་སོ་ཁི་ར་ཐེས་ཝ་བྲོས་རྒྱག་པར་གནས་ལུགས་རྒྱུ་མཚན་གཞན་མ་རྙེད་ཕྱིར། ཁོ་བོ་འཆི་བ་ལ་སྦྱོར་མཁན་ནི་བདག་གཞན་ཀུན་གྱིས་བརྩི་རིགས་པའི་ཁྲིམས་ལུགས་ཀྱི་ནོར་འཛོལ་མ་ཡིན་ཏེ། རང་རིགས་སྤུན་ཟླ་རྣམས་ཀྱི་ནོར་འཛོལ་གྱི་རྐྱེན་གྱིས་རེད། ཁོ་བོས་མ་ཉེས་ཁག་གཡོགས་ཁུར་ཏེ་འཆི་བ་ལ་མི་འཇུག་པར་ཁོ་ཚོའི་ནོར་འཛོལ་གྱི་བློ་དེ་ལ་ཁོ་བོའི་ནོར་འཛོལ་ལས་བྱས་པའི་ཝ་བྲོས་ཀྱིས་ལན་བརྒྱབ་པ་ཡིན་ན། དེ་ནི་རྒྱུ་འབྲས་ཚུལ་མཐུན་ཞིག་མ་ཡིན་ཏེ། སྤྱོད་པ་རབ་ལ་གནས་པའི་མི་བུས་ངན་ལན་ངན་གྱིས་འཇལ་བ་དང་། སྡིག་ལན་སྡིག་པས་ཟློག་པ། འཁོན་ལན་འཁོན་གྱིས་སློག་པ་བླང་བར་མི་བྱ་སྟེ་ཁོ་བོས་ཚེ་མཐའ་རྫོགས་པའི་ཁྲིམས་ཆད་འཁུར་རོ་ཞེས་སྦྱར་དུག་གསོལ་ཏེ་གཤེགས་སོ།།
གཏམ་རྒྱུད་འདིའི་ངོ་གདོང་ལས། སྤྱི་དམངས་ཀྱི་མི་རྟོན་པའི་ལས་བྱས་པ་མ་ཡིན་པར་སྤྱི་དམངས་ཀྱི་རྟོན་པའི་འོས་འགན་ག་འདྲ་ཡིན་ཚུལ་བསྟན་པ་ལྟ་བུ་ཞིག་མཐོང་མོད། སོ་ཁི་ར་ཐེས་མཐའ་མཇུག་གི་འཆི་གསོན་གྱི་སྐབས་སུ། བཀའ་ཆད་ལས་གཡོལ་བ་དང་། གསང་སྟབས་ཀྱིས་འབྲོ་བ། རྒྱུ་འབྲས་མ་ཡིན་པའི་ལས་མ་བྱས་པར་བློ་སྟོབས་ཞུམ་མེད་ཀྱིས་འཆི་བ་ཞལ་གྱིས་བཞེས་པ་དེས། སྐབས་དེའི་ཨ་ཐེན་སིའི་གཟུ་དཔང་པ་ལྔ་བརྒྱ་ལྷག་གི་ནོར་འཛོལ་ལ་ཚེ་སྲོག་གིས་ཐ་ཚིག་ནན་མོ་བསྒྲགས་པའི་དུས་མཚུངས་སུ། མ་གཞི་ནས་རྒྱུ་འབྲས་དྲང་བདེན་མ་ཡིན་པའི་ཁྲིམས་ལུགས་སྐྱོན་ཅན་ལ་ལེགས་བཅོས་གཏོང་བའི་རེ་བས་ཡིན་ཟེར་བ་དང་། གཙོ་ཆེ་བ་ནི“གཞོན་ནུ་ཚོ་ལོག་ལམ་དུ་བཀྲིས་པ་དང་ལྷ་ལ་མ་གུས་པ”ཡི་ནག་ཉེས་མེད་པའི་བདེན་པ་རང་ལ་ཡོད་པ་བདེན་དཔང་བྱས་པ་སྟེ་བདེན་པའི་ཨུ་ཚུགས་མཛད་པ་དང་། ཚེ་སྲོག་གི་རིན་དོད་དུ་མང་མང་གི་རྒྱུ་འབྲས་བློ་མིག་འབྱེད་པའི་ལས་བྱས་སོང་བ་དེ་ཡིན་ལ། དེ་ཡང་ངན་ལན་ངན་དང་། སྡིག་ལན་སྡིག ཉེས་ལན་ཉེས། འཁོན་ལན་འཁོན་གྱིས་སློག་པ་མ་ཡིན་པར་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་ནག་ཉེས་དང་རུང་བསྟུན་མ་བྱས་པ་སྟེ་མི་རྟོན་པའི་མཛད་པ་བསྟན་པའོ།། འོག་ནས་འཆད་འགྱུར་ལྟར་སྤྱི་དམངས་ཀྱི་མི་རྟོན་པ་ཞེས་པ་དེར་གོང་གསལ་གོ་དོན་དེ་དག་ཀྱང་འདུས་ཕྱིར་ནུབ་ཕྱོགས་པ་རྣམས་ཀྱིས་ཁོང་གི་མཛད་སྤྱོད་དེ་སྤྱི་དམངས་ཀྱི་མི་རྟོན་པའི་སྲོལ་རྒྱུན་གྱི་མགོ་ཁུངས་སུ་སྨྲ་བ་ཡིན་ནམ་སྙམ་ཞིང་ཁོ་བོས་ཟུར་བལྟའི་དཔྱད་གཞིར་ཕུལ་པ་ཡིན།
གཞན་ཡང་། སྤྱི་དམངས་ཀྱི་མི་རྟོན་པ་ཞེས་པ་དེ་ནུབ་ཕྱོགས་པའི་ཆོས་ལུགས་གསུང་རབ་དང་མཚན་ཉིད་རིག་པའི་གཞུང་དག་ལས་ཀྱང་འབྱུང་བར་བཤད་པ་སྟེ། ཡེ་ཤུ་ཆོས་ལུགས་ཀྱི《ཞལ་ཆད་གསར་མའི་མདོ》ལས། “དཀོན་མཆོག་ནི་ལམ་དང་། བདེན་པ་ཉིད་དང་། སྲོག་དེ་ཡིན”ཕྱིར། “རང་གི་གཙོ་བོ་དཀོན་མཆོག་ལ་རང་གི་སྙིང་ཧྲིལ་པོ་དང་། སེམས་ཧྲིལ་པོ་དང་། ཡིད་ཧྲིལ་པོ་ནས་གཅེས་པར་ཟུངས་ཤིག” “རང་གི་དཀོན་མཆོག་གཙོ་བོ་ལ་ཕྱག་འཚལ་ཞིང་། ཁོང་གཅིག་པུ་ལ་བསྙེན་བཀུར་ཞུས་ཤིག”ཅེས་སོགས་ལྷ་དཀོན་མཆོག་གཅིག་པུ་ལས་གཞན་དང་གཞན་ལ་བསྙེན་བཀུར་མི་ཞུ་བ་སྟེ། ནང་ཆོས་སུ་རྟོན་དང་མི་རྟོན་སྣ་བཞི་གསུངས་པར། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་སྟེ། ངོ་བོ་ཐ་དད་པ་མ་གཏོགས་རྣམ་པ་ཆ་འདྲ་བའི་བརྗོད་སྟངས་ལ། མི་རྟོན་པའི་དགོངས་བཞེད་འདུག་པར་བཤད་པ་དང་། ཡང་དཀོན་མཆོག་གིས་ཉེ་གནས་ལ། ……མི་ངན་ལ་མ་རྒོལ་བར། ཁྱོད་ཀྱི་འགྲམ་པ་གཡས་པར་འགྲམ་ལྕག་རྒྱག་མཁན་ལ་གཡོན་པ་དེའང་སྒྱུར་ཅིག་ངས་ཟེར། ཁྱོད་དང་རྩོད་ནས་གོས་ཁྱེར་དུ་འདོད་མཁན་དེ་ལ་འོག་འཇུག་ཀྱང་ཐོངས་ཤིག ཁྱོད་ལ་དཔག་ཚད་གཅིག་ཏུ་དབང་གིས་འཁྲིད་མཁན་དང་མཉམ་དུ་དཔག་ཚད་གཉིས་སོང་ཞིག་ཅེས་སོགས་གསུངས་པ་སྟེ། ནང་ཆོས་ཀྱི་ཕྱིན་དྲུག་ལས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྟ་བུའི་སྤྱོད་པའམ་འཚེ་མེད་ཞི་བ་ཉམས་སུ་ལེན་པའི་གདམས་པ་གསུངས་པ་དེ་སོགས་ནི་མི་རྟོན་པའི་ཆོས་སུ་སོང་འདུག་ཕྱིར། ཆོས་ལུགས་གསུང་རབ་ལས་འབྱུང་བའི་མི་རྟོན་པའི་དགོངས་པ་ཡིན་པར་བཤད་པ་དང་།
དེ་བཞིན་དུ། མི་རྟོན་པ་ཞེས་པ་ནི་བཅས་ཁྲིམས་གང་རུང་ལ་མི་རྟོན་པའི་དོན་ཡིན་པ་སྟེ། མི་རྣམས་སྤྱི་ཚོགས་སུ་འཚོ་བ་རོལ་སྒང་དུ། མི་རྣམས་ལ་སོ་སོའི་འདོད་མོས་ནང་ལྟར་དུ་ཡི་གེར་གཏན་ལ་ཕབ་པའི་བཅས་ཁྲིམས་སུ་གནས་པའི་སྲོལ་ཡོད་པར་མ་ཟད། སོ་སོའི་མི་ཆོས་ཀུན་སྤྱོད་ཀྱི་བློའམ་རང་བྱུང་གི་ཁྲིམས་ལ་གནས་པའི་སྲོལ་ཀྱང་ཡོད་པར་བཤད། བཅས་ཁྲིམས་དང་རང་བྱུང་གི་ཁྲིམས་གང་ཡིན་ཀྱང་ནུས་པ་ནི་མི་རྣམས་སྒྲིག་སྲོལ་ཚད་དང་ལྡན་པ་དང་སྤྱོད་པ་ཚུལ་མཐུན་ལུགས་མཐུན་དུ་གནས་པའི་ཕྱིར་དུ་རེད། དེ་ལས་བཅས་ཁྲིམས་ཀྱི་དགོས་པ་ནི་མི་རྣམས་ཀྱི་ལྷན་སྐྱེས་སམ་རང་བྱུང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་དང་རྒྱུ་འབྲས་དྲང་བདེན་གྱི་རྒྱ་མ་ལྟ་བུ་ཡིན་དགོས་པར་བཤད་པས་ན། མ་གཞི་ནས་ཆབ་སྲིད་ཀྱི་ཁྱབ་ཁོངས་ཡིན་པ་གང་དེར་རྟོག་གཞིག་གནང་མཁན་གྱི་ཆབ་སྲིད་རིག་པ་མཁན་དང་མཚན་ཉིད་རིག་པ་མཁན་དག་གི་གཞུང་ལས་དེ་ལ་རྟོན་དང་མི་རྟོན་གྱི་དགོངས་བཞེད་ཅི་རིགས་བྱུང་བ་སྟེ། གནའ་རབས་ཀེ་རི་སེའི་མཚན་ཉིད་རིག་པ་མཁན་ཨ་རི་སི་ཏོ་ཏལ་གྱིས། དྲང་བདེན་མ་ཡིན་པའི་བཅའ་ཁྲིམས་ནི་བཅའ་ཁྲིམས་མ་ཡིན་ནོ་ཞེས་བཅའ་ཁྲིམས་གང་ཡིན་དྲང་བདེན་ལ་གནས་དགོས་པར་གདམས་པ་ནས་གནའ་རབས་རོ་མའི་མཚན་ཉིད་རིག་པ་མཁན་དང་ཆབ་སྲིད་མཁན་སི་སེ་རའོ་ཡིས། བཅའ་ཁྲིམས་རྣལ་མ་ནི་དཔྱོད་ཤེས་ཡང་དག་ཏུ་འབོད་པ་སྟེ། རང་བྱུང་ཆོས་ཉིད་དང་མཐུན་ལ། འགྲོ་བ་མིའི་རིགས་ལ་ཡོངས་ཁྱབ་ཏུ་སྤྱོད་ཅིང་། རྟག་གཏན་བསྐལ་པའི་བར་དུ་མི་འགྱུར་བར་གནས་པ་ཞིག་ལའོ།། ཞེས་དང་། ང་ཚོ་མཐོ་དམའ་རབ་འབྲིང་གང་ཡིན་ཀྱང་བཅའ་ཁྲིམས་ཉིད་ལ་རྟོན་པའི་འོས་འགན་ཡོད་ཅེས་སོགས་གསུངས་པའི་བར་དུ་སྟེ། སྦས་དོན་དུ་དྲང་བདེན་མ་ཡིན་པའི་བཅའ་ཁྲིམས་དང་རང་བྱུང་ལྷན་སྐྱེས་ཐོབ་ཐང་མི་སྲུང་བའི་བཅའ་ཁྲིམས་ལ་མི་བུ་སོ་སོས་རྟོན་པར་མི་བྱ་བའི་གསུང་གནང་འདུག་པ་དང་། ཡང་། དབྱིན་ཇིའི་མཚན་ཉིད་རིག་པ་མཁན་ལ་ཁི་ཡིས། ཁྲིམས་བཟོ་མཁན་རྣམས་ཀྱིས་སྤྱི་དམངས་ཀྱི་རྒྱུ་ནོར་འཕྲོག་ལེན་དང་གཏོར་བརླག་བྱེད་པའི་ལྐོག་ཇུས་གཤོམ་པའམ། ཁོ་ཚོའི་གོ་བབ་མར་ཞད་དུ་བཅད་དེ་དབང་ཡོད་བརྒྱ་ཁ་གཅིག་གཅོད་འོག་བྲན་གཡོག་གི་རྣམ་པར་བཀོད་པའི་དུས་སུ། ཁྲིམས་བཟོ་མཁན་རྣམས་ཀྱིས་རང་ཉིད་ནི་སྤྱི་དམངས་དང་དམག་འཐབ་རྒྱག་རྒྱུའི་ཚུལ་དུ་ལངས་པ་ཡིན་ཕྱིར། སྤྱི་དམངས་ཀྱིས་དེ་ལ་རྟོན་དགོས་དོན་མེད་དོ་ཞེས་མི་རྟོན་པ་གང་ཞིག་ཚིག་ཟིན་ཏུ་ཐོན་པས་མཚོན། མཚན་ཉིད་རིག་པ་མཁན་ཧ་པི་སི་དང་ཧུ་མེ་སོགས་ཀྱི་རྩོམ་དུ་སྤྱི་དམངས་ཀྱི་རྟོན་དང་མི་རྟོན་གྱི་དོན་དེ་ལ་དགོངས་བཞེས་ཆེན་པོ་གནང་འདུག་རབས་དང་། དེའི་མཚུངས་སུ་ལྟོས་བཅས་ཀྱིས་རང་མཚན་དུ་སོང་བའི་མི་བུ་སྒེར་ལས་སྤྱི་མཚན་དུ་སོང་བའི་རྒྱལ་ཁབ་དང་སྲིད་གཞུང་ཟེར་བ་སོགས་ཀྱི་དགོས་གལ་རང་བཞིན་ནན་ཏན་དུ་གསུངས་པའི་གནའ་རབས་ཀྱི་ཀེ་རི་སེའི་མཚན་ཉིད་རིག་པ་མཁན་ཕི་ལ་ཐོ་ནས་ཉེ་རབས་འཇར་མན་གྱི་མཚན་ཉིད་རིག་པ་མཁན་ཧེ་ཀེལ་དང་མར་ཁེ་སི་སོགས་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་སུའང་སྤྱི་དམངས་ཀྱིས་རྒྱལ་ཁབ་དང་སྲིད་གཞུང་གི་བཅའ་ཁྲིམས་ལ་རྟོན་དང་མི་རྟོན་སྐོར་གྱི་ལྟ་བ་གསུངས་ཡོད་རབས་བཤད།
གང་ལྟར། སྤྱི་དམངས་ཀྱི་མི་རྟོན་པ་ཞེས་པ་ནི་ཆབ་སྲིད་སྣང་ཚུལ་ཞིག་ཡིན་པའི་ཆ་ནས། ནུབ་ཕྱོགས་པ་རྣམས་ཀྱིས་གཞུང་ལུགས་དང་ལག་ལེན་ཡ་མ་བྲལ་བའི་ཆབ་སྲིད་སྲོལ་རྒྱུན་ཞིག་ཏུ་ངོས་འཛིན་གྱི་འདུག་ལ། ཞིབ་འཇུག་དང་དཔྱད་པ་བརྗོད་མཁན་ཡང་ཤིན་ཏུ་མང་བའི་ཚོད་རེད། ཁོ་བོས་འདིར་རང་གི་ཐོས་པ་ཚད་ཅན་ལ་ངོ་མ་གནོང་བར་སྤྱི་དམངས་ཀྱི་མི་རྟོན་པའི་བྱུང་བ་གང་དེ་སྤྱི་ཚོགས་ཆབ་སྲིད་ཀྱི་བྱ་སྤྱོད་ལ་ཆགས་ཚུལ་དང་། མི་བུ་སྒེར་གྱི་བྱ་སྤྱོད་ལ་ཡོད་ཚུལ། ཁོ་ཚོའི་ཆོས་ལུགས་གསུང་རབ་དང་མཚན་ཉིད་རིག་པའི་གཞུང་ལུགས་དག་ཏུ་ལྟ་དགོངས་སྤྱོད་པ་གང་ཞིག་གཞི་ནས་ཡོད་རབས་བཅས། སྔ་ཕྱི་རིམ་པ་གསུམ་དུ་ཕྱེ་ནས་མཚམས་སྦྱོར་མདོར་བསྡུས་བྱས་པ་ནི་ཁོ་བོའི་གོ་ཚུལ་དབང་བཙན་པར་བྱས་ཏེ་གོ་བདེར་བཟོས་པ་ཡིན་ལ་མཛུབ་མོ་རི་སྟོན་གྱི་དཔེ་ལས་མ་འདས་སོ།།
 
གཉིས།  བདེན་པའི་ཨུ་ཚུགས་ཀྱི་ལྟ་སྤྱོད།
 
བདེན་པའི་ཨུ་ཚུགས་ཀྱི་ལྟ་སྤྱོད་ནི་གན་དྷིའི་ལྟ་སྤྱོད་རེད། དེ་ནི་དུས་རབས་ཉི་ཤུ་པའི་དུས་མགོར་རྒྱ་གར་གྱི་མི་རིགས་རིང་ལུགས་ཀྱི་ལས་འགུལ་བསླངས་སྐབས་དབྱིན་ཇི་དབང་སྒྱུར་པ་དང་ཆབ་སྲིད་ཐོབ་ཐང་རྩོད་ལེན་བྱེད་སྒང་དུ་བྱུང་བའི་ཐུན་མོང་མ་ཡིན་པའི་ཆབ་སྲིད་ལྟ་སྤྱོད་ཅིག་རེད། བདེན་པའི་ཨུ་ཚུགས་ཀྱི་ལྟ་སྤྱོད་དེ་ད་ལྟ་བདེན་པའི་ཨུ་ཚུགས་རིང་ལུགས་སུ་འབོད་ཅིང་མིང་གི་རྣམ་གྲངས་ལ་གན་དྷི་རིང་ལུགས་ཞེས་ཀྱང་འབོད་པ་དང་། སྤྱི་ཚོགས་ཆབ་སྲིད་མཚན་ཉིད་རིག་པའི་བྱེ་བྲག་ཅིག་ཏུ་བགྲང་གི་འདུག་ཅིང་བདེན་པའི་ཨུ་ཚུགས་ཀྱི་མཚན་ཉིད་རིག་པ་ཞེས་པའོ།། 
བདེན་པའི་ཨུ་ཚུགས་གང་ཞིག་སྤྱི་ཚོགས་ཆབ་སྲིད་མཚན་ཉིད་རིག་པའི་བྱེ་བྲག་ཅིག་ཏུ་བགྲང་དོན་ནི། གང་དེ་སྤྱི་ཚོགས་ལ་སྤྱོད་སྒོ་ཡོད་པ་དང་། གང་དེས་ཆབ་སྲིད་ལ་ཞིབ་འཇུག་བྱེད་པ། གང་དེར་མཚན་ཉིད་རིག་པའི་ཤེས་བྱ་ཡོད་པ་སྟེ། རིམ་པ་བཞིན། གང་དེ་མི་བུ་སྒེར་སོ་སོ་ཡུལ་གང་རུང་ལ་ལྷན་དུ་འདུས་ཤིང་རིག་གནས་དང་ཡུལ་སྲོལ་གོམས་འདྲིས་ངེས་ཅན་ལ་ཐུན་མོང་དུ་འཚོ་བ་རོལ་བ་སྟེ་སྤྱི་ཚོགས་སམ་མི་བུའི་སྤྱི་ཚོགས་ལ་སྤྱོད་སྒོ་ཡོད་པ་དང་། གང་དེས་སྤྱི་ལ་ཚོགས་པའི་མི་རྣམས་སྲོལ་དང་ཁྲིམས་ལ་གནས་པར་བྱེད་པའམ་མི་སྒེར་དང་ཤོག་ཚོགས་སོ་སོའི་ཁེ་ཕན་གྱི་ཕྱིར་དུ་ཆེད་དམིགས་མཉམ་འབྲེལ་གྱིས་ཐུན་མོང་བློ་ཇུས་འཐེན་པ་སྟེ་ཆབ་སྲིད་ལ་ཞིབ་འཇུག་བྱེད་པ་དང་། གང་དེར་མི་རྣམས་ཇི་ལྟར་འཇིག་རྟེན་དུ་འཚོ་བ་རོལ་བ་དང་། བྱ་དངོས་ཀྱི་རང་བཞིན་ག་འདྲ་ཡིན་པར་གཏན་ཚིགས་ཀྱིས་དང་མཚན་ཉིད་ཀྱིས་རྟོག་ཅིང་དཔྱོད་པའི་ཤེས་རབ་ཀྱི་ཚན་རིག་དང་ལྡན་པ་སྟེ་མཚན་ཉིད་རིག་པའི་ཤེས་བྱ་ཡོད་པ་བཅས་ཀྱིས་ཡིན་གྱི་རེད།
ཆོས་ལུགས་ལྟ་བས་རྒྱས་བཏབ་ཅིང་མི་ཆོས་ཀུན་སྤྱོད་ཀྱི་རྩིས་ཀྱིས་ཟིན་པའི་སྤྱི་ཚོགས་ཆབ་སྲིད་མཚན་ཉིད་རིག་པ་དེ་ནི་མི་བུ་དང་མི་བུའི་བར་དང་། ཤོག་ཚོགས་དང་ཤོག་ཚོགས་བར། མི་རིགས་དང་མི་རིགས་བར་གྱི་འགལ་བ་དང་རྩོད་ཉོག་དང་གདོང་གཏུག་དང་འཁྲུག་འཛིང་གང་ཡང་ཞི་བའི་ལམ་ནས་དང་འཚེ་མེད་ཀྱི་ལམ་ནས་འདུམ་བྱེད་ཀྱི་མན་ངག་ལྟར་ཆགས་ཤིང་། ལྟ་སྤྱོད་གང་དེས་སྐབས་དེའི་རྒྱ་གར་གྱི་མི་རིགས་རང་བཙན་ལས་འགུལ་ལ་གདམས་པ་ཆིག་ཐུབ་ཀྱི་ཕན་ནུས་རྒྱ་ཆེན་པོ་ཐོན་མྱོང་བར་མ་ཟད། དམངས་གཙོའི་སྲིད་གཞུང་ཡིན་མིན་གང་ཡིན་ཀྱང་རུང་གི སྔ་རྗེས་སུ་ཨ་རི་དང་ཆི་ལི་ཡིས་མཚོན་པའི་གླིང་ཆེན་ཨ་མེ་རི་ཁ་ནས་ཅེ་ཁེ་དང་ཕོ་ལན། ཝུ་ཁི་རན་སོགས་ཀྱིས་མཚོན་པའི་གླིང་ཆེན་ཡོ་རོབ་བར་དང་། ཨ་ཧྥེ་རི་ཁ་ལྷོ་མས་མཚོན་པའི་གླིང་ཆེན་ཨ་ཧྥེ་རི་ཁ་ནས་འབར་མ་དང་ཁེར་རྗེ་སི་སི་ཐན་གྱིས་མཚོན་པའི་གླིང་ཆེན་ཨ་ཤེ་ཡའི་བར་དུ། ཆབ་སྲིད་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་དང་གསར་བརྗེ་རབ་དང་རིམ་པ་བྱུང་བ་རྣམས་ལ་བདེན་པའི་ཨུ་ཚུགས་ཀྱི་ལྟ་སྤྱོད་ཀྱིས་ཤུགས་རྐྱེན་ཟབ་མོ་ཞོག་འདུག་པའི་སྣང་ཚུལ་མཐོང་བར་བཤད་ཅིང་། དེང་རབས་རྒྱལ་སྤྱིའི་ཆབ་སྲིད་འཐབ་རྩོད་ཀྱི་ཐབས་ལམ་ཉག་གཅིག་ཏུ་ཆགས་འདུག
ཁོ་བོས་འདི་ནས་གན་དྷིའི་བདེན་པའི་ཨུ་ཚུགས་ཀྱི་ལྟ་སྤྱོད་དེ་ཚན་པ་བཞི་རུ་ཕྱེ་ནས་མཚམས་སྦྱོར་བྱེད་རྒྱུ་ཡིན་ཏེ། 
1. བརྡ་དོན་བཤད་པ།
(1)ས་ཏ་ཡ་ག་ར་ཧ། ས་ཏ་ཡ་ག་ར་ཧ་ཞེས་པ་ནི་རྒྱ་གར་གྱི་མི་རིགས་རིང་ལུགས་ལས་འགུལ་གྱི་དབུ་ཁྲིད་དང་ཀུང་རེ་སིའམ་རྒྱ་གར་རྒྱལ་དམངས་ཚོགས་ཆེན་ཚོགས་པའི་དབུ་ཁྲིད། རྒྱ་གར་པ་རྣམས་ཀྱིས་པ་པོའམ་རྒྱལ་ཡབ་ཏུ་འབོད་ཅིང་བོད་རྣམས་ཀྱིས་སེམས་དཔའ་ཆེན་པོའམ་བདག་ཉིད་ཆེན་པོར་འབོད་པ་སྟེ། མོཧནདཱས ཀརཾཅད གཱཾདྷཱིའམ་བརྗོད་བདེ་བའི་མཚན་ལ་གན་དྷི་ཞེས་གསོལ་བ་གང་དེའི་ཆབ་སྲིད་ལས་འགུལ་གྱི་ལྟ་སྤྱོད་མཚོན་པའི་ཚིག་ལགས་སོ།། 
དེ་ནི་གན་དྷིའི་ཕ་ཡུལ་གྱི་སྐད་དེ་གུ་ཛ་རཱ་ཏིའི་སྐད་ཡིན་ལ། གན་དྷིས་ཁོང་གི་ལྟ་སྤྱོད་ཡང་དག་ཏུ་སྟོན་པ་དང་ཆབ་སྲིད་ཐོབ་ཐང་རྩོད་ལེན་གྱི་སྐབས་སུ་རྒོལ་འཛིང་གི་མཐའ་ལ་ལྟུང་བའི་ཉེན་ཁ་འགོག་ཕྱིར། སྐྱེས་བུ་ཤེས་རབ་ཅན་ཞིག་གི་བློ་གྲོས་དང་བགྲོས་ཏེ་ཆེད་དམིགས་གསར་བཅོས་མཛད་པ་ཡིན་ཚུལ་མཐོང་།
ས་ཏ་ཡ་ག་ར་ཧ་ནི་དབྱིན་སྐད་དུ། བདེན་པའི་སྟོབས་ཤུགས་སམ། སེམས་ཀྱི་སྟོབས་ཤུགས་སམ། དགའ་བའི་སྟོབས་ཤུགས་སམ། བདེན་པའི་ལམ་མམ། བདེན་པ་འཐོབ་སྙེག་སོགས་སུ་འགྱུར་ཡོད་རབས་དང་། རྒྱ་ནག་སྐད་དུ非暴力ཞེས་ལྟ་སྤྱོད་གཉིས་ལས་ལྟ་བའི་ཆ་དོར་ཏེ་སྤྱོད་པའི་ཆ་མ་གཏོགས་འགྱུར་མེད་པ་དེ་རེད་ལ། བོད་སྐད་དུ་བདེན་པའི་ཨུ་ཚུགས་ཞེས་བསྒྱུར་འདུག དེ་ཡང་ས་ཏ་ཡ་ནི་བདེན་པ་དང་ག་ར་ཧ་ནི་འཛིན་པ་དང་། རྒྱུན་འཁྱོངས་དང་། ཨུ་ཚུགས་ཀྱི་དོན་ཡིན་སྐད་དེ་དྲུག་སྒྲ་སྦྱར་བྱས་དེ་སྐད་དུ་གྲུབ་ཚོད། བདེན་པས་ནི་ལྟ་བ་སྟོན་པ་དང་ཨུ་ཚུགས་ཀྱིས་ནི་སྤྱོད་པ་སྟོན་པ་སྟེ། གན་དྷིའི་ལྟ་བ་དང་སྤྱོད་པ་ཉིས་ཆ་སྟོན་ནུས་པ་གང་ཞིག་འགྱུར་མ་ལེགས་པ་མེད་མོད། བསམ་རྒྱུ་མེད་པའང་མ་ཡིན་ཏེ། གཅིག་ན་ཨུ་ཚུགས་ཞེས་ཚེ་བོད་ཀྱི་ཡུལ་གྲུ་ཁག་ཅིག་ཏུ་ནི་གནས་ལུགས་དང་རྒྱུ་མཚན་མེད་པ་གང་ཞིག་མཁྲེགས་འཛིན་བྱེད་པའི་བྱ་སྤྱོད་ལ་གོ་ཡི་འདུག་ཕྱིར་ནོར་འཛོལ་དུ་སྤྱོད་པའི་སྲིད་པ་འདུག་པ་དང་། གཉིས་ན་བར་གྱི་དྲུག་སྒྲ་སྦྱར་བ་དེའི་རྒྱུ་མཚན་ག་རེ་ཡིན་པ་སྟེ་བདེན་པ་དང་ཨུ་ཚུགས་གཉིས་ཀྱི་འབྲེལ་བ་ཅི་ཡིན་ཁོ་བོས་ཧ་གོ་མ་སོང་ལ། གན་དྷིའི་གསུང་རྩོམ་དང་རྣམ་ཐར་ལ་མཇལ་བའི་གོ་དོན་ལྟར་ན། བདེན་པ་ཨུ་ཚུགས་ཞེས་འགྱུར་དགོས་པ་འདྲ་མོད། ད་ནི་དག་མ་དག་གང་ཡིན་ཀྱང་རྒྱུན་འབྱམས་སུ་སོང་འདུག་ཕྱིར་ཟེར་རྗེས་འབྲངས་ཏེ་ཁོ་བོས་ཀྱང་བདེན་པའི་ཨུ་ཚུགས་ཞེས་སྤྱོད་ཀྱི་ཡིན་ལ། ཨུ་ཚུགས་ཞེས་པ་ནི་ནན་ཏན་དང་། རྒྱུན་འཁྱོངས་དང་། ཧུར་བརྩོན་དང་། མཁྲེགས་འཛིན་དང་། ངན་རེངས་སོགས་ལ་འཇུག་པ་ལས་སྔ་མ་དག་གི་དོན་དུ་གོ་དགོས་པའོ།། 
(2)བདེན་པ། གན་དྷིའི་དགོངས་པར། སྐྱེ་བོ་སོ་སོའི་སེམས་ཀྱི་རང་བཞིན་ནི་དགེ་བ་ཡིན་ལ། དགེ་བ་གང་དེ་བོད་སྐད་ཀྱིས་བཤད་ན་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བརྩེ་བ་དང་ཞི་བའི་ངོ་བོར་གནས་པའི་ལྷ་ཡིན་ཏེ། ལྷ་དེ་ནི་རྒྱུ་འབྲས་དང་སྤྱོད་བཟང་དང་འོད་གསལ་དང་ཚེ་སྲོག་གི་འབྱུང་ཁུངས་ཉག་གཅིག་ལ། སྡིག་པ་དང་འཚེ་བ་སྤངས་པའི་གཞན་ཕན་གྱི་བདག་ཉིད་ཅིག་ཡིན་ཕྱིར་བདེན་པ་ཉིད་དེ། སྨྲ་བསམ་བརྗོད་དུ་མེད་པའི་ལྷ་ནི་བདེན་པ་ཉིད་དོ་ཞེས་བརྗོད་པ་བས་སྨྲ་བསམ་བརྗོད་དུ་ཡོད་པའི་བདེན་པ་ཉིད་ལྷའོ་ཞེས་སྨྲ་ནུས་ལ། ལྷ་དང་བདེན་པ་དང་བདག་ཉིད་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། བདེན་པ་གང་ལྷ་ཡིན་པ་དེ་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད་འཚོ་བར་བྱེད་པའི་བདག་ཐུགས་རྗེ་ཆེན་པོའོ།། རྟག་གཏན་བདག་ཉིད་ཀྱི་ལྷའམ་བདེན་པ་གང་དེ་ཐམས་ཅད་ལ་ཁྱབ་ཅིང་གནས་པས་ན་མི་བུ་སོ་སོའི་སྙིང་ལའང་རང་བཞིན་གྱིས་གནས་ཏེ། མི་བུ་སོ་སོའི་སྙིང་ལ་ནི་བདེན་པ་ལས་གཞན་པའི་ལྷ་མེད་དོ།། སྡིག་སྤངས་དགེ་བའི་ཆོས་ཅན་གྱི་ལྷའམ་བདེན་པ་དེ་དང་འཚེ་མེད་ཞི་བ་གཉིས་གཞི་གཅིག་ལ་ལྡོག་པ་ཐ་དད་དུ་གྲུབ་སྟེ་བདག་གམ་རང་གི་ཆོས་ཡིན་ཞིང་། བདག་གམ་རང་གི་ངོ་བོ་རྟོགས་པའི་ལམ་དེ་ནི་རྣམ་པ་ཀུན་ཏུ་ཐར་པ་ཡིན་པར་དགོངས་སོ།། དེ་ནི་བདེན་པ་སྟེ་ལྟ་བའོ།།
(3)ཨུ་ཚུགས། སྤྱོད་པ་མས་འཛེག་ནི་ལྟ་བ་ཡས་དབབ་དང་ཡ་མ་བྲལ་ཏེ་དེ་ལྟ་བུའི་བདེན་པའི་ཉམས་ལེན་གྱིས་སྐྱེ་བོ་རྣམས་ཞི་བའི་ལམ་དུ་བཀྲིས་ཤིང་། ཁྱད་པར་དུ་སྡིག་པའི་གཞན་དབང་དུ་སོང་བའི་དབྱིན་ཇིའི་དབང་སྒྱུར་པ་དང་རང་དབང་གི་ཐོབ་ཐང་རྩོད་ལེན་གྱི་ཆབ་སྲིད་འཐབ་རྩོད་བྱེད་སྒང་དུ། རྣམ་ཀུན་འཚེ་མེད་ཞི་བའི་སྤྱོད་པ་ལ་གནས་ནས་ཁོ་ཚོའི་བདེན་པའི་དྲན་ཤེས་རྙེད་པར་སྐུལ་ཞིང་བློ་སྣ་བསྒྱུར་བའི་ཐབས་ལ་བརྩོན་པ་སྟེ། འཕྲ་ཁ་གཡུང་གིས་འདུལ་བ་དང་། གཅིན་ལན་ཇ་ཡིས་འཇལ་བ་ལྟར། བཟང་ལན་ལ་བཟང་སྟེར་བ་ནི་ཚོང་ལྟ་བུ་སྟེ་སླ་ཡི་ངན་ལན་ལ་བཟང་སྦྱིན་པ་ནི་དཀའ་བ་སྟེ་དགེ་བའོ་ཞེས(བོད་ཀྱི་གོ་དོན་དུ)བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་ནང་ལྟར། བདེན་པ་གང་གི་ཕྱིར་དུ་མི་ཚེ་སྐྱིད་སྡུག་གི་གྱོང་གུད་ཅི་འདྲ་ཆེ་བ་ཞིག་ཐོག་ལ་བབས་ཀྱང་ཁུར་ཐེག་པ་དང་། ཐ་ན་གཅེས་པའི་ཚེ་སྲོག་འབུལ་དགོས་ཀྱང་འཇིགས་མེད་སེམས་དཔའི་བརྟུལ་ཞུགས་ཀྱིས་དཀའ་བ་སྤྱོད་པ་དང་སྡུག་བསྔལ་བཟོད་པ་དེ་ནི་ཨུ་ཚུགས་ཡིན་ལ། ཨུ་ཚུགས་དེའང་ཐོབ་ཐང་གི་ཕྱིར་དུ་རྒྱག་པ་སྟེ། གཞན་གྱིས་སུ་ཞིག་གི་ལུས་སེམས་ཀྱི་ཐོབ་ཐང་བཙན་དྲག་གིས་ཕྲོགས་ཏེ་སྡུག་ལ་སྦྱར་པའི་དུས་སུ། གང་དེས་དྲག་སྤྱོད་འཁྲུག་འཛིང་སྤངས་ནས་གཞན་དེ་དང་མཉམ་ལས་མཐུན་འཇུག་མི་བྱེད་ཅིང་། རྟོན་པ་དང་བསྟུན་པ་མེད་པར་རང་ཉིད་བློས་གཏོང་བ་དེ་ནི་དོ་ནན་ཁུར་བརྩོན་དང་ནན་ཏུར་རྒྱུན་འཁྱོངས་བྱེད་པའི་དོན་ཅན་གྱི་ཨུ་ཚུགས་ཏེ་སྤྱོད་པ་ཡིན་པའོ།། 
གན་དྷི་ནི་འཇིག་རྟེན་མི་ཡུལ་འདིའི་རང་གཞན་ཀུན་གྱི་སེམས་ཀྱི་དགེ་བའི་རང་བཞིན་རྩལ་དུ་འདོན་པར་སེམས་དཔའ་ཞིང་། སྤྱི་ཚོགས་འདིར་ཧམ་པ་དང་སྡིག་པ་དང་འཚེ་བ་དང་ཞེ་སྡང་དང་ཁོང་ཁྲོ་དང་འཁོན་འཛིང་གི་དབང་དུ་སོང་བའི་མི་སྒེར་དང་ཤོག་ཚོགས་ཀྱི་བློ་སྣ་སྒྱུར་བ་ལ་བརྩོན་འགྲུས་རྩོམ་མཁན་དང་། དགེ་ཞིང་ལེགས་པ་ལ་དམིགས་པ་གཏོད་ཅིང་ལུས་སེམས་ཀྱི་གནས་ངན་རྒྱུན་གཅོད་པའི་ཤིན་སྦྱངས་ལ་རྟག་ཏུ་གནས་པར་མ་ཟད། ཁོང་ནི་བདེན་ཚིག་སྨྲ་བ་ཙམ་མ་ཡིན་པར་བདེན་སྤྱོད་ཉམས་སུ་བཞེས་མཁན་ཞིག་ཡིན་ཕྱིར། མི་བུའི་སྤྱི་ཚོགས་ཀྱི་དྲང་སྲོང་ཆེན་པོ་ཞིག་ཏུ་ཆགས་སོང་ངོ་།། འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་ལ་མཛད་རྗེས་ཆེན་པོ་བཞག་མྱོང་ཡོད་པའི་གན་དྷི་དང་གན་དྷི་ལྟ་བུའི་སྐྱེས་བུ་ཆེན་པོ་དག་གི་ལྟ་སྤྱོད་ནི་གོང་གསལ་ཉུང་བསྡུས་ཚིག་ལ་འདུ་བ་དཔེ་མི་སྲིད་མོད། བརྡ་དོན་གསལ་བཤད་ཀྱི་ཕྱིར་དུ་ཁོ་བོས་སྙིང་པོ་བསྡུས་དོན་དུ་བཀོད་པ་ཙམ་སྟེ་དེ་ལུགས་ཐུགས་འཇགས་མཛོད།
2.བདེན་པའི་ཨུ་ཚུགས་ཀྱི་ལྟ་བའི་སྙིང་པོ་ནི་ལྷ་མི་ངོ་བོ་དབྱེར་མེད་དང་མི་སེམས་དགེ་བའི་རང་བཞིན་གཅིག་མཚུངས་ཡིན་པ།
སྤྱིར་གན་དྷིའི་ལྟ་སྤྱོད་དུ་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་ཕྱི་རོལ་པར་འབོད་པའི་བྲམ་ཟེ་ཆོས་ལུགས་དང་ཧིན་དྷི་ཆོས་ལུགས་ཀྱིས་མཚོན་པའི་རྒྱ་གར་གྱི་སྲོལ་རྒྱུན་ཆོས་ལུགས་ཀྱི་ལྟ་སྤྱོད་དང་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་སྤྱོད། ཁ་ཆེའི་ཆོས་ལུགས་ཀྱི་ལྟ་སྤྱོད་ཀྱི་གྲུབ་ཆ་ཡོད་པར་མ་ཟད། ནང་པར་འབོད་པའི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་ཀྱི་གྲུབ་ཆ་ཡོད་པ་དང་། གཞན་ཡང་ནུབ་ཕྱོགས་ཀྱི་ཆབ་སྲིད་མཚན་ཉིད་རིག་པའི་ལྟ་བ་དང་མི་ཆོས་རིང་ལུགས་ཀྱི་བསམ་བློའི་གྲུབ་ཆའང་ཡོད་ཕྱིར། དེང་གི་འཛམ་གླིང་ཤར་ནུབ་ཀྱི་བསམ་བློའི་ཆུ་བོ་གཉིས་འདྲེས་ཤིག་ཏུ་ངོས་འཛིན་གྱི་འདུག
སྒོས་སུ་གན་དྷིའི་བདེན་པའི་ཨུ་ཚུགས་ཀྱི་མཚན་ཉིད་རིག་པའི་ལྟ་བའི་སྙིང་པོ་ནི་ལྷ་མི་ངོ་བོ་དབྱེར་མེད་དང་མི་སེམས་དགེ་བའི་རང་བཞིན་གཅིག་མཚུངས་ཡིན་པ་སྟེ། མགོ་ཁུངས་གཙོ་བོ་ནི་ཕྱི་རོལ་པ་དང་གཞན་སྡེ་དང་མུ་སྟེགས་པར་འབོད་པའི་བྲམ་ཟེ་ཆོས་ལུགས་ཡིན་ལ། བྱེ་བྲག་ལྷ་ཁྱབ་འཇུག་སྟོན་པར་ཁས་ལེན་པའི་གྲུབ་མཐའ་ཁྱབ་འཇུག་པ་ཡིན་ཞིང་། དེ་ཡང“གན་དྷིའི་ཡུམ་ནི་ཆོས་ལ་དད་གུས་ཆེ་བ་ཞིག་བྱུང་ཞིང་། ཉིན་ལྟར་ལྷ་ཆེན་ཁྱབ་འཇུག་གི་ལྷ་ཁང་ལ་མཆོད་མཇལ་དུ་འགྲོ་བ་དང་བཟའ་བཏུང་གི་སྔོན་དུ་སྨོན་ལམ་འདེབས་པ། ཅ་ཏུར་མ་ས་ཞེས་པ་ཟླ་བ་བཞིའི་སྨྱུང་གནས་ཆག་མེད་སྲུང་བ་ཞིག་ཡོད”པ་དང་། ཡབ་ཀྱང“ལྷ་ཁང་དུ་འགྲོ་བ་དང་ཆོས་ཉན་པ། ཧིན་དྷིའི་ཆོས་ཀྱི་གསུང་རབ་གཙོ་བོ《བྷ་ག་ཝ་ཏ་གཱི་ཏ》སྟེ་བཅོམ་ལྡན་གྱི་གླུ་ཞེས་པ་ཉིན་ལྟར་སྒྲོགས་སྦྱངས་མཛད་པ་ཞིག་ཡོད”པ་སྟེ། གན་དྷིའི་ཁྱིམ་རྒྱུད་ནི་མ་གཞི་ནས་སྲོལ་རྒྱུན་ཆོས་ལུགས་ལ་དད་པ་ཡོད་པ་དེས་གན་དྷི་ལ་ཆུང་དུས་ནས་ཆོས་ལུགས་ཀྱི་བག་ཆགས་ཟབ་མོ་ཞོག་ཡོད་པ་སྟེ། “ཁོ་བོ་ནི་སྐྱེས་མ་ཐག་ནས་ལྷ་ཁྱབ་འཇུག་གི་ཆོས་ལ་དད་པ་ཡོད”ཅེས་གསུངས་པ་ལྟར་དང་། ཁྱད་པར་དུ་ཁྱབ་འཇུག་གི་རིག་བྱེད་ཀྱི་གཞུང་དུ་རྟག་གཅིག་རང་དབང་ཅན་གྱི་བདག་ཁས་ལེན་པའི་རྒྱུ་མཚན་གྱིས་ཁོང་གིས་ཀྱང“སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་འཇིག་རྟེན་བྱེད་པ་པོས་བཀོད་པ་དང་། གང་ཟག་གི་བདག་རྟག་པ་དང་། རང་དབང་ཅན་ཞིག་ཡོད་པ་ནི། ལྷ་མཆོག་གི་ངོ་བོ་སྤྱི་གཙོ་བོ་ལས་བྱུང་ཞིང……བདག་དང་སྤྱི་གཙོ་བོ་གཉིས་ངོ་བོ་ཐ་མི་དད་པར་གྱུར་པ་ཞིག་ལ་ཡིད་ཆེས”ཀྱི་འདུག་ཅིང་། ཡང“མཚན་ཉིད་བརྗོད་པར་དཀའ་བའི་མཐུ་སྟོབས་ཀྱི་ནུས་པ་ཞིག་ཡོད་པ་བདག་རང་གི་གདོས་བཅས་ཀྱི་ལུས་ཀྱི་མིག་གིས་མ་མཐོང་ཡང་། དེ་ཀུན་ལ་ཁྱབ་པ་ཞིག་ཡིན་པ་བདག་གིས་ཚོར་ཞིང……དངོས་པོ་རྣམས་ནི་སྐད་ཅིག་ཀྱང་མི་རྟག་ཅིང་གཡོ་བ་དང……འགྱུར་བའི་དངོས་པོ་དེ་རྣམས་ཀྱི་དབྱིངས་སུ་རྟག་ཏུ་གནས་པའམ། འཚོ་བར་བྱེད་པའི་ནུས་པ་འགྱུར་བ་མེད་པ་ཞིག་ཡོད་པ་དེས་སྣང་སྲིད་ཀྱི་དངོས་པོ་མ་ལུས་ལྷན་ཅིག་ཏུ་བཟུང་བ་དང་། གསར་པ་སྤེལ་བའམ་སྤྲོ་བར་བྱེད་ཅིང་། འཇིག་པར་བྱེད་པ་དང་། སླར་ཡང་སྤྲོ་བར་བྱེད། དེ་ལྟར་ནང་དུ་སྤྲོ་ཞིང་སྤེལ་བའི་ཐུགས་ཀྱི་ནུས་པ་དེ་ནི་ལྷ་མཆོག་ཁོ་ན་ཡིན་ནོ”ཞེས་གསུངས་ཤིང་། ཡང“བདག་དེ་ནི་སྐྱེ་བོ་རེ་རེའི་ནང་དུ་གནས་ཤིང་དེས་མཐར་ཐུག་གི་བདེན་པ་ཉག་གཅིག་འཚོལ་བར་བྱེད”པ་དང་། “བདག་གམ་རང་གི་ངོ་བོ་རྟོགས་པའི་ལམ་དེ་ནི་ཐར་པ་ཡིན་པ་དང་། དེ་ལ་བརྟེན་ནས་ལྷ་ཡི་ངོ་བོ་གསལ་བར་མཐོང་ནུས་པ་ཞིག་ཡིན་པ་དང་། དེ་ནི་བཀྲ་ཤིས་པ་དང་། འདོད་པ་དང་། སྡིག་པའི་རང་བཞིན་དང་བྲལ་བའི་གནས་སྐབས་ཤིག་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ངས་དམིགས་ཡུལ་དེའི་ཆེད་དུ་སྒོ་གསུམ་གྱི་ཀུན་སྤྱོད་ཚང་མས་ཉམས་ལེན་བྱེད་བཞིན་ཡོད་དོ”ཞེས་འབྱུང་ལ། གན་དྷིའི་ལྟ་བ་རུ་ལྷ་ཁྱབ་འཇུག་གི་རིག་བྱེད་ཀྱི་གཞུང་གི་ལྟ་བ་དང་བསམ་བློའི་རྨང་གཞིའི་སྟེང་། སངས་རྒྱས་ཆོས་ལུགས་ཀྱང་ཐེ་བའི་ཧིན་དྷིའི་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ཀྱི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི། ཐར་པ་སོགས་ཆོས་ལུགས་ཀྱི་ལྟ་བ་དང་བསམ་བློའི་ས་བོན་ཡོད་པར་མ་ཟད། ཁ་ཆེའི་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་བ་དང་བསམ་བློས་ཀྱང་ཟུར་བརྒྱན་ཏེ་འདུག་ཅིང་། ཁོང་གིས“ཆོས་ཞེས་པ་གནས་གཅིག་ཏུ་སོན་པའི་ལམ་མི་འདྲ་བ་རྣམས་ལ་ཟེར”ཞེས་ཆོས་ལུགས་གང་ཡང་འཚེ་བ་མེད་ཅིང་བདེན་པ་སྒྲུབ་པའི་ཆ་ནས་ཐམས་ཅད་རིས་མེད་དུ་གཟིགས་ཤིང་། དངོས་གནས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་ཞིག་སྟེ་ཆོས་ལུགས་ལྟ་དགོངས་ཀྱིས་ཕྱུག་པའོ།།   ཁོང་གི་ལྟ་བའི་འབྱུང་ཁུངས་གཞན་ཡང་གོང་དུ་སོང་བའི་ཨ་རིའི་རྩོམ་མཁནH•D•སོ་རེའུ་ཡི་སྤྱི་དམངས་ཀྱི་མི་རྟོན་པ་ཞེས་པའི་བསམ་བློ་དང་། ཨུ་རུ་སུའི་རྩོམ་མཁན་ཐོལ་སི་ཏོའེ་ཡི《ལྷ་ཡི་ཞིང་ནི་ཁྱོད་ཚོའི་སེམས་ལ་གནས》ཞེས་པར། “……མི་བུ་ནི་དཔྱོད་ཤེས་དང་ལྡན་པའི་ཚེ་སྲོག་རིགས་ཤིག་ཡིན་ཞིང་། རྟག་ཏུ་བདེན་པ་མཐོང་བའི་ཤེས་རྟོགས་ལ་གཞོལ་བ་ཡིན……”ཞེས་པ་དང་། “……སྐྱེ་བོ་ཀུན་ཀྱང་ཟློག་ཏུ་མེད་པ་དང་། རང་དབང་དང་རང་དབང་མ་ཡིན་པའི་ངང་ལ་བདེན་པའི་ལམ་དུ་བགྲོད་ངེས་པ་ཡིན……”ཞེས་པ། ཡང“……མི་བུའི་ཚེ་སྲོག་གི་རིན་ཐང་ནི་ལྷ་ཡི་ཞིང་ཁམས་བཞེངས་པར་གྲོགས་མཛད་ཕྱིར་འཛམ་གླིང་ལ་སྲི་ཞུ་སྒྲུབ་པ་དེ་ཡིན། སྲི་ཞུ་དེའང་མི་བུ་རང་རྐྱ་ཐུབ་པ་རེ་རེས་བདེན་པ་ཁས་ལེན་ཞིང་བདེན་པ་བརྩི་སྲུང་ཉམས་བསྟར་བྱས་པས་ད་གཟོད་གྲུབ་པ་ཡིན་པ”དང་། “ལྷ་ཡི་ཞིང་ནི་མཐོང་བ་གཟུགས་ཀྱི་རྣམ་པར་མེད་དེ། རྒྱང་ལ་མི་དམིགས་མདུན་ལའང་དམིགས་པ་མེད། ལྷ་ཡི་ཞིང་ནི་ཁྱོད་ཚོའི་སེམས་ལ་གནས་པའོ”ཞེས་པའི་ལྟ་ཚུལ་དང་། དབྱིན་ཇིའི་རྩོམ་མཁནJ•རུ་སི་ཁིན(John Ruskin,约翰•鲁斯金)གྱི་མི་ཆོས་རིང་ལུགས་ཀྱི་བསམ་བློ་བརྗོད་པའི་དེབ《ཕྱི་རབས་རྣམས་ལ་གདམས་པ》ཞེས་པ་ལས། “གང་སོ་སོ་སྐྱེ་བོའི་ལེགས་པའི་རང་བཞིན་དེ་ནི་ཀུན་ལ་ཚང་ཞིང་། ཁྲིམས་གཞུང་མཁས་པའི་ལས་དང་བྲེགས་མཁན་གྱི་ལས་གཉིས་ཀར་ཁྱད་ཆོས་དང་རིན་ཐང་འདྲ་མཉམ་དུ་ཡོད་པ་དང་། ཐམས་ཅད་ལ་རང་རང་གི་འཚོ་གོས་སྒྲུབ་རྩོལ་གྱི་ཁེ་དབང་མཉམ་པར་ཡོད”ཅེས་པ་སོགས་ཀྱིས། “བདག་གི་ཡིད་ཕྲོགས་ཤིང་། མི་ཚེའི་བྱ་སྤྱོད་ལ་འགྱུར་བ་བྱུང་བའི་རྐྱེན་བྱས་སོ”སོགས་གསུངས་པ་ལྟར། ཁོང་གི་བདེན་པའི་ཨུ་ཚུགས་ཀྱི་ལྟ་བ་དེར་ནུབ་ཕྱོགས་པའི་བསམ་བློ་དང་ལྟ་ཚུལ། མི་ཆོས་རིང་ལུགས་པའི་བསམ་བློའི་བག་ཆགས་སམ་ཤུགས་རྐྱེན་ཡང་ཡོད་འདུག་གོ།
རྒྱུ་མཚན་དེའི་ཕྱིར། བདག་ཉིད་ཆེན་པོ་གང་དེས། “བདག་རང་དང་གཞན་གྱི་ཐོག་ཏུ་གསར་འཚོལ་གྱི་རྩད་ཞིབ་བྱས་པའི་སྒོ་ནས་ལམ་གོང་མར་བགྲོད་ཐུབ”ཅེས་དང་། “བདག་ནི་གསར་འཚོལ་གྱི་རྩད་ཞིབ་མེད་པར་གནས་མི་ཐུབ་ཅིང་། མི་ཚེ་ནི་གསར་འཚོལ་གྱི་རྩད་ཞིབ་རིམ་ཅན་ཞིག་ལས་གཞན་གང་ཡང་མ་ཡིན”ཞེས་གསུངས་པ་ལྟར། ཁོང་གིས་རྩད་ཞིབ་དང་གསར་འཚོལ་ཡུན་རིང་མཛད་པའི་རྙེད་ཐོབ་ལྟ་བ་ནི་ལྷ་མི་ངོ་བོ་དབྱེར་མེད་དང་མི་སེམས་དགེ་བའི་རང་བཞིན་གཅིག་མཚུངས་ཡིན་པ་སྟེ། ཁོང་གིས་ཀུན་ལ་མ་ཁྱབ་པ་མེད་པའི་ལྷ་དང་བདེན་པ་དང་འོད་གསལ་དང་བདག་དང་ཚེ་སྲོག་རྣམས་ནི་གཞི་གཅིག་ལ་ལྡོག་པ་ཐ་དད་དུ་གཟིགས་ཤིང་། གང་ཡང་ངོ་བོ་ནི་འཚེ་བ་སྤངས་པ་དང་ཞི་བ་དང་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བརྩེ་བ་ཡིན་པར་དགོངས་ཕྱིར། རྣམ་གྲངས་ལ་ལྷ་དང་མི་ཞེས་བརྗོད་ཀྱང་དོན་དམ་དུ་ངོ་བོ་དབྱེར་མེད་པ་ཇི་སྐད་དུ། “ལྷ་མཆོག་གི་ངོ་བོ་ནི་དོན་དམ་ཉག་གཅིག་ཡིན་པ་དང་རྒྱུ་མཚན་དེའི་ཕྱིར་འགྲོ་བ་མི་ཡི་ངོ་བོ་གཅིག་གྱུར་ལ་ངས་ཡིད་ཆེས་བྱེད་ཀྱིན་ཡོད། གང་བདག་ཅག་རྣམས་ལ་ཕུང་པོའི་རྣམ་གྲངས་དུ་མ་ཡོད་པ་མིན་ནམ་སྙམ་ན། དེ་ལྟར་ཡོད་མོད། འོན་ཀྱང་བདག་ནི་གཅིག་ཉིད་ལས་མེད། ཉི་མའི་དཀྱིལ་འཁོར་ལ་འོད་ཟེར་གྱི་ཕུང་པོ་དུ་མ་ཡོད་ནའང་དེ་དག་གི་འབྱུང་ཁུངས་ནི་གཅིག་ཏུ་ངེས”ཞེས་དང་། ཡང“བདག་གིས་འཆི་བ་ལས་ཚེ་སྲོག་དང་། ཀུན་རྫོབ་ལས་དོན་དམ། མུན་པ་ལས་འོད་སྣང་མཐོང་ཕྱིར། བདག་གིས་རྗེས་སུ་དཔག་པ་ལས། ལྷ་ནི་ཚེ་སྲོག་དང་བདེན་པ་དང་འོད་གསལ་ཡིན་ལ། ལྷ་ནི་དགའ་བ་ཚད་མེད་དང་དགེ་བ་བླ་ན་མེད་པའོ”ཞེས་དང་། ཡང“སྐྱེ་བོ་གང་ཞིག་གི་སེམས་རྒྱུད་ལ་ལྷའི་བྱིན་རླབས་ཡང་དག་ཏུ་ཞུགས་པ་ན། གང་དེར་ངན་སེམས་མེད་དེ་སུ་ལའང་སྡང་བར་མི་འགྱུར་བ་ཡིན……གནས་ཚུལ་གྲངས་མེད་ལ་འཕྲད་པའི་བདག་གི་ཉམས་མྱོང་ལྟར་ན། སེམས་དེ་ལྷ་དང་ཞི་བདེས་ཁེངས་པའི་དུས་སུ། འཁོན་འཛིན་གྱི་སེམས་བྱུང་སྐྱེ་རྒྱུན་ཆད་དེ་ཡོད། ལོ་རྒྱུས་ཐོག འཛམ་གླིང་གི་དེད་དཔོན་རབ་དང་རིམ་པས་དེ་མཚུངས་ཀྱི་བདེན་དཔང་བྱས་ཡོད་པ་དང་། དེ་ནི་བདག་གི་བྱས་རྗེས་མ་ཡིན་ཏེ་ལྷའི་དངོས་གྲུབ་ཡིན་པ་བདག་གིས་ཤེས”ཞེས་དང་། ཡང“བདག་གི་ལྷ་ནི་གནམ་ལ་མི་བཞུགས་ཏེ། མི་ཡུལ་འདི་ནས་ཤེས་རྟོགས་བྱུང་། གང་དེ་ཁྱོད་དང་ངའི་སེམས་ན་བཞུགས་པའོ”དང་། “ལྷ་ནི་ཐམས་ཅད་ལ་ཁྱབ་པས་ན་མི་བུ་རེ་རེའི་སེམས་ནང་དུའང་གནས་ལ། རྒྱུ་མཚན་དེའི་ཕྱིར་མི་བུ་རེ་རེ་ནི་ལྷ་ཡི་སྤྲུལ་པ་ཡིན་ནོ”ཞེས་སོགས་གསུངས་པའོ།།
གན་དྷིའི་གསུང་འདི་དག་གོ་བདེར་བྱས་ན། སེམས་ཅན་རྣམས་ནི་སངས་རྒྱས་ཉིད།།  འོན་ཀྱང་གློ་བུར་དྲི་མས་སྒྲིབ།། དྲི་མ་དེ་བསལ་སངས་རྒྱས་དངོས།། ཞེས་པ་དང་། མི་ཞེས་བྱ་བ་སངས་རྒྱས་ཡིན།། བཅོམ་ལྡན་འདས་ནི་གུད་ན་མེད།། ཅེས་པ་དག་གི་འབྲུ་རེ་གཉིས་བཅོས་ཏེ། མི་བུ་སོ་སོ་ལྷ་མཆོག་ཉིད།། འོན་ཀྱང་གློ་བུར་སྡིག་པས་སྒྲིབ།། སྡིག་སེམས་དེ་བསལ་ལྷ་མཆོག་དངོས།། ཞེས་དང་། མི་ཞེས་བྱ་བ་ལྷ་ཡིན་ཏེ།། ལྷ་ཡི་ཞིང་མཆོག་གུད་ན་མེད།། ཅེས་བཅོས་པ་ཡིན་ན། གན་དྷིའི་ལྟ་བ་ཤོད་འགྲོ་བར་མ་ཟད། བོད་རྣམས་ཀྱིས་གོ་བ་བདེ་བླག་ཏུ་ལོན་ངེས་ལ། དེ་ལྟར། ལྷ་མི་ངོ་བོ་དབྱེར་མེད་ཡིན་པ་དང་མི་སེམས་དགེ་བའི་རང་བཞིན་གཅིག་མཚུངས་ཡིན་པའི་ཁོང་གི་ལྟ་བ་གང་འདི་ཟབ་མོའི་དོན་དང་ལྡན་ཞིང་གཞུང་ལུགས་མ་ལག་ཚང་བ་ཞིག་ཡིན་པ་མ་མཐོང་མོད། མི་བུའི་སྤྱི་ཚོགས་སུ་ནི་རྒྱ་ཆེ་ཞིང་དཀྱེལ་ཡངས་པ། མི་བུའི་རང་བཞིན་ཅན་ནམ་མི་དྲི་བྲོ་བ་ཞིག་ཡིན་པ་མཐོང་ཐུབ་ཀྱི་རེད།  གན་དྷིའི་ལྟ་བའི་ཁྱད་ཆོས་ནི་རྒྱ་ཆེ་ཞིང་དཀྱེལ་ཡངས་པ། མི་བུའི་རང་བཞིན་ཅན་ཏེ་མི་དྲི་བྲོ་བ་ཞིག་ཡིན་པར་ཁོ་བོས་འདོད་དེ། ཁོང་གི་ལྟ་བའི་ཡང་སྙིང་ནི་མི་བུ་ཞེས་པ་འདི་ཡིན་ལ། རྣམ་གྲངས་གཞན་ལ་ཁོང་གིས་ལྷ་དང་བདག་དང་ཚེ་སྲོག་དང་བདེན་པ་ཞེས་བརྗོད། དེ་དག་གང་ཡང་རྒྱུ་འབྲས་དང་། དྲང་བདེན་དང་། དགའ་བ་དང་། མདོར་ན་དགེ་བའི་ངོ་བོར་གནས་པར་འདོད་པ་དང་། དེས་ཀྱང་ཐམས་ཅད་ལ་ཁྱབ་སྟེ་ཡོད་པར་འདོད་པའི་ཁོང་གི་ལྟ་བ་ནི་རྒྱ་ཆེ་ཞིང་དཀྱེལ་ཡངས་ལ། དེ་ལྟ་བུའི་ལྟ་བ་ལ་ནི་མི་བུའི་ཀུན་སྤྱོད་ཀྱི་ཆོས་ཀྱིས་ཕྱུག་པ་སྟེ་མི་བུའི་རང་བཞིན་ཅན་ནམ་མི་དྲི་བྲོ་བ་མཚོན་པ་དང་། ལྷ་ཞེས་རིང་དུ་མ་དམིགས་ལ་མི་ཞེས་ཉེ་བར་མ་དམིགས་པར“མི་སེམས་ལྷ་དང་ལྷ་སྤྲུལ་མི་ཡིན”པར་གསུངས་པའི་བཀའ་གདམས་ཀྱིས་མི་བུའི་འཇིག་རྟེན་དུ“བདེན་པ”ལས་གཞན་པའི་ལྐོག་གྱུར་གང་ཡང་མེད་པར་བྱས་སོང་ཞིང་། ལྷ་ཡི་རིག་པ་དང་ལྷ་ཡི་རིག་གཞུང་ཐམས་ཅད་ལྐོག་གྱུར་ནས་མངོན་གྱུར་དུ་དང་། གསང་བ་ནས་ཡོངས་གྲགས་སུ་དང་། མི་མངོན་པ་ནས་མངོན་པ་དང་། མི་གསལ་བ་ནས་གསལ་བ་དང་། བར་སྣང་ནས་ས་ལ་སྤྱོད་པར་བྱས་པ་ན། མི་རྣམས་བློ་བདེ་ཞིང་ཡིད་ཆེས་ཏེ་རྗེས་སུ་འབྲངས་སོང་བ་རེད་སྙམ་མོ།།  དེ་ལྟར། གསར་རྙེད་ཀྱི་བདེན་པའི་ལྟ་བ་གང་རུང་བློ་ལ་འཆར། རྒྱུད་ལ་འབྱོངས། འབྱོངས་པ་དེ་བཞིན་སྤྱོད་པར་སྟོན་པ་གང་ཞིག་མི་བུ་གྲངས་མེད་ཀྱི་མཐོང་ཆོས་སུ་གྲུབ་པའི་གན་དྷི་ལྟ་བུ་ནི་མི་བུའི་སྤྱི་ཚོགས་འདིར་ཤིན་ཏུ་ཉུང་ཉུང་སྟེ། གན་དྷི་ནི་ཤིན་ཏུ་ཉུང་ཉུང་ལས་ཀྱི་གཅིག་ཡིན་པའོ།།
3.བདེན་པའི་ཨུ་ཚུགས་ཀྱི་སྤྱོད་པའི་སྙིང་པོ་ནི་འཚེ་མེད་ཞི་བ་དང་བསྟུན་པར་མི་བྱ་བ་ཡིན་པ།
འདིར་སྤྱོད་པ་བཤད་རྒྱུ་ཡིན་སྟབས། ཐོག་མར་ཁོང་གི་སྤྱོད་བཟང་ནས་བཤད་པའི་དགོས་པ་ཡོད་པར་འདོད།
སུ་ཞིག་གིས་སྲོལ་རྒྱུན་དང་མཐུན་པའི་ལྟ་བ་འཛིན་པའམ་ལྟ་བ་གང་ཞིག་ལ་གནའ་བོའི་མགོ་ཁུངས་ཡོད་པའི་གཏམ་སྨྲ་ན་ནི་མི་བུ་ཕལ་ཆེ་བ་གང་དེ་ཐོས་པ་དགའ་ཞིང་། གང་ཞིག་ལྟ་བ་དེ་འདྲ་འཛིན་པའི་ཁར་སྤྱོད་པ་ཞི་དུལ་ཚུལ་མཐུན་ནམ་བཟང་པོའི་སྤྱོད་པར་གནས་ན་ནི་མི་བུ་ཕལ་ཆེ་བ་གང་དེར་མོས་གུས་ཆེ་ལ་ཐ་ན་དད་པར་འགྱུར་བ་ད་ལྟ་ལ་ཐུག་གི་འགྲོ་བ་མིའི་རིགས་ཀྱི་ཆོས་ཉིད་ཅིག་རེད། ཚུལ་དེ་ནི་གན་དྷིའི་སྟེང་ནས་ཀྱང་གསལ་པོར་མཐོང་སྟེ། ཁོང་གི་ལྟ་བ་ནི་གོང་དུ་བྲིས་པ་ལྟར་སྲོལ་རྒྱུན་ཆོས་ལུགས་ཀྱི་ལྟ་བ་ཤུགས་ཆེ་བ་སྟེ། ལྷ་མི་ངོ་བོ་དབྱེར་མེད་དང་མི་སེམས་དགེ་བའི་རང་བཞིན་གཅིག་མཚུངས་ཡིན་པའི་བདེན་པ་བརྗོད་མཁན་ལ། སྤྱོད་པའང་དེ་ལ་དེ་མཐུན་གྱི་མཛད་པ་ཅན་ཏེ་བདེན་པ་ཚིག་ཏུ་བརྗོད་པ་ཙམ་མ་ཡིན་པར་རྣམ་ཀུན་ཉམས་སུ་བཞེས་པའི་སྤྱོད་བཟང་གི་བདག་ཉིད་ཅིག་ཏུ་སྣང་།
སེམས་ཅན་ཉོན་མོངས་པའི་རིགས་ལ་བརྒྱད་ཁྲི་བཞི་སྟོང་ཡོད་པར་བཤད་པ་དེ་བཞིན། མི་རྣམས་ལ་སྤྱོད་པ་བཟང་པོའང་བརྒྱད་ཁྲི་བཞི་སྟོང་ཡོད་ཆོག་ཆོག་རེད། ཁོ་བོས་གྲངས་མེད་པའི་སྤྱོད་བཟང་རྣམས་བློ་སྟོབས་བརྟན་བརླིང་དང་། རང་གཅུན་རང་སྡོམ། དྲང་པོ་དྲང་གཞག གཟབ་ནན་དཔྱོད་ལྡན་བཅས་རྩ་བའི་ཀུན་སྤྱོད་གཤིས་རྒྱུད་བཞི་རུ་བསྡུས་ཏེ་དེ་སྔོན་མཚམས་སྦྱོར་བྱས་པ་གཞིར་བཟུང་ནས་གན་དྷི་ཁོང་ལ་ཆུང་དུས་ནས་སྤྱོད་བཟང་དེ་དག་མངའ་ཚུལ་དཔེ་དང་བཅས་བརྗོད་ན།
ནམ་ཞིག་ན་ཕ་ཁྱིམ་གྱི་གྲོགས་པོ་ཡིན་ལ་བློ་འདོན་པའང་ཡིན་པ་ཞིག་གི་སློབ་སྟོན་ལྟར། གན་དྷིས་དབྱིན་ཇིར་སློབ་གཉེར་དུ་འབྱོན་པར་དམ་བཅས་ཤིང་སྟ་གོན་བྱེད་སྒང་དུ། ཁོང་ཚོའི་རིགས་རུས་གཅིག་པའི་མི་རྣམས་ལྷན་དུ་ཚོགས་ཏེ་སྨྲས་པ། ཕྱི་རྒྱལ་ལ་སོང་བ་ཡིན་ན་འུ་ཚོའི་ཆོས་ལུགས་གོམས་སྲོལ་སྲུང་ཐུབ་རྒྱུ་ནི་དཔེ་མི་སྲིད་པ་ཞིག་རེད་ཅེས་དང་། འུ་ཚོའི་ཆོས་ལུགས་ལས་རྒྱ་མཚོའི་ཕ་རོལ་ཏུ་བགྲོད་པ་གཏན་འགོག་བྱས་ཡོད་ཅེས་དང་། གང་ཁྱོད་དབྱིན་ཇིར་འགྲོ་རྒྱུའི་ཁོག་རྩིས་དེ་རྩ་བ་ནས་ནོར་འདུག་ཅེས་སོགས་བརྗོད་དེ་ཆོས་ལུགས་དང་གོམས་སྲོལ་གྱིས་བཤོལ་བཏབ་ཅིང་གནོན་ཤུགས་སྤྲད་པའི་མཐར། ཉི་མ་དེ་རིང་ནས་བཟུང་བྱིས་པ་བསམ་མེད་འདི་འུ་ཚོའི་རིགས་རུས་ཀྱི་གྲས་ནས་ཕྱིར་འབུད་བྱས་པ་ཡིན་ཞེས་རིགས་རུས་ཀྱི་གྲས་ནས་ཕྱིར་འབུད་མཐར་སྐྲོད་བཏང་ནའང་། ཁོང་གིས་ང་རང་དབྱིན་ཇིར་སློབ་གཉེར་དུ་འགྲོ་རྒྱུའི་འདུན་པ་དེ་སུས་ཀྱང་བསྒྱུར་མི་ནུས་ཞེས་སྨྲས་ཤིང་རང་ལོ་བཅོ་བརྒྱད་ལས་མེད་ཀྱང་དམ་བཅའ་བརྟན་པོ་དེ་འདྲ་བཅངས་ནས་དབྱིན་ཇིར་སློབ་གཉེར་དུ་ཕྱིན་སོང་ངོ་།། དེས་ནི་ཁོང་ཉིད་ཆུང་ངུའི་དུས་ནས་བློ་སྟོབས་བརྟན་བརླིང་ཡིན་པ་མཚོན་པ་དང་།
དབྱིན་ཇིར་སློབ་གཉེར་དུ་འབྱོན་པའི་ཁོང་གི་མོས་པ་དེར་ཐོག་མའི་དུས་སུ་མ་ཡུམ་མོས་མཐུན་མེད་ཅིང་དགག་བྱ་མཛད་པ་སྟེ། གོ་ཐོས་སུ་ཡུལ་དེའི་མི་རྣམས་ཀྱིས་ཁམ་ཆེན་པོས་ཤ་ཟ་བ་དང་། ཉིན་བཞིན་དུ་ཆང་ལ་འབྲལ་བ་མེད་པ་དེ་ལྟ་ན། གང་ཁྱོད་དབྱིན་ཇིར་ཕྱིན་ཚེ་མ་ངའི་བློ་བདེ་བོ་ག་ལ་འོང་། ཡོད་ཚད་བརླག་འགྲོ་རྒྱུ་རེད་ཅེས་སོགས་སྨྲས་པར། མ་ཡུམ་གྱིས་གང་ལ་ཐུགས་ཁྲལ་གནང་བ་ཁོང་གིས་རྟོགས་ནས། དབྱིན་ཇིར་འབྱོར་ཚེ་ཤ་དང་ཆང་དང་བུད་མེད་གསུམ་སྤང་གི་ཡིན་ཞེས་ཁས་ལེན་དམ་བཅའ་མཛད་པ་ནང་བཞིན་ཕྱིས་ཀྱང་དེ་ལྟའི་སྡོམ་པ་ལ་རྟག་ཏུ་གནས་པ་དེ་ཡིས་ཁོང་ཉིད་ཆུང་ངུའི་དུས་ནས་རང་གཅུན་རང་སྡོམ་ཅན་ཞིག་ཡིན་པ་མཚོན་པ་དང་།
སློབ་འབྲིང་གི་སློབ་སྐབས་དང་པོའི་སྐབས། ཉིན་ཞིག་སློབ་སྦྱོང་རྟོག་ཞིབ་པ་ཞིག་སློབ་གྲྭར་འབྱོར་ཏེ། ཁོ་ཚོའི་འཛིན་གྲྭའི་དབྱིན་ཡིག་གི་ཆུ་ཚད་ལ་ལྟ་ཕྱིར་ཐ་སྙད་ལྔ་སྦྱོར་འབྲི་བྱེད་བཅུག་པར། གན་དྷིས“Kettle” (རྫ་སྣོད)ཅེས་པ་བྲིས་ནོར་བྱུང་བ་དགེ་རྒན་གྱིས་མཐོང་སྟེ། ལྷམ་མགོས་མངོན་ཆུང་གིས་གན་དྷི་ལ་བརྡ་བསྟན་ཏེ་འགྲམ་གྱི་སློབ་གྲོགས་ལས་དཔེ་བཤུ་བྱ་བར་སྐུལ་ནའང་། གན་དྷིས་དགེ་རྒན་ནི་རྐུ་འབྲི་འགོག་པའི་ལྟ་རྟོག་པ་ཡིན་སྙམ་ཞིང་བརྡ་དོན་དེའི་ཧ་མ་གོ  མཇུག་མཐར་གན་དྷི་མ་གཏོགས་ནོར་འཆུག་བྱུང་བ་མེད་དེ་དགེ་སློབ་ཀུན་གྱིས་འཕྱས་ནའང་། ཁོང་གིས་ངས་ག་དུས་ཡིན་ཀྱང“རྐུ་བཤུས་ཀྱི་སྒྱུ་རྩལ”དེ་སློབ་ཐུབ་མ་སོང་ཞེས་གསུངས་པ་དེས་ཁོང་ཉིད་དྲང་པོ་དྲང་གཞག་ཡིན་པ་མཚོན་པ་དང་།
(དབྱིན་ཇིར་སློབ་གཉེར་བྱེད་སྐབས)བདག་ནི་འཚོ་བ་སྐྱེལ་དུས་ཞིབ་རྩིས་རྒྱག་མཁས་ཤིག་ཡིན་ཏེ། དོང་ཙེ་གཅིག་གྲོན་པའང་རྩིས་ཐོར་བཀོད་པ་ཡིན། དཔེར་ན་སྤྱི་སྤྱོད་རླངས་འཁོར་དུ་བསྡད་པ་དང་། འཕྲིན་བསྐུར་པ། ཚགས་པར་ཉོས་པ་སོགས་འགྲོ་སོང་ཆུང་ངུ་དེ་རྣམས་ཀྱང་རེ་རེ་བཞིན་རྩིས་ཐོར་བཀོད་དེ་མཚན་ལྟར་གཉིད་མ་ཉལ་སྔོན་ལ་བསྡོམས་རྩིས་རེ་བརྒྱབ་པ་ཡིན། བདག་གིས་གོམས་སྲོལ་དེ་ནམ་ཡང་མ་དོར་ལ། རྒྱུ་མཚན་དེའི་དབང་གིས། དེའི་རྗེས་སུ་སྤྱི་པའི་ཐེབས་རྩའི་དངུལ་གྲངས་ཆིག་འབུམ་ལོངས་པ་བདག་གི་ལག་བརྒྱུད་ནས་འགྲོ་སོང་བཏང་བ་གང་ཡང་བསྲི་ཚགས་གཟབ་ནན་ཡིན་ཞིང་། བདག་གིས་སྣེ་ཁྲིད་པའི་ལས་འགུལ་ཡོད་རྒུའི་གྲོན་དངུལ་འགྲོ་སོང་ལ་བུ་ལོན་མེད་པའི་ཁར་ད་དུང་ལྷག་འཕྲོ་ཡོད་པ་བྱུང་ཞེས་གསུངས་པ་འདིས་ཁོང་གི་གཟབ་ནན་དཔྱོད་ལྡན་གྱི་ཀུན་སྤྱོད་གཤིས་རྒྱུད་མཚོན་པའོ།།
གཞན་ཡང་ཁོང་ནི་སྐྱོན་ལ་ངོས་ལེན་ཡོད་པ་དང་འགྱོད་བཤགས་བྱེད་ཤེས་ཤིག་སྟེ། ཆུང་དུས་དུ་བ་འཐེན་པའི་ཉམས་སྣང་སྐྱིད་པོ་ཁོ་ན་ལ་བསམས་ནས་གཡོག་པོའི་ཁུག་མ་ལས་སིལ་སྒོར་བརྐུས་ཏེ་དུ་བ་ཉོས་པ་སོགས་རྐུ་ཁྱེར་ཙག་ཙིག་ནི་ཐེངས་མང་དུ་བྱས་མྱོང་ལ། དགུང་ལོ་བཅོ་ལྔའི་སྟེང་ཕུ་བོའི་ལག་གདུབ་ལས་གསེར་རྡོག་ཆུང་ངུ་ཞིག་ཕྲལ་ཏེ་བདག་གིར་བྱས་པ་དེས་བློ་ཡིད་ཤིན་ཏུ་མ་བདེ་བས་ཕྱིན་ཆད་རྐུ་ཁྱེར་མི་བྱེད་པའི་དམ་བཅའ་དང་བྱས་ཉེས་ལ་འགྱོད་བཤགས་བྱེད་ཕྱིར། འགྱོད་བཤགས་ཡི་གེ་ཞིག་བྲིས་ཏེ་ཡབ་ཀྱི་མདུན་དུ་དམ་བཅའ་ཕུལ་པ་ལ། ཡབ་ཀྱིས་སྡང་སྡིགས་སྟོན་པ་ལྟ་ཞོག སྤྱན་ཆབ་མུ་ཏིག་འཐོར་བ་བཞིན་ལྷུང་བས་བྱིས་པ་དེའི་ཡིད་སེམས་བརླན་པར་བྱས་ཤིང་། གཞན་སེམས་བསྒྱུར་པའི་ནུས་པ་ཚད་མེད་ཅིང་བློ་དཀྱེལ་ཤིན་ཏུ་ཡངས་པའི་འཚེ་མེད་ཞི་བའི་ཡོན་ཏན་དེ་ཁོང་གིས་དེ་དུས་ནས་བཟུང་ཉམས་སུ་མྱངས་ནས་འོངས་པ་ཡིན་པར་བཞེད་པ་ལྟ་བུས་མཚོན། བདག་ནི་རང་གི་སྤྱོད་པ་ལ་ཤིན་ཏུ་འཛེམ་པ་ཞིག་ཡིན་ཞིང་། ཉེས་སྐྱོན་ཕྲ་མོ་ཙམ་གྱི་ཕྱིར་དུའང་ངོ་ཚའི་མིག་ཆུ་གཏོར་མྱོང་བ་ཞིག་ཡིན་ཞེས་གསུངས་པ་བཞིན་ཡ་རབས་སྤྱོད་བཟང་ལ་དང་དོད་བླ་ནས་མཛད་མཁན་ཞིག་ཡིན་ཕྱིར། ཀུན་སྤྱོད་ནི་ཐམས་ཅད་ཀྱི་རྨང་གཞི་ཡིན་ལ། བདེན་པ་ནི་ཀུན་སྤྱོད་ཀྱི་ངོ་བོ་རེད། དེ་བས་བདེན་པ་འཐོབ་སྙེག་བྱེད་པ་ནི་བདག་གི་དམིགས་ཡུལ་ཉག་གཅིག་ཡིན་ཞེས་བདེན་པ་འཚོལ་བ་ལ་སོ་སོའི་ཀུན་སྤྱོད་ནས་འགོ་རྩོམ་དགོས་པར་འདོད་པ་དེ་འདྲ་རེད།
གཞན་ཡང་རང་དབང་མེད་པ་ཡིན་ན་རང་ཤི་རྒྱག་པའི་ཆོ་ག་མཛད་པ་བཅས་རང་དབང་གི་མོས་བློ་ཆུང་དུས་ནས་འདུག་པ་སོགས་བརྗོད་ཀྱིས་མི་ལང་ངོ་།། གན་དྷི་ཁོང་སྐུ་ན་ཆུང་ངུའི་དུས་ནས་ཡ་རབས་སྤྱོད་བཟང་ལ་དེ་ལྟར་གནས་ན། ཆེན་པོར་ཆགས་རྗེས་སུ་སྨོས་མ་དགོས་ཏེ། མི་ལོ་དོན་དགུ་ལ་འཚོ་བཞུགས་རིང་གི་དོན་བྱ་ཆེ་མ་ཆུང་གསུམ་གྱི་ཐོག་མཐའ་བར་གསུམ་ཀུན་ལ་སྤྱོད་བཟང་དེ་དག་མིག་མཐོང་ལག་ཟིན་དུ་བསྟན་མྱོང་བ་ཁོང་གི་རྣམ་ཐར་ལ་མཇལ་བས་ཤེས་ཏེ། རྒྱས་པར་ཤེས་འདོད་དག་གིས་ཁོང་གི་རྣམ་ཐར་ལ་ཞིབ་གཟིགས་མཛོད་ཅེས་སྐུལ་བ་ཡིན་ནོ།།
གོང་དུ་སོང་བ་ནི་གན་དྷི་སྐུ་ན་མ་སྨིན་པའི་དུས་ཀྱི་སྤྱོད་པ་ཁག་ཅིག་ཁོ་བོའི་བཤད་སྟངས་ལ་སྦྱར་ནས་བཤད་པ་ཡིན། གན་དྷི་ཁོང་བོད་དུ་མ་འཁྲུངས་པ་མ་ལེགས་ཏེ། གལ་སྲིད་བོད་དུ་འཁྲུངས་པར་ཆ་བཞག་ན་ནི་ཁོང་ཉིད“རྒྱལ་བ་གཉིས་པ”མ་ཡིན་ཀྱང“ཀུན་མཁྱེན”དང“སྐྱབས་མགོན”དུ་བཏགས་པ་གང་རུང་ཞིག་གི“སྤྲུལ་པ”ནི་ཅིས་ཀྱང་ཡིན་ངེས་ཏེ། རྒྱུ་མཚན་ནི། ཁོང་ལ་ཆུང་དུས་ནས་ཁྱད་འཕགས་མཆོག་ཏུ་གྱུར་ཅིང་ཐུན་མོང་མ་ཡིན་པའི་ངོ་མཚར་མཛད་སྤྱོད་དེ་འདྲ་མངའ་བས་སོ།། གན་དྷི་ཁོང་བརྒྱ་ལ་བོད་མི་ཞིག་ཡིན་པའི་དབང་དུ་བཏང་ན། མཛད་སྤྱོད་དེ་དག་ནི་མི་ལས་འདས་པའི“སྤྲུལ་སྐུ”དག་གི་ཁྱད་རྟགས་མ་ཡིན་ནམ། བོད་རྣམས་ཀྱིས་སྤྲུལ་པ་གང་རུང་ཞིག་ཏུ་ངོས་མི་འཛིན་རང་འཛིན་རེད། གན་དྷི་ཆུང་ངུའི་དུས་སུ་ཧིན་དྷིའི་ཆོས་ཀྱི་གསུང་རབ་གཙོ་བོ《བྷ་ག་ཝ་གཱི་ཏ》སྟེ་བཅོམ་ལྡན་གྱི་གླུ་ཞེས་པ་དང་། “འདི་ནི་བདག་གི་དཔེ་བལྟ་ས་ཡིན”པར་སྙམ་མྱོང་བའི《ཤ་ར་བ་ཎ་པི་ཏྲི་བྷཀ་ཏི་ན་ཏ་ཀ》སྟེ་མཛད་བརྒྱ་དཔག་བསམ་འཁྲི་ཤིང་ལས་ཀྱི་སྔོ་བསང་ཅན་གྱི་རྟོགས་བརྗོད་དེ་ཡིན་པར་བཤད་པའི་ཟློས་གར་གྱི་བསྟན་བཅོས་དང་། དེ་ལ་བརྟེན་ནས“བདེན་པའི་ཕྱིར་དུ་དཀའ་བ་སྤྱོད་པའི་མི་འགྱུར་དམ་བཅའ་བཞག”མྱོང་བའི《ཧ་རི་ཤ་ཅན་ད་ར》སྟེ་རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དང་འདྲ་བ་ཞིག་ཡོད་པ་བཅས། ཆོས་ཀྱི་བསྟན་བཅོས་དང་ཟློས་གར་དང་རྣམ་ཐར་སོགས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་ཞོག་ཡོད་ཚོད་འདུག་ནའང་། ཁོང་གིས་ཁོང་ཉིད་གང་ཞིག་གི་སྤྲུལ་པར་མི་བཞེད་ལ། སུ་དག་གི་མགོན་དུ་མི་བཞུགས་པར་མ་ཟད། བདག་གིས་དཀའ་བ་སྤྱོད་པ་ནི་ཆོས་ཀྱི་ཕྱིར་དུ་ཡིན་ཞེས་རྣམ་པ་ཀུན་ཏུ་མ་གསུངས་ལ། ལྡོག་སྟེ་བདག་ལ་ཤུལ་དུ་འཇོག་རྒྱུའི་གྲུབ་མཐའ་དང་བསྟན་པ་གང་ཡང་མེད་ཅེས་གདམས་ཤིང་། ཡོད་ཚད་འཇིག་རྟེན་འདི་སྣང་གི་ངོས་ནས་ཏེ། མི་བུའི་སྤྱི་ཚོགས་ཀྱི་ངོས་ནས་དང་། མི་བུའི་ཐོབ་ཐང་གི་ངོས་ནས་དང་། མི་བུའི་རང་བཞིན་གྱི་ངོས་ནས་དང་། མདོར་ན་འགྲོ་བ་མིའི་བདེན་པ་ཡོངས་ཁྱབ་ཀྱི་ངོས་ནས་ཐག་ཆོད་དགོས་པར་འདོད་པ་གང་ཞིག་སྤྱོད་པ་ནས་ཀྱང་མཐོང་བ་མངོན་གྱུར་དུ་བསྟན་སོང་བ་དེ་འདྲ་ཡིན་པ་རིམ་གྱིས་འཆད་དེ།
ད་ནི་ཁ་ཡིག་གི་དབང་དུ་བྱས་པས་འཚེ་མེད་ཞི་བ་དང་བསྟུན་པར་མི་བྱ་བ་སྟེ། བསྡུས་ན་འཚེ་མེད་བསྟུན་མེད་ཅེས་བརྗོད་ཆོག  འདི་ལ་འཆད་བྱའི་དོན་གཉིས་ཡོད་པ་ལས།
དང་པོ་འཚེ་མེད་ཞི་བ་ཞེས་པ་ནི་ཚིག་རང་ངོས་ཀྱི་བརྗོད་པ་ལྟར་ན་ཤིན་ཏུ་གོ་སླ་ཞིང་བརྗོད་བདེ་ལ་ཡོངས་གྲགས་སུ་སོང་ཕྱིར་འགྲེལ་བཤད་དགོས་ཚོད་མི་འདུག་མོད། ཁོ་བོས་བསམ་ན། འཚེ་མེད་ཞི་བ་ཞེས་པ་ནི་བཏང་སྙོམས་ཀྱི་ཚིག་ཅིག་གམ་བར་མ་དོའི་ཚིག་ཅིག་རེད་ལ། ཐ་ན་ལས་ལ་འཇུག་སྙིང་མི་འདོད་པའི་སྒྱིད་ལུག་གམ་ལེ་ལོའི་གོ་དོན་ཞིག་ཚིག་ཤུགས་ལ་ཡོད་པ་འདྲ། མ་མཐར་ཡང་ཚིག་ངོས་ལས་འཚེ་མེད་ཞི་བ་ཙམ་མ་གཏོགས་གང་ཞིག་ལས་པ་དང་ག་རེ་བྱེད་པའི་དོན་ཞིག་དངོས་ཤུགས་གང་ལའང་མི་གོ དེ་ལ་ལྟོས་པས་རྒྱ་ནག་སྐད་དུ་འགྱུར་བ་ལྟར非暴力ཞེས་དྲག་ཤུགས་མ་ཡིན་པའམ་དྲག་སྤྱོད་མ་ཡིན་པ་ཞེས་སུ་བརྗོད་ན། གང་ཞིག་ལས་པ་དང་ག་རེ་བྱེད་པའི་དོན་ཞིག་ཤུགས་ལ་བསྟན་དུ་ཡོད་ཕྱིར་བརྡ་དོན་གྱི་ཁྱད་ནུས་ཐོན་ངེས་སྙམ་ཡང་། རྗོད་བྱེད་ཡོངས་གྲགས་ཀྱི་རྗེས་འདེད་པ་ཐབས་རྡུགས་ཤིག་མིན་པ་འདྲ་བས་འདི་ཡང་ཡོངས་གྲགས་དང་བསྟུན་པ་ཡིན།
དེའི་མཚུངས་སུ་འདིར་ཐོག་མར་གསལ་བཤད་ཅིག་བྱེད་དགོས་པ་ནི། འཚེ་མེད་ཞི་བ་ཞེས་པ་ཐོབ་ཐང་གང་རུང་རྩོད་པའི་ལས་དོན་ལ་སྤྱོད་པ་ཡིན་གཤིས། བཤད་སྒོམ་དང་འཇོག་སྒོམ་ལྟ་བུ་མ་ཡིན་ལ། ག་བྱེད་འདི་བྱེད་མེད་པར་བཏང་སྙོམས་སུ་དང་བར་མ་དོར་སྡོད་པའང་མ་ཡིན། དེ་བས་ཀྱང་ལས་ལ་འཇུག་སྙིང་མི་འདོད་པའི་སྒྱིད་ལུག་དང་ལེ་ལོ་དང་སྙོམས་ལས་སུ་འདུག་པ་མ་ཡིན་པར། ལྡོག་སྟེ་ཐོབ་ཐང་གི་ཕྱིར་དུ་ལས་ཀ་གང་རུང་ཧུར་བརྩོན་ཁུར་འཁྱེར་དང་དཀའ་ཐུབ་སྡུག་བསྲན་གྱིས་སྒྲུབ་དགོས་པ་དེ་རེད། དེ་ཡང་སྔོན་གྱི་བཤད་ཚུལ་ལྟར་ན་བཤད་སྒྲུབ་གཉིས་ལས་སྒྲུབ་པའི་ལས་ཏེ། སྒྲུབ་རྩོལ་བྱེད་སྒང་དུ་གཞན་ལ་འཚེ་བར་མི་བྱེད་པ་དང་ཞི་བའི་ངང་ནས་སོ་སོ་གང་ལ་མོས་པ་མེད་པ་དང་། འདུན་པ་མེད་པ། ཡི་རང་མེད་པ། རྗེས་སུ་མི་འབྲང་བའི་རྣམ་འགྱུར་སྟོན་པ་ཡིན་ཞིང་། དེ་ལ་ཐབས་དང་ཐབས་ལམ་ཞེས་སྦྱོར་ཏེ་སྤྱོད་པའི་ཆ་ལ་གོ མདོར་ན་ལས་གང་ཞིག་བྱེད་དགོས་པར་ཡོད་ཅིང་དེའང་དཀའ་ཐུབ་དང་བཟོད་པའི་དམ་བཅའ་སྔོན་དུ་སོང་བ་ལས་སྒྲུབ་པའོ།། 
དེས་ན། འཚེ་མེད་ཞི་བ་ཞེས་པ་ལ་མ་མཐར་ཡང་དོན་གཉིས་འདུག་སྟེ། གཅིག་ནི་སོ་སོའི་རང་དབང་དང་འདྲ་མཉམ་དང་ཐོབ་ཐང་རྩོད་པའི་ལས་བྱེད་སྒང་དུ། སྲིད་གཞུང་དང་ཐུན་མོང་དང་མི་སྒེར་བཅས་ཀྱི་མི་ལུས་དང་སྲོག་དབུགས་དང་རྒྱུ་ནོར་གང་རུང་རྡུང་བ་དང་གཅོག་པ་དང་འཕྲོག་པ་དང་སྲེག་པ་ལྟ་བུས་མཚོན། གནོད་པ་དང་འཚེ་བ་དང་གཙེས་པར་མི་བྱ་བ་དེ་རེད། དེ་ལྟར་བྱས་པས་གཞན་ནམ་ཕ་རོལ་ཏུ་གྱུར་པ་དེ་དག་གི་རང་དབང་དང་འདྲ་མཉམ་དང་ཐོབ་ཐང་ལ་གནོད་ཅིང་འཚེ་བར་བྱས་སོང་ཕྱིར། རང་གི་བདེ་སྐྱིད་ཀྱི་ཆེད་དུ་གཞན་གྱི་བདེ་སྐྱིད་ལ་རྡོག་བརྫིས་གཏོང་བ་དེ་འདྲ་མི་རུང་བ་སྟེ་སྤྱོད་པ་ཞི་བ་ཡིན་དགོས་པའི་དོན་དང་། ཅིག་ཤོས་ནི་སོ་སོའི་རང་དབང་དང་འདྲ་མཉམ་དང་ཐོབ་ཐང་རྩོད་པའི་ལས་བྱེད་སྒང་དུ། གཞན་ནམ་ཕ་རོལ་པོས(དབང་སྒྱུར་པ་ལྟ་བུ)ཐོབ་ཐང་རྩོད་མཁན་གྱི་མི་ལུས་དང་སྲོག་དབུགས་དང་རྒྱུ་ནོར་གང་རུང་རྡུང་བ་དང་གཅོག་པ་དང་། འཕྲོག་པ་དང་སྲེག་པ་ལྟ་བུས་མཚོན། གནོད་པ་དང་འཚེ་བ་དང་གཙེས་པར་བྱས་ཀྱང་ཕྱིར་ཡ་ལན་མི་སྤྲོད་པ། དཔེར་ན། གཤེ་ཡང་སླར་མི་གཤེ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བ། བརྡེགས་ཀྱང་སླར་མི་བརྡེག་པ། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་སྟེ་དགེ་སྦྱོང་གི་ཆོས་བཞི་ལ་གནས་པ་ལྟ་བུ་ཞིག་ཡིན་དགོས་ཚོད། དེ་ནི་དཀའ་སྤྱད་མཐར་ཕྱིན་ཞིག་དང་བཟོད་པའི་ཕར་ཕྱིན་ཞིག རང་སྡུག་རང་འཁུར་ཤ་སྟག་ཅིག་སྟེ། ཐ་ན་སྲོག་ལ་བབས་ཀྱང་སྡང་སེམས་མེད་པ་ཞིག་རེད། གཞན་དུ་ན“བཙོན་ཁང་འགེངས་པར་བྱེད་པའི་སྙིང་སྟོབས”སུ་འབོད་ཅིང་། རང་དབང་གི་ཕྱིར་དུ་མི་ཚེའི་སྐྱིད་སྡུག་དང་ཚེ་སྲོག་གཏའ་མར་བཞག་ནས་དབང་སྒྱུར་པ་ལ“ཁྱོད་ཚོའི་བཙོན་སྒོ་ཕྱེས་དང་། ང་ཚོ་ནང་ལ་འོང་གི་ཡིན”ཞེས་བཟོད་པའི་གོ་ཆ་བགོས་ཏེ་དཀའ་ཐུབ་སྤྱོད་པར་བརྩོན་པའོ།། དམིགས་ཡུལ་ནི་དགའ་བ་དང་བྱམས་བརྩེའི་སྙིང་སྟོབས་ཀྱིས་ཕ་རོལ་པོའི་རྒྱུ་འབྲས་དྲང་བདེན་གྱི་བག་ཆགས་སད་པར་བྱ་བའོ།།
དཔེར་ན། བདེན་པའི་ཨུ་ཚུགས་ལ་སྤྱོད་ཚུལ་གན་དྷིས་མི་རྣམས་ལ་འདི་ལྟར་གདམས་པ། བདེན་པའི་ཨུ་ཚུགས་པ་ནི་འཁོན་སེམས་མེད་པ་དང་། སྡང་ལ་བཟོད་པ། རྒོལ་ལ་ཞི་བ། ཆད་པར་མི་འཇིགས། བཙོན་ལ་མི་སྐྲག ཕྲོགས་ཀྱང་མི་འཕྲོག ཁ་ལག་མི་འཛིང་། སྡང་སྡིགས་མི་སྟོན། ལས་འགུལ་གྱི་སྐབས་སུ། བདེན་པའི་ཨུ་ཚུགས་པ་རྣམས་ཀྱིས་ཕ་རོལ་ཕྱོགས་ཀྱི་དཔོན་ཡིན་ཀྱང་འཕྱ་སྨོད་དང་རྒོལ་རྡུང་གི་ཡུལ་དུ་མི་དམིགས་ཏེ། ལག་འཛོལ་བྱུང་རིགས་ཀུན་ཀྱང་སྲུང་སྐྱོབ་དང་ཚེ་ཐར་དུ་གཏོང་བར་བྱའོ་ཞེས་གསུངས་སྐད་དོ།། 
དེ་ལྟར། གན་དྷིས་གསུངས་པ། “འཚེ་མེད་ཞི་བ་དང་བདེན་པ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན”ཕྱིར། “ཀུན་ལ་གནས་པ་དང་། ཀུན་ཏུ་ཁྱབ་པའི་བདེན་པ་དངོས་སུ་རྟོགས་པར་བྱེད་པ་ལ་ཤིན་ཏུ་ཕྲ་བའི་སྲོག་ཆགས་གཅིག་ཚུན་ཆད་ལ་རང་དང་འདྲ་བའི་དགའ་བ་བསྐྱེད་ཐུབ་པ་ཞིག་ངེས་པར་དུ་དགོས”ལ། “འཚེ་མེད་ཞི་བ་ནི་དགའ་བ་བསླུ་བ་མེད་པ་སྟེ། བདག་གིས་ཧིན་དྷིའི་ཆོས་ཀྱི་གསུང་རབ་ལས་དང་། དམ་པའི་གསུང་རབ་ལས་དང་། ཀོ་རན་གསུང་རབ་ལས་བཀླགས་མྱོང་ཡོད”ན། བདག་གིས་ནི“དགའ་བ་ནི་སྦྱིན་པ་ཉག་གཅིག་ལས་ལན་ལ་རེ་བ་མིན་ཞིང་། དགའ་བ་ནི་དགོངས་ཡངས་ཉག་གཅིག་ལས་ཞེ་སྡང་དང་འཁོན་ལན་སློག་པ་མིན”པར་འདོད་དེ། “དགའ་བའི་ཚད་འཇལ་བྱེད་ནི་དཀའ་ཐུབ་སྤྱོད་པ་སྟེ་དཀའ་ཐུབ་སྤྱོད་པ་དེའང་ཤེས་བཞིན་དུ་སྡུག་བསྔལ་བཟོད་པ་དེའོ”ཞེས་སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བའི་དགའ་བ་ཚད་མེད་ཉམས་སུ་བཞེས་པ་དེ་ནི་འཚེ་མེད་ཞི་བའི་སྙིང་པོ་ཡིན་པར་དགོངས་པ་དེ་བཞིན། “དྲག་པོ་སྤྱོད་པ་ནི་དུད་འགྲོའི་ངང་ཚུལ་ཡིན་པ་ལྟར། འཚེ་མེད་ཞི་བར་གནས་པ་ནི་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་ཅིག་ཡིན”ཕྱིར། “བདག་གིས་རང་གི་ཕྱིར་དུ་དྲག་པོ་མི་སྤྱོད་པའི་དམ་བཅའ་བཞག་ཡོད”པ་དང་། “རང་རིགས་ཀྱི་དོན་དུ་བཙོན་དུ་བསྡད་དེ་སྡུག་བསྔལ་བཟོད་པ་ལའང་ཤིན་ཏུ་མོས་ནས་ཡོད།” དེའི་སྟབས་ཀྱིས“མི་བུའི་རང་བཞིན་ནི་ཤིན་ཏུ་འདྲ་ཞིང་། ཕར་ཡིད་ཆེས་དང་བརྩེ་སེམས་ཀྱིས་འབྲེལ་བ་བྱས་ན། ཚུར་དེ་ལས་བཅུ་ལྡབ་ཀྱིས་ལྷག་པའི་ཡིད་ཆེས་དང་། སྟོང་ལྡབ་ཀྱིས་མང་བའི་བརྩེ་སེམས་ཡོང་བ་དེ་ལ་བདག་ནི་ངེས་ཤེས་བརྟན་པོ་ཡོད”པས་ན། “ཐབས་ལམ་འདི་ནི་སྙིང་པོའི་ཆ་ནས་འཛམ་གླིང་སྤྱི་ཡི་དོན་དུ་ཡིན་ཞེས་ཁེངས་དྲེགས་མེད་པར་སྨྲ་ནུས”པ་འདི་བདག་གི་སྤྱོད་པ་ཡིན་ནོ།།
གང་ཞིག་གིས་ཐབས་དེ་ཉིད་སྡར་མའི་སྤྱོད་ཚུལ་ཞིག་ཏུ་འདོད་ན་ནི་དེ་འདྲ་གཏན་ནས་མ་ཡིན་ཏེ། “སེམས་ཀྱི་སྙིང་སྟོབས་ཀྱིས་གདུག་རྩུབ་ཅན་གྱི་བསམ་བློ་ལ་དགག་བྱ་གཏོང་བ་ཞིག་ཡིན”ཕྱིར། “དེ་ནི་ཐེ་ཚོམ་ཅན་དང་། སྙིང་སྟོབས་དམན་པའི་མིའི་སླད་དུ་མ་ཡིན་པར། བློ་སྟོབས་ལྡན་པ་རྣམས་ཀྱི་ཆེད་དུ་ཡིན”ལ། “སྙིང་སྟོབས་ཅན་གྱི་ཁྱད་ཆོས་ཡིན་ནོ་ཞེས་བདག་གིས་ཡང་ཡང་གསལ་བར་སྨྲས་པ་ཡིན” རྒྱུ་མཚན་ནི། “གྲི་དང་མེ་མདའ་ལ་སོགས་པ་ནི་དཔའ་མེད་ཀྱི་སྡར་མ་དག་གིས་ལག་ལེན་བྱེད་པ”ལས། “དགའ་བས་སེམས་ཀྱི་སྙིང་སྟོབས་རྒྱས་པའི་འཇིགས་པ་མེད་པའི་མི་བུ་རྣམས་ཀྱིས་ནི་དེ་སོགས་སྐྱོབ་བྱེད་དུ་མི་འཆང་བས་སོ།། ” གང་ལྟར། བདག་གིས“ཁོང་ཁྲོའི་ཆོས་ཀྱི་ཚབ་ཏུ་བརྩེ་བའི་ཆོས་སྟོན་གྱི་ཡོད་པ་དང་། འཚེ་བའི་ཚབ་ཏུ་རང་ཉིད་བློས་བཏང་བྱ་དགོས་པ་སྟོན་གྱི་ཡོད་པ། དྲག་པོའི་སྟོབས་ཤུགས་ཀྱི་གཉེན་པོར་སེམས་ཀྱི་སྙིང་སྟོབས་བསྟེན”དགོས་པ་བསྟན་པ་འདིའམ“འཚེ་མེད་ཞི་བ་ནི་གཏུམ་དྲག་མ་རུངས་པ་དང་ངོ་རྒོལ་འཐབ་རྩོད་བྱེད་པ་ལས་ཝ་བྲོས་རྒྱག་པ་མ་ཡིན་ལ། ལྡོག་སྟེ་འཁོན་ལན་སློག་པ་དང་བསྡུར་བས་ཧུར་བརྩོན་ཆེན་པོ་དང་། ཁ་ཡོད་ལག་ཡོད་ཀྱིས་གཏུམ་དྲག་མ་རུངས་པ་དང་ངོ་རྒོལ་འཐབ་རྩོད་བྱེད་པ་དེ་ཡིན། བདག་གིས་སྙིང་སྟོབས་སམ་ཀུན་སྤྱོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཀུན་སྤྱོད་ལས་ལོག་པ་ལ་ངོ་རྒོལ་བྱེད་པ་ཡིན་ཞིང་། ཐབས་ནུས་ཅི་ཡོད་ཀྱིས་གཏུམ་དྲག་ཅན་གྱི་རལ་གྲི་རྟུལ་བོར་བཟོ་འདོད་ཡོད་པ་མ་གཏོགས། དེ་ལས་རྣོ་བའི་རལ་གྲི་བཅངས་ནས་དེ་དང་འཐབ་མོ་བྱེད་འདོད་མེད། ཁོ་ཚོའི་བསམ་ཡུལ་ལས་འདས་པ་ནི་བདག་གིས་མཚོན་ཆ་སྤྱད་དེ་འགོག་རྒོལ་མི་བྱེད་པ་དེ་ཡིན། བདག་གིས་དྲག་པོས་འགོག་རྒོལ་གྱི་ཚབ་ལ་སེམས་ཀྱིས་འགོག་རྒོལ་བྱས་པ་དེས་ཁོ་ཚོ་ཅི་དཀའ་གང་དཀའ་ལ་སྦྱོར་ངེས། ཁོ་ཚོ་ཐོག་མའི་དུས་སུ་ཡ་མཚན་པར་འགྱུར་ནའང་། མཇུག་མཐར་ཁོ་ཚོ་འུ་ཐུག་ནས་ང་ཚོའི་འདོད་མོས་ཁས་ལེན་པར་འགྱུར་རོ།།” འཛམ་གླིང་འདིའི“ཕྱོགས་གཅིག་ནི་བདེན་པ་དང་འཚེ་མེད་ཞི་བ་ཡིན་ལ། ཕྱོགས་གཞན་ཞིག་ནི་རྫུན་པ་དང་དྲག་ཤུལ་སྤྱོད་པ་རེད། འདི་གཉིས་བར་ལ་མཐུན་ཐབས་མེད”པ་ལྟར་སྣང་ནའང་། ནམ་ཞིག་ན། “མི་བུ་སྒེར་གྱི་རང་དབང་ཡིན་ཀྱང་རུང་། མི་རིགས་ཤིག་གི་རང་དབང་ཡིན་ཀྱང་རུང་། འཛམ་གླིང་ཧྲིལ་པོའི་རང་དབང་གང་ཡིན་ཀྱང་། མི་བུ་གང་དེ་དང་མི་རིགས་གང་དེ་དང་འཛམ་གླིང་གང་དེ་རྣམས་ངེས་པར་དུ་འཚེ་མེད་ཞི་བ་ལ་བརྟེན་ན་གཞི་ནས་གནས་དེར་འབྱོན་པ་གདོན་མི་ཟའོ”ཞེས་སོགས་རྒྱ་ཆེར་གསུངས་འདུག་སྟེ་དྲངས་པས་མི་ལང་བས་ཤེས་འདོད་དག་གིས་གཞན་དང་གཞན་ལ་གཟིགས་པར་ཞུའོ།།
གཉིས་པ་མི་བསྟུན་པ་ཞེས་པ་ནི་སྲིད་དབང་དང་དབང་ཆ་དང་དབང་གྲགས་གང་རུང་ལ་མི་ལྟོས་པ་དང་མཐུན་པར་མི་འཇུག་པ་དང་རྗེས་སུ་འབྲང་བར་མི་བྱེད་པའི་དོན་ཏེ། གོང་དུ“མི་རྟོན་པ”བཤད་སྐབས་སུ། ཡིད་ཆེས་མེད་པ་དང་། འདོད་པ་མེད་པ་དང་། རྗེས་སུ་མི་འབྲང་བ་དང་། བརྩི་འཁུར་མི་བྱེད་པ་དང་། དང་དུ་མི་ལེན་པ་དང་། ཁས་མི་ལེན་པ་དང་། གུས་བཀུར་མི་བྱེད་པ་དང་། བསྟི་སྟང་མི་བྱེད་པ་དང་། བསྙེན་བཀུར་མི་བྱེད་པའི་དོན་འདུག་པར་བཤད་པ་ནང་བཞིན། བརྗོད་སྟངས་མ་འདྲ་བ་མ་གཏོགས་དེའི་ཕྱོགས་མཚུངས་རེད། དེ་ནི་རྒྱ་ནག་སྐད་དུ不合作ཞེས་འགྱུར་འདུག་ལ། ཚིག་ཇི་བཞིན་བསྒྱུར་ན“མཉམ་ལས་མི་བྱེད་པ”འམ“མཉམ་འབྲེལ་མི་བྱེད་པ”ཞེས་སུ་འགྱུར། མི་སེར་དཀྱུས་མའི་གོ་སྟོབས་ལ་བསམ་ན་ཁ་གསལ་གོ་སླ་དེ་ཉིད་སྦྱོར་བ་འཚམ་མོད། བསྡུ་སྟབས་མི་བདེ་བ་དང་བརྗོད་བདེ་གཞུང་ལུགས་ཀྱི་སྐད་དུ་ཆགས་དཀའ་བར་སྙམ་ནས་བོད་ཀྱི་བརྡ་སྤྲོད་སྟངས་དབང་བཙན་པར་བྱས་པ་ཡིན།
མི་བསྟུན་པ་ཞེས་པ་ནི་སྲིད་དབང་དང་དབང་ཆ་དང་དབང་གྲགས་གང་རུང་ལ་མི་བསྟུན་པ་སྟེ་གཙོ་ཆེར་དབང་སྒྱུར་པ་དང་སྲིད་གཞུང་ལ་རྒྱབ་གཏོད་བྱེད་པ་དེ་རེད། གན་དྷིའི་གསུང་གི་གོ་དོན་དུ་འདི་ལྟར་ཡོད་དེ། དབྱིན་ཇིའི་དབང་སྒྱུར་པ་དེ་ཚོས་དོན་ལ་ཕུགས་སུ་འདོད་རྔམ་དང་སྲེད་པ་སྦས་ཤིང་མིང་ལ་དཔལ་ཡོན་ཡར་ཐོན་ཞེས་བཏགས་པ་སྟེ། དཔེར་ན་དམིགས་བསལ་འགའ་ཞིག་གི་ཁེ་ཕན་མ་གཏོགས་མི་མང་པོའི་ལས་ཀ་འཆོར་བྱེད་ཀྱི་འཕྲུལ་ཆས་སྣ་ཚོགས་བཟོ་བ་དང་། འཐབ་མོ་སྤེལ་ཏེ་རང་གི་དབང་སྒྱུར་བརྟན་པོ་བཟོ་བྱེད་དང་མང་ཚོགས་རྣམས་མངའ་འོག་ཏུ་འཇུག་བྱེད་ཀྱི་ཁྲིམས་ཁང་དང་ཁྲིམས་རྩོད་པས་ཁེངས་པ། སྨན་རྫས་བརྟག་དཔྱད་ཀྱིས་སེམས་ཅན་ཁྲི་འབུམ་མང་པོ་ལོ་ལྟར་གསོད་པ་དང་དངུལ་ལོར་གསོག་སྒྲུབ་ཀྱི་ཐབས་ལམ་གལ་ཆེན་དུ་གྱུར་པའི་སྨན་ཁང་དང་སྨན་པ་ལ་སོགས་པས་རྒྱ་གར་འདི་རྫི་བཞིན་དབུལ་སྤྲང་གི་གནས་སུ་སྤྲད་འདུག་ཅིང་། ཁོ་ཚོས་ནམ་ཡང་རང་གི་ལུང་པ་བརླག་པར་མི་བྱེད་ཀྱང་མངའ་འོག་ཏུ་བཅུག་པ་རྣམས་ཚོང་གི་ཆེད་དུ་ཉར་བར་བྱས་པ་གཅིག་པ་གཅིག་མཚུངས་ལ། རྒྱ་གར་གྱི་མེས་པོ་དམ་པ་རྣམས་ཀྱིས་སྲོལ་བཏོད་པའི་ཡ་རབས་ཚུལ་མཐུན་དང་འདོད་ཆུང་ཆོག་ཤེས་ཀྱི་སྤྱོད་བཟང་དང་ཀུན་སྤྱོད་དམ་རྒྱ་གར་གྱི་དཔལ་ཡོན་ཡར་ཐོན་གང་ཇི་སྙེད་ཅིག་ཁོ་ཚོས་རྩ་བརླག་གཏོང་བའི་ཉེན་ཆེ་བར་མ་ཟད། རྒྱ་གར་འདི་སྔོན་མ་ནས་རྒྱལ་ཁབ་གཅིག་དང་། བསམ་བློ་གཅིག འཚོ་བ་སྐྱེལ་སྟངས་གཅིག་ཡིན་མོད་ཀྱང་། ད་ཆ་ཁོ་ཚོས་ཁ་ཕྲལ་དབང་སྒྱུར་རམ་ཁག་བགོས་བདག་སྐྱོང་ཡུན་རིང་དུ་བྱེད་པའི་བཟོ་འདུག་ལ། རྒྱ་གར་གྱི་མི་རྣམས་ཀླ་ཀློ་རེད། རྨོངས་པ་རེད། རྗེས་ལུས་རེད་ཅེས་རོགས་རམ་བྱེད་མདོག་ཁ་བོས་བྲན་གཡོག་ལྟར་སྡོམ་འདོད་ཆེ་བའི་ཁར། སུ་ཞིག་གིས་ཁོང་ཚོའི་རྒྱལ་ཁབ་ལ་མིག་ངན་བལྟས་པ་ཡིན་ན་ཁོང་ཚོས་དེ་དག་གི་མིག་འདོན་པར་བྱེད་པས་ན། ད་ནི་ང་ཚོ་དབྱིན་ཡིག་དང་དབྱིན་ཇིའི་ཤེས་ཡོན་སློབ་མཁན་ཚོའམ་རྒྱ་གར་འདི་དབྱིན་ཇིའི་དབང་སྒྱུར་འོག་འཇུག་མཁན་རྣམས་ཀྱིས་རྒྱ་གར་རང་སྲིད་རང་སྐྱོང་གི་ཕྱིར་དུ་དཀའ་ལས་རྒྱག་པའི་དུས་ལ་སླེབས་འདུག་སྟེ། “བེད་སྤྱོད་བྱེད་བཞིན་པའི་དངོས་པོ་དེ་ལ་མི་དགའ་བ་སྐྱེས་པ་ན། འདོར་འདོད་ཀྱི་བློ་ཞིག་ལྷན་སྐྱེས་སུ་སྐྱེ་བ”ནང་བཞིན། ང་ཚོ་ལ་ཐོབ་ཐང་མ་རག་པ་དང་། “གལ་ཏེ་ཁྱེད་ཀྱིས་མ་སྤྲད་པ་ཡིན་ན། ང་ཚོ་ཁྱེད་ཀྱི་སྙན་ཞུ་འབུལ་མཁན་བྱས་ནས་སྡོད་ཀྱི་མ་རེད། ང་ཚོ་སྙན་ཞུ་འབུལ་མཁན་རང་དུ་བསྡད་པ་ཡིན་ན་ཁྱེད་རང་དཔོན་པོ་ཆགས་ནས་གནས་ཀྱི་རེད། ང་ཚོས་ཁྱེད་དང་མཉམ་དུ་འབྲེལ་བ་གང་ཡང་བྱེད་ཀྱི་མིན”ཞིང་། “གལ་ཏེ་ལས་ཀ་གང་ཞིག་ང་ལ་འདོད་པ་མེད་པ་དང་། ལས་ཀ་ངས་བྱ་རྒྱུ་མིན་ན་དེར་བདེན་པའི་ཨུ་ཚུགས་བེད་སྤྱོད་ཀྱི་ཡིན།” ཡང“ང་ཚོའི་འདོད་པ་མེད་པ་དེ་ཚོ་གལ་ཏེ་ཁྱེད་རང་གིས་གནང་བ་ཡིན་ན་ང་ཚོས་ཁྱེད་རང་ལ་རོགས་པ་བྱེད་ཀྱི་མིན། ང་ཚོའི་རོགས་པ་མེད་པར་ཁྱེད་རང་གོམ་པ་གང་ཡང་མདུན་སྐྱོད་བྱེད་ཐུབ་ཀྱི་མ་རེད།” རྒྱུ་མཚན་དེའི་ཕྱིར། ང་ཚོས་བསྟུན་པ་མེད་པའི་ལས་བྱེད་རྒྱུ་ཡིན་ལ། གཞན་དག་ལྟ་ཞོག ཐ་ན་ཁྱེད་ཚོའི་རྒྱུ་འབྲས་དྲང་བདེན་མ་ཡིན་པའི་ཁྲིམས་ཀྱང་བརྩི་སྲུང་བྱ་རྒྱུ་མིན། “གལ་ཏེ་ཁྲིམས་གང་ཞིག་རང་ཉིད་ལ་མ་དྲང་བ་ཤེས་བཞིན་དུ་བརྩི་བཀུར་ཞུ་བ་ནི་སྐྱེས་པ་མིན་རྟགས་ཤིག་ཡིན”ལ། “ཇི་སྲིད་དུ་དྲང་བདེན་མིན་པའི་ཁྲིམས་ལ་སྲུང་བརྩི་བྱ་དགོས་པའི་རྣམ་རྟོག་དེ་མ་དོར་བ་དེ་སྲིད་དུ་ང་ཚོ་བྲན་གཡོག་ལས་ཐར་ཐབས་མེད།” དེ་ཡང“ཁྲིམས་གང་ཞིག་རང་ལ་འདོད་པ་མེད་ཀྱང་དེ་གཞིར་འཛིན་དགོས་ཞེས་པའི་སློབ་སྟོན་དེ་ནི་སྐྱེས་པའི་ནུས་པ་དང་ལྡན་པ་རྣམས་ཀྱི་འགལ་ཟླར་གྱུར། ཆོས་དང་ཡང་འགལ་ཟླར་གྱུར། དེ་བཞིན་བྲན་གཡོག་གི་རྟགས་མཚན་ཡང་ཡིན། གཞུང་གིས་ང་ཚོར་དེའི་མདུན་དུ་སྒྲེན་མོར་གར་འཁྲབ་དགོས་ཞེས་ལབ་ན་ཅི། ང་ཚོས་འཁྲབ་ཀྱི་རེད་དམ། གལ་ཏེ་ང་བདེན་པའི་ཨུ་ཚུགས་པ་ཞིག་ཡིན་ན། ‘ཁྲིམས་འདི་ཁྱེད་རང་གི་ཁྱིམ་དུ་འཇོག་དགོས། ང་ནི་ཁྱེད་ཀྱི་མདུན་དུ་སྒྲེན་མོར་མི་འགྱུར་ལ། དེ་བཞིན་གར་ཡང་འཁྲབ་ཀྱི་མིན’ཞེས་བཤད”དགོས་པ་ལྟ་བུའོ།།
དེ་ཡང་། ཇི་ལྟར་མི་བསྟུན་པའམ་མཉམ་ལས་མི་བྱེད་པའི་ཚུལ་གན་དྷིས་དོན་ཚན19གསུངས་པ་བོད་འགྱུར《རྒྱ་གར་རང་སྲིད་རང་སྐྱོང》དུ་ཡོད་པ་འདིར་དཀྱུས་གཅིག་ཏུ་འགོད་ན།
……སློང་བས་ཅི་ཡང་མི་ཐོབ། དེ་ནི་ང་ཚོ་རང་གིས་ལེན་དགོས་པ་ཡིན། དེ་ཚོ་ལེན་པར་ང་ཚོར་སྟོབས་ཤུགས་དགོས་པ་ཡིན། སྟོབས་ཤུགས་དེ་ནི་གཤམ་གསལ་དུ་འཁོད་པ་རྣམས་ལག་ལེན་བསྟར་མཁན་རྣམས་ལ་ཡོད་པ་ཡིན།
(1)གང་ཞིག་གིས་དབྱིན་ཇིའི་སྐད་ཡིག་དེ་འུ་ཐུག་ནས་བེད་སྤྱོད་བྱེད་པ།
(2)ཁྲིམས་རྩོད་པ་གང་ཞིག་ནས་རང་གི་ཁྲིམས་རྩོད་པའི་ལས་ཀ་མཚམས་འཇོག་བྱས་ནས་རང་ཁྱིམ་དུ་ལག་པས་འཐག་བཏག་སྟེ་གོས་བཟོ་བ།
(3)ཁྲིམས་རྩོད་པ་གང་ཞིག་ནས་རང་གི་ཡོན་ཏན་དེ་གཞན་ལ་སློབ་སྟོན་དང་གཞན་གྱི་མིག་ཕྱེ་བ་ལ་བྱེད་པ།
(4)ཁྲིམས་རྩོད་པ་གང་ཞིག་ནས་ཚོགས་པ་ནང་ཁུལ་གྱི་འཁྲུག་རྩོད་དབུས་སུ་མ་ཞུགས་པ་དང་། དེ་ལས་ལྡོག་སྟེ་ཁྲིམས་ཁང་དུ་མི་འགྲོ་བ་དང་། དེ་བཞིན་རང་གི་ཉམས་མྱོང་ཐོག་ནས་གཞན་རྣམས་ཁྲིམས་ཁང་དུ་མི་འགྲོ་ཆེད་སློབ་སྟོན་བྱེད་པ།
(5)ཁྲིམས་རྩོད་པ་གང་ཞིག་ནས་ཁྲིམས་རྩོད་ཀྱི་ལས་ཀ་དོར་བ་བཞིན་དུ་ཁྲིམས་དཔོན་གྱི་ལས་ཀ་ཡང་མི་བྱེད་པ།
(6)སྨན་པ་གང་ཞིག་ནས་རང་གི་འཚོ་རྟེན་གྱི་ལས་དེ་སྤངས་པ་དང་། གཞན་ལ་ལུས་ཀྱི་སྨན་བཅོས་ལས་ལྷག་པ་སེམས་ཀྱི་སྨན་བཅོས་བྱ་རྒྱུ་ཤེས་ཏེ་དེའི་སྐོར་ཉམས་ཞིབ་བྱས་ནས་དེ་དག་འཕྲོད་བསྟེན་ཡག་པོ་ཡོང་བར་བྱེད་པ།
(7)སྨན་པ་གང་ཞིག་ནས་རང་ཉིད་ཆོས་ལུགས་གང་ཡིན་ལ་མ་ལྟོས་པར་དབྱིན་ཇིའི་སྨན་རྫས་སྦྱོར་སྡེབ་ཁང་དུ་སྙིང་རྗེ་ཡ་ང་མེད་པར་སྲོག་ཆགས་ལ་དཀའ་ངལ་སྤྲད་པ་བརྒྱུད་བཟོས་པའི་སྨན་ལས་ལུས་པོ་ཐང་པོ་བཟོ་རྒྱུའི་ཚབ་ཏུ་ལུས་པོ་ནད་པ་རང་གནས་པར་བྱེད་པར་སེམས་པ།
(8)སྨན་པ་གང་ཞིག་ནས་རང་ཉིད་ལག་པས་འཐག་བཏག་པ་དང་། ནད་པ་གང་ཞིག་ལ་ནད་དེའི་རྒྱུ་ངོ་མ་བཤད་ནས་དེ་ཐག་རིང་དུ་གཏོང་རྒྱུར་སློབ་སྟོན་བྱེད་པ། ཕན་ཐོགས་མེད་པའི་སྨན་སྤྲད་དེ་ངན་པ་ལང་ཤོར་ཆགས་བཅུག་པར་མི་བྱེད་པ། ཕན་ཐོགས་མེད་པའི་སྨན་དེ་ཚོ་མ་བཟས་པར་གལ་ཏེ་ནད་པ་འཆི་བའི་དབང་དུ་བཏང་ན་ཡང་འཛམ་གླིང་འདི་མགོན་མེད་དུ་མི་འགྱུར་བར་སེམས་པ། སྨན་པ་རང་ཉིད་ནས་ནད་པར་ཤིན་ཏུ་བརྩེ་བའི་སྒོ་ནས་བྱས་ཡོད་སེམས་པར་བྱེད་པ།
(9)ཕྱུག་པོ་གང་ཞིག་རང་གི་ནོར་ལ་མི་ལྟོས་པར་དབང་ཚད་ལྡན་པ་ཇི་ཙམ་ཆེ་ཡང་འཇིགས་སྣང་མེད་པའི་ཐོག་ནས་རང་གི་སེམས་ནང་ཡོད་པ་དེ་བཤད་པར་བྱེད་པ།
(10)ཕྱུག་པོ་གང་ཞིག་རང་གི་རྒྱུ་ནོར་རྣམས་ལག་ཤེས་ཀྱི་འཐག་བེད་སྤྱོད་བྱ་རྒྱུར་འགྲོ་གྲོན་གཏོང་བ་དང་། རང་ཉིད་ནས་རང་ཡུལ་གྱི་དངོས་པོ་བེད་སྤྱོད་བྱེད་དེ་གཞན་ལ་ཡང་དེ་ལྟར་བྱེད་དགོས་པའི་སྐུལ་མ་གཏོང་བར་བྱེད་པ།
(11)རྒྱ་གར་བ་སྤྱི་ཡོངས་བཞིན་དུ་ད་ལྟ་འགྱོད་པ་དང་། བཤགས་པ། དེ་བཞིན་མྱ་ངན་གྱི་དུས་ཚོད་ཡིན་པར་ངོ་ཤེས་པར་བྱེད་པ།
(12)མི་གང་ཞིག་རྒྱ་གར་བ་གཞན་རྣམས་བཞིན་དུ་དབྱིན་ཇིར་སྐྱོན་འདོན་བྱ་རྒྱུ་དེ་དོན་མེད་ཡིན་པར་ཤེས་པ་དང་། ང་རང་ཚོའི་ནོར་འཁྲུལ་ལ་བརྟེན་ནས་དབྱིན་ཇི་རྣམས་རྒྱ་གར་དུ་ཡོང་བ་རེད། ང་ཚོའི་ནོར་འཁྲུལ་ལ་བརྟེན་ནས་ཁོང་ཚོ་འདིར་སྡོད་ཀྱི་ཡོད། ནམ་ཞིག་ང་རང་ཚོའི་ནོར་འཁྲུལ་རྣམས་མེད་པར་ཆགས་པ་ན། ཁོང་ཚོ་རྒྱ་གར་ནས་འགྲོ་རྒྱུ་ཡིན་པའམ་འགྱུར་འགྲོ་རྒྱུ་ཡིན་པ་ཤེས་པར་བྱེད་པ།
(13)རྒྱ་གར་བ་གཞན་བཞིན་དུ་མྱ་ངན་གྱི་དུས་ཚོད་སྐབས་བག་མེད་བྱེད་མི་རུང་བ་དང་། ཇི་སྲིད་ང་ཚོ་བདེ་བ་མ་ཐོབ་པ་དེ་སྲིད་དུ་ང་ཚོ་བཙོན་ཁང་ནང་ངམ་ཡང་ན་རྒྱལ་ཁབ་ནས་སྤྱུགས་པ་དེ་འགྲིགས་པར་སེམས་པར་བྱེད་པ།
(14)མི་མང་ལ་སློབ་སྟོན་བྱེད་ཁུལ་གྱིས་རང་ཉིད་བཙོན་ཁང་དུ་མི་འགྲོ་བར་སྐྱོབ་པར་བྱེད་པ་དེ་རྨོངས་པ་ཁོ་ན་ཡིན་པ་རྒྱ་གར་བ་གཞན་བཞིན་དུ་སེམས་པ།
(15)རྒྱ་གར་བ་གཞན་བཞིན་དུ་སྐད་ཆ་བཤད་པ་ལས་ལག་ལེན་བསྟར་བ་དེ་ནུས་པ་ཆེ་བ་ཡོད་པར་ཤེས་པ་དང་། རང་གི་སེམས་སུ་གང་ཡོད་པ་དེ་ཉིད་འཇིགས་སྣང་མེད་པའི་ཐོག་ནས་བཤད་པ་དང་། དེའི་མཐའ་འབྲས་ཇི་ལྟར་བྱུང་ཡང་བཟོད་པ། དེ་འདྲའི་ཐོག་ནས་ང་ཚོས་རང་གིས་བཤད་པའི་ཤུགས་རྐྱེན་དེ་གཞན་གྱི་སྟེང་དུ་འཇོག་ཐུབ་པར་སེམས་པ།
(16)རྒྱ་གར་བ་གཞན་བཞིན་དུ་ང་ཚོས་སྡུག་བསྔལ་བཟོད་པར་བྱེད་པའི་ཐོག་ནས་རང་ཉིད་གྲོལ་ཐུབ་པར་ཤེས་པ།
(17)རྒྱ་གར་བ་གཞན་བཞིན་དུ་དབྱིན་ཇིའི་དཔལ་ཡོན་ཡར་ཐོན་ལ་བསྐུལ་མ་གཏོང་བའི་ཉེས་པར་རང་ཉིད་མ་འཆི་བར་དུ་ཨན་དཱ་མཱན(Andamans)དུ་མི་ཚེ་སྐྱེལ་དགོས་བྱུང་ཡང་ཉེས་པ་དེ་ཆེན་པོ་མ་ཡིན་པར་སེམས་པ།
(18)རྒྱ་གར་བ་གཞན་བཞིན་དུ་རྒྱལ་ཁབ་སུ་གང་ཡང་སྡུག་བསྔལ་བཟོད་བསྲན་མ་བྱས་པར་ཡར་རྒྱས་ཕྱིན་མེད་པར་ཤེས་པ་དང་། གཡུལ་ས་ལ་ཡང་སྡུག་བསྔལ་དེ་ནི་ཚོད་བལྟ་བྱེད་རྒྱུ་དེ་ཡིན་པ་ལས་གཞན་གསོད་པར་བྱེད་པ་དེ་མིན། བདེན་པའི་ཨུ་ཚུགས་ལ་མཚོན་ན་ཡང་དེ་ལྟར་ཡིན་པ་རེད།
(19)རྒྱ་གར་བ་གཞན་བཞིན་དུ“ནམ་ཞིག་ཁོང་ཚོས་བྱེད་པ་ན་ང་ཚོས་ཀྱང་བྱེད་ཀྱི་ཡིན།”ཞེས་པ་དེ་ནི་ལས་ཀ་བྱེད་འདོད་མེད་པའི་གཡོ་ཟོལ་ཞིག་ཡིན་པར་ཤེས་པ་དང་། ང་ཚོར་འགྲིགས་པར་ཚོར་གྱི་ཡོད། དེར་བརྟེན་བྱེད་དགོས་པ་ཡིན། ནམ་ཞིག་གཞན་ལ་འགྲིགས་པར་ཚོར་བ་ན་གཞན་གྱིས་བྱེད་ཀྱི་རེད་ཟེར་བ་འདི་ནི་བདེན་པའི་ལམ་ཞིག་ཡིན་པ་རེད། གལ་ཏེ་ངས་ཟས་བཅུད་ཆེན་ཞིག་མཐོང་ན་བསྒུགས་ནས་སྡོད་ཀྱི་མེད། གོང་དུ་བཤད་པ་གཞིར་བཟུང་འབད་རྩོལ་དང་སྡུག་བསྔལ་ལ་བཟོད་བསྲན་བྱེད་པ་གཉིས་ཟས་བཅུད་ཆེན་པོ་དེ་རེད། ཉོབ་སྟེ་འུ་ཐུག་ནས་བྱེད་པའམ་སྡུག་བསྔལ་བཟོད་པ་དེ་བཙན་དབང་གིས་བསྐུལ་བའི་ངལ་རྩོལ་ཞིག་ཡིན་པར་སེམས་པ་བཅས། ཞེས་པ་དག་ལས་གན་དྷིའི་མི་བསྟུན་པའི་ཐབས་ཤེས་ག་འདྲ་ཡིན་པ་ཤེས་རྟོགས་ཐུབ་པའོ།།  དེ་ལྟར། གན་དྷིས་རྙེད་པའི་ཐབས་མཆོག་སྟེ། རྗེས་གྲུབ་ཀྱི་མིང་ལ་མི་བསྟུན་པའམ་ཞི་བའི་ངོ་རྒོལ་དུ་བཏགས་པའི་བདེན་པའི་ཨུ་ཚུགས་ཀྱི་ཡན་ལག་དེར་མང་ཚོགས་ཁྲི་འབུམ་མང་པོ་གཅིག་རྗེས་གཉིས་མཐུད་དུ་ཞུགས་ཤིང་། གན་དྷིས“……གལ་ཏེ་དབྱིན་ཇིས་ཚྭ་ཁྲལ་མེད་པར་བཟོས་པ་དང་། དངུལ་བླངས་པ་རྣམས་མར་སློག་པ་དང་། རྒྱ་གར་པ་ཚོར་གོ་གནས་མཐོན་པོ་སྤྲད་པ། དབྱིན་ཇིའི་དམག་མི་ཕྱིར་འཐེན་བྱས་པ་ཇི་ལྟར་ཡང་། ང་ཚོས་ཁོང་ཚོའི་འཕྲུལ་ཆས་ཀྱིས་བཟོས་པའི་ཅ་ལག་རྣམས་བེད་སྤྱོད་བྱེད་ཀྱི་མིན་ལ། དབྱིན་ཇིའི་སྐད་ཡིག་ཀྱང་བེད་སྤྱོད་བྱེད་ཀྱི་མིན། དེ་བཞིན་བཟོ་གྲྭ་དེ་ཚོ་ཡང་བེད་སྤྱོད་བྱེད་ཀྱི་མིན……”ཞེས་ཏེ། མི་སེར་སྤེལ་མཁན་སྲིད་གཞུང་གིས་ཕུལ་པའི་གོ་ཐོབ་དང་གཟེངས་རྟགས་རྣམས་ཕྱིར་སྤྲད་ཅིང་། “རང་གི་ཉེས་སྤྱོད་ལ་སྲུང་སྐྱོབ་ཀྱི་སླད་དུ་ཚུལ་མིན་རྒྱུན་འཁྱོངས་བྱེད་པའི་སྲིད་གཞུང་དེ་ལ་ཁོ་བོས་གུས་བཀུར་དང་། བརྩེ་ཞེན་གང་ཡང་བྱེད་པ་མིན”ཞེས་ཕྱག་བྲིས་ཀྱང་གནང་བ་ན། རང་དབང་ལ་དགའ་བའི་རྒྱ་གར་པ་ཀུན་གྱིས་ཀྱང་དབྱིན་ཇིས་ཕུལ་པའི་གོ་ཐོབ་དང་གཟེངས་རྟགས་རྣམས་བློས་བཏང་ཞིང་། དབྱིན་ཇིའི་སློབ་གྲྭ་དང་ཁྲིམས་ཁང་སྤངས། དབྱིན་ཇིའི་དངོས་རྫས་ཉོ་བ་བཀག ཁྲོམ་སྐོར་དང་འདུ་འཛོམས་རྒྱ་ཆེར་བྱས།ལས་མཚམས་དང་ཚོང་མཚམས་དང་སློབ་མཚམས་བཞག རྒྱུ་འབྲས་མ་ཡིན་པའི་ཁྲལ་མ་ཁུར། ཁྲིམས་མ་བརྩིས། ཐ་ན་སོ་སོའི་འཚོ་རྟེན་སྒྲུབ་པའི་ལས་བསྐྱུར་ཏེ་སྲིད་གཞུང་དང་མ་བསྟུན་པ་ལས། དབྱིན་ཇིའི་མི་སེར་སྤེལ་མཁན་གྱི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་བཟོས་པ་དཔེར་ན། 1922ལོའི་མི་བསྟུན་པའི་ལས་འགུལ་ཐེངས་དང་པོའི་ནང་། གན་དྷིས་རང་ཡུལ་གྱི་ལག་ཤེས་ཐོན་སྐྱེད་གོང་དུ་སྤེལ་ཕྱིར་དབྱིན་ཇིའི་རས་གོས་མི་ཉོ་བའི་དམ་བཅའ་མཛད་དེ། ལག་འཁོར་ལ་འཁལ་འཐག་བྱ་བའི་ལས་འགུལ་སྤེལ་པ་ན། དབྱིན་ཇིའི་ནང་འདྲེན་འཁལ་འཐག་དངོས་རྫས28%མར་ཆག་སོང་ལ། རྒྱ་གར་རང་སའི་འཁལ་འཐག་དངོས་རྫས27%ཡར་འཕར་སོང་ཞེས་པ་ལྟ་བུའོ།།
འདི་ལྟར་ཁོ་བོས་གསལ་ཁ་བཏོད་པའི་བདེན་པའི་ཨུ་ཚུགས་ཀྱི་སྤྱོད་པའི་སྙིང་པོ་སྟེ། འཚེ་མེད་ཞི་བ་དང་མི་བསྟུན་པ་དེ་དག་ནི། ཇི་ལྟར་ལུས་སྟོབས་ཀྱི་བཟང་ངན་ལ་མ་ལྟོས་པའི་སྐྱེས་པ་དང་བུད་མེད་ཀུན་གྱིས་སྒྲུབ་ནུས་ལ། ཐ་ན་ལོ་བཅུ་བཞི་ཅན་གྱི་བྱིས་པ་དང་ནད་པ་ཡིན་ཀྱང་ལས་སླ་བོ་ཡིན་པ་དང་། ལས་དེ་ཆེ་ན་རྒྱལ་ཁམས་ཡོངས་ཀྱི་མི་བུ་འབུམ་ཕྲག་མང་པོ་ཚོགས་ཏེ་སྒྲུབ་ཆོག་ལ་ཆུང་ན་མི་བུ་གཅིག་ཁེར་རྐྱང་ངམ་ཁྱིམ་ཚང་ནས་ཀྱང་སྒྲུབ་ཐུབ་པ་དེ་འདྲ་ཡིན་པ་གན་དྷིས་གསུངས་པའི་ལོ་རྒྱུས་ཡོད་པ་མང་དྲགས་པར་དོགས་པས་མ་བཀོད་པ་དེ་བཞིན། ལས་དེ་ནི་སྐད་ཅིག་ཐེངས་གཅིག་མ་ཡིན་པར་མི་ལོ་སུམ་ཅུ་ཡས་མས་སམ་དེ་ལས་རིང་བའི་དུས་ཚོད་དུ་ཡང་དང་བསྐྱར་དུ་རབ་དང་རིམ་པར་བྱས་བྱས་པ་དང་། སྤེལ་སྤེལ་པ་དང་། བསླངས་བསླངས་པ་ཞིག་སྟེ། དེ་ལྟ་དེ་ལྟའི་མཐའ་མ་ལ་དབྱིན་ཇིའི་མི་སེར་སྤེལ་མཁན་རྣམས་ཕྱིར་རང་ཡུལ་དུ་བསྐྲད་ཅིང་རྒྱ་གར་ལ་རང་དབང་རང་བཙན་ཐོབ་པའོ།། 
4. གན་དྷིའི་མི་ཚེའི་རིན་ཐང་།
ཁོ་བོའི་གོ་ཚུལ་ལྟར། གན་དྷིའི་མི་ཚེའི་རིན་ཐང་དེ་ཕྱོགས་གཉིས་ནས་བཤད་རྒྱུ་ཡིན། གཅིག་ཏུ་གན་དྷི་ནི་ཆོས་དོན་ཉམས་སུ་བཞེས་པའི་སྲིད་དོན་པ་ཡིན་པའི་ངོས་ནས་དང་། གཉིས་སུ་གན་དྷི་ནི་ཐོབ་ཐང་ཞི་བས་རྩོད་པའི་དེད་དཔོན་ཡིན་པའི་ངོས་ནས་སོ།།
(1)ཆོས་དོན་ཉམས་སུ་བཞེས་པའི་སྲིད་དོན་པ་ཡིན་པ།
གན་དྷི་ཁོང་ཆོས་ལུགས་ཀྱི་བློ་སྦྱོང་ཟབ་མོ་ཡོད་སྐད་མཐོང་ཐོས་མ་བྱུང་ཡང་། ཆོས་དོན་ཉམས་བཞེས་མཁན་དགེ་སྦྱོང་ལྟ་བུ་ཞིག་ནི་ཡིན་ཚོད་སྣང་། ཆོས་དོན་གང་ཞིག་སྲིད་དོན་དང་སྦྲེལ་མཁས་དང་ཆོས་དོན་གང་ཞིག་སྲིད་དོན་དང་ཆུ་ལ་ཆུ་བཞག་ལྟར་མཛད་པ་ནི་ཁོང་གི་དགེ་མཚན་དང་མཛད་རྗེས་དང་རིན་ཐང་རེད་སྙམ། ལྷ་མི་ངོ་བོ་དབྱེར་མེད་ཀྱི་ལྟ་བས་ཕྱུག་ཅིང་འཚེ་མེད་བསྟུན་མེད་ཀྱི་སྤྱོད་པས་མཛེས་པའི་གསར་རྟོགས་བདེན་པའི་ཨུ་ཚུགས་དེ་ཁ་ལ་བཤད་པ་ཙམ་དང་སེམས་ལ་སྒོམ་པ་ཙམ་མ་ཡིན་པར། མི་ཚེའི་ངོས་ནས་དང་། སྤྱི་ཚོགས་ཀྱི་ངོས་ནས་དང་། ཁྱད་པར་དུ་ཆབ་སྲིད་ཀྱི་ངོས་ནས་འཇིག་རྟེན་ཐམས་ཅད་ལ་མིག་ལྟོས་དཔེ་སྟོན་བཞག་སོང་བ་ནི་ཁྱད་མཚར་པོ་སྟེ། བོད་མིའི་སེམས་ཁམས་ལྟར་ན། ཇི་ལྟར་སངས་རྒྱས་བྱང་སེམས་མ་ཡིན་ཀྱང་སངས་རྒྱས་བྱང་སེམས་ཀྱི་མཛད་པ་གང་ཞིག་ཆབ་སྲིད་ཐོབ་ཐང་རྩོད་པའི་ངོས་ནས་བསྟན་སོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་དོན་གང་ཞིག་སྤྱི་ཚོགས་འཚོ་བའི་ངོས་ནས་རྫོགས་སོང་བ་ནི་སོ་སྐྱེས་ཕལ་བའི་བློ་ངོར་ཅི་ལྟར་ཤོང་། དེ་དུས་རྒྱ་གར་དུ་ཆོས་ལུགས་གྲུབ་མཐའ་རྟ་མོག་མོག་གི་སྤུ་བཞིན་འདུག་ཀྱང་། གན་དྷི་ཁོང(བོད་སྐད་དུ)བླ་མ་མ་ཡིན། སྤྲུལ་སྐུ་མ་ཡིན། དགེ་བའི་བཤེས་ཀྱང་མ་ཡིན་མོད། མི་སེམས་དགེ་བའི་རང་བཞིན་ལ་ཀུན་གྱིས་གོ་བདེ་བའི་བདེན་པ་རུ་བཏགས་ཏེ། ཆོས་དོན་སྲིད་དོན་ལ་སྦྱར། སྲིད་དོན་ཆོས་དོན་ལ་སྦྱར། སྦྱར་ཏེ་འབྱོར་བ་གང་དེའི་ཕྱིར་དུ་ཨུ་ཚུགས་མཐར་སྐྱེལ་མཛད་པ་ལ་སྐྱེས་བུ་ཁྲི་འབུམ་མང་པོ་རྗེས་སུ་འབྲངས་ཏེ་སྲིད་དོན་རླབས་ཆེན་གྲུབ་པ་དེར་བོད་མི་རྣམས་ཡིད་ཆེས་དཀའ་བའི་ཚོད་རེད། འོན་ཀྱང་། བྱུང་བ་ནི་བྱུང་བ་རང་ཡིན་ཏེ། སྔ་མོ་ནས་འགྲོ་མིའི་དཔལ་ཡོན་གྱི་མགོ་ཁུངས་ཡིན་མྱོང་བའི་རྒྱ་གར་གྱི་ཞིང་ས་ལས་གན་དྷིའི་འཚེ་མེད་ཞི་བའི་ཆབ་སྲིད་འཐབ་རྩོད་བྱེད་སྟངས་ཀྱི་མྱུག་འབྲས་དེ་འདྲ་བྱུང་བ་ལ་རྒྱུ་རྐྱེན་མེད་པ་ག་ལ་ཡིན། རྒྱུ་དང་འབྲས་བུའི་ཚུལ་དུ་ལྟའོ།།
ཚད་གཅིག་ནས་བཤད་ན། གན་དྷིའི་བདེན་པའི་ཨུ་ཚུགས་ནི་ཆབ་སྲིད་འཐབ་རྩོད་ཀྱི་ཐབས་ཤིག་ཏུ་མཐོང་མོད། ཁོང་གིས་དེ་ལྟར་མི་ལྟ་སྟེ་གང་དེ་ཉམས་བཞེས་དང་ལག་ལེན་དང་སྒྲུབ་པ་ཉམས་ལེན་ཞིག་ཏུ་གཟིགས་ཀྱི་འདུག བདེན་པའི་ཨུ་ཚུགས་སུ་སཾསྐྲྀ་ཏ་སྟེ་ལེགས་སྦྱར་གྱི་བརྡ་ལས་དྲངས་པའི་ས་ཏ་སྟེ་དགེ་བ་དང་ལེགས་པ་དང་བཀྲ་ཤིས་པའི་དོན་འགྱུར་བས་བདེན་པ་ཞེས་པའི་གོ་དོན་འདུས་པར་མ་ཟད། ཨ་ཧིམ་སཱ་སྟེ་འཚེ་བ་མེད་པའི་དོན་ཡང་འདུས། བོད་ཀྱི་བཤད་སྟངས་ལྟར་ན། སྡིག་པ་ཅི་ཡང་མི་བྱ་བ་དང་དགེ་བ་ཕུན་སུམ་ཚོགས་པར་སྤྱད་པའི་ཆོས་དོན་དེ་གན་དྷིས་འགྲོ་མིའི་རང་དབང་དང་ཐོབ་ཐང་རྩོད་པའི་ཆབ་སྲིད་འཐབ་རྩོད་ཀྱི་སྒང་ལ་སྒྲུབ་པ་ཉམས་ལེན་བྱས་སོང་བ་དང་། ཡང་བོད་ཀྱི་བཤད་སྟངས་ལྟར་སེམས་ཅན་ཐམས་ཅད་མ་རུ་སྒོམ་དགོས་པ་དེ་འདྲའི་བློ་ཡུལ་དུ་མི་ཤོང་བ་མ་གསུངས་ཀྱང་། འགྲོ་བ་མི་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་མ་ལྟོས་པར་འཚོ་བ་དཀའ་ཞིང་། གཅིག་ལ་གཅིག་ལྟོས་པའི་མི་ཚེའི་ནང་ལ་ཕན་ཚུན་མཛའ་འབྲེལ་གྱིས་གནས་པ་བདེན་པར་སོང་ཕྱིར་ཁོང་ཉིད་ཆབ་སྲིད་ཀྱི་ལས་ལ་ཞུགས་པའི་རྒྱུ་མཚན་ཡོད་པ་དེ་བཞིན། མི་རྣམས་ནི་ཕུ་ནུ་དང་གཉེན་ཉེ་ནང་ལྟར་རང་དབང་དང་འདྲ་མཉམ་དང་དགའ་བས་འཚོ་བ་ཆོས་ཉིད་ལགས་ན། ཕན་ཚུན་གནོད་པ་དང་འཚེ་བར་བྱེད་པ་འོས་མ་ཡིན་པར་དགོངས་པ་གང་ཞིག་སྤྱོད་ལམ་ནས་བསྟན་པ་དཔེར་ན། བདེན་པའི་ཨུ་ཚུགས་སྤྱོད་སྐབས། མི་རྣམས་དྲག་པོའི་ལས་ལ་འཇུག་པ་མཐོང་ཐེངས་རེར། ཁོང་གིས“དཔའ་བོའི་མཚོན་ཆ”རུ་བསམ་པའི་སྨྱུང་གནས་སམ་ཟས་བཅད་ཀྱི་མཛད་པས་སེམས་ཅན་གྱི་དྲག་པོའི་ལས་སྒོ་བཀག་ཅིང་། སྐུ་ཚེ་གང་བོར་དེ་ལྟ་བུའི་ཟས་བཅད་ཀྱི་མཛད་པ་ཐེངས16ལ་བསྟན་པ་དང་། དབྱིན་ཇིའི་དབང་སྒྱུར་པ་དང་ཐོབ་ཐང་རྩོད་སྒང་དུ། འཚེ་མེད་བདེན་པའི་ཕྱིར་དུ་བཙོན་ཁང་དུ་འགྲོ་བ་ནི་དགའ་བའི་མཆོག་ཏུ་གྱུར་ཞེས་སྐུ་ཚེ་གང་ལ་ཐེངས18དུ་བཙོན་ལ་བཞུགས་པ་དང་། ཐེངས5ལ་ལྐོག་གསོད་ཀྱི་ཉེན་ཁ་བྱུང་ནའང་། ནད་སོགས་ཀྱིས་མ་ཡིན་པར་གྲོགས་བུ་སྤུན་ཞིག་གི་ལག་ཏུ་འཆི་དགོས་ན་ནི་བདག་ལ་ཁོང་ཁྲོ་འབྱུང་བ་ལྟ་ཞོག བདག་གི་གཞན་དོན་གྱི་བསམ་པ་དེ་ནས་རྫོགས་པ་ཡིན་ཞེས་ཆོས་ཀྱི་ཉམས་ལེན་སྐུ་ཚེ་གཅིག་ལ་མཛད་པས་ན། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཧི་ཐི་ལིར་གྱིས་གཙོས་པའི་འཇར་མན་ན་ཙི་པས་ཕོ་ལན་དང་ཅེ་ཁེ་རྒྱལ་ཁབ་སོགས་བཅོམ་ཏེ་ཨ་ཧུ་དཱ་པ་རྣམས་དམར་གསོད་བཏང་དུས་སུ། ཁོང་གིས་དེ་དག་ལ་འཚེ་མེད་བསྟུན་མེད་ཀྱིས་ངོ་རྒོལ་བྱས་འཐུས་ཀྱི་བརྡ་བསྟན་ཅིང་། ཇི་ལྟར་ཆུར་ཆིལ་གྱིས་དབྱིན་ཇི་པ་རྣམས་དང་དབྱིན་ཇིའི་དབང་ཁོངས་རྒྱལ་ཁབ་ཀུན་གྱིས་འཇར་མན་ན་ཙི་པ་ལ་དམག་རྒྱག་རྒྱུའི་འབོད་སྐུལ་བཏང་དུས། ཁོང་གིས་དམག་རྒྱག་པ་ནི་བདེན་པ་ལས་ལོག་པ་སྟེ། ཧི་ཐི་ལིར་དང་མུ་སོ་ལི་ཉི(མུ་སོ་ལི་ཉི།(B•Mussolini,墨索里尼,1883-1945)དབྱི་ཐ་ལིའི་རྒྱལ་པོའི་རྒྱལ་ཁབ་ཀྱི་སྲིད་བློན་ཁྲི་ཐོག་ཨང40པ། སྒེར་གཅོད་པ། ཧྥ་ཤི་སི་རིང་ལུགས་གསར་གཏོད་པ།)སོགས་ཧམ་པ་ཅན་དག་གིས་དབང་འདུལ་བྱེད་སྙིང་འདོད་ན་ནི་བཙན་བཟུང་བྱེད་ཆུགས་དང་། འོན་ཀྱང་ཁྱོད་ཚོའི་བདེན་པའི་ཨུ་ཚུགས་ནི་མ་ཉམས་པ་དགོས་ཞེས་གསུངས་པ་ལྟ་བུ་དང་། ཡང་མུ་སོ་ལི་ཉིས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཨེ་ཙེ་ཨོ་ཕི་ཡ་ལ་བཙན་འཛུལ་བྱས་སྐབས་ཁོང་གིས། གཞན་གྱི་གསོད་གཏུབ་ལ་བཟོད་པ་སྒོམ་པའི་ཕན་འབྲས་ནི་འཁྲུག་འཛིང་བྱས་པའི་འབྲས་བུ་ལས་ཆེ་བ་ཡོད་པའི་དོན་བསྟན་ཅིང་། རྒྱལ་ཁབ་དེའི་སྲིད་གཞུང་གིས་བཙན་འཛུལ་པ་ལ་མགོ་སྒུར་པ་ཐོས་པ་ན། ཟློག་ཏུ་མེད་པའི་མཇུག་འབྲས་དང་དུ་ལེན་རིགས་པ་ཡིན། གླེན་རྟགས་ཚ་བོའི་དམར་གསོད་ཐེངས་ཤིག་གི་ལས་རོགས་སུ་མ་སོང་བ་དེ་བསྔགས་པར་འོས་སོགས་གསུངས་ཤིང་དགེ་བ་ལ་རྟག་ཏུ་གཞོལ་བའི་བརྟུལ་ཞུགས་འཆང་ཞིང་བདེན་པའི་ཨུ་ཚུགས་ལ་གནས་སོ།།
དེ་ཡང་ཁོང་གིས། གདུག་རྩུབ་ཅན་གྱི་དབང་སྒྱུར་པ་ཐེ་བའི་མི་རྣམས་ལ་བདེན་པ་དང་དགའ་བའི་བག་ཆགས་མ་སད་པ་མ་གཏོགས། ནམ་ཞིག་བག་ཆགས་དེ་ངེས་པར་སད་ངེས་སུ་འདོད་ཅིང་། ཁོང་གིས། བདག་རེ་བ་ཟད་དུས་སུའང་འདི་ལྟར་དྲན་ཏེ། ལོ་རྒྱུས་ག་དུས་ཡིན་ཀྱང་བདེན་པ་དང་དགའ་བ་ཉག་གཅིག་རྒྱལ་བ་ཡིན། ལོ་རྒྱུས་སུ་བཀོད་པའི་རྗེ་ངན་དྲག་ཤུལ་ཅན་དང་ལག་དམར་པ་རྣམས་རེ་ཞིག་འགྲན་གྱི་དོ་མེད་པ་ལྟར་སྣང་ནའང་། མཐའ་མའི་ཚེ་ན་ཕམ་པར་འགྱུར་བ་ཆོས་ཉིད་ཡིན་པ་དེ་རྟག་ཏུ་དྲན་གྱི་ཡོད་ཅེས་དང་། འཛམ་གླིང་འདིའི་རྒྱལ་ཁབ་ཡོད་དོ་ཅོག་གི་འཐབ་རྩོད་བྱེད་སྟངས་ནི་དམུ་རྒོད་ཀྱི་ལས་ཏེ། རང་གིས་དགྲ་བོར་རློམ་པ་ལ་འཁོན་ལན་སློག་པ་ལས་མ་འདས། འཛམ་གླིང་ཀུན་འཁོན་འཛིན་ཞེ་ནད་ལ་ཞེན་པ་ལོག་སྟེ་ཐར་ལམ་འཚོལ་གྱི་འདུག་ན། གནའ་བོའི་རྒྱལ་ཁབ་སྟེ་རྒྱ་གར་གྱི་བདེན་པའི་ཨུ་ཚུགས་སམ་ཟུངས་ཁྲག་མི་གཏོར་བའི་གསར་བརྗེ་འདིས་འཛམ་གླིང་ལ་ཐར་ལམ་བསྟན་པ་ཡིན་ཞེས་བདག་གིས་ཁ་ཚོན་བཅད་དེ་སྨྲ། བདག་ལ་མཚོན་ན་དུས་ཡུན་རིང་པོར་སྒུག་དགོས་ནའང་། ཁྲག་གི་རྒྱ་མཚོ་བསྐྱིལ་ཏེ་ལོན་པའི་རང་དབང་ནི་བདག་གི་རྒྱལ་ཁབ་ལ་དགོས་པ་མེད་དོ་ཞེས་འཐབ་རྩོད་སྒང་ལ་ནམ་ཡང་འཚེ་མེད་ཞི་བ་ཉམས་སུ་བཞེས་པ་སྟེ། དངོས་གནས“ཆོས་སྲིད་ཟུང་འབྲེལ”ལམ“སྲིད་ཆོས་ཟུང་འབྲེལ”གྱི་ལམ་བསྟན་ཅིང་སྒྲུབ་པ་ཉམས་ལེན་ལ་གཞོལ་བའོ།།
དེ་ལྟ་མོད་ཀྱི། གན་དྷིའི་ཆབ་སྲིད་ཀྱི་རིག་པའམ་བསམ་བློ་མ་རྟོགས་པ་དང་། དབང་ཆ་འཕྲོག་ལེན་དང་ཚོད་འཛིན་བྱེད་པ་ནི་ཆབ་སྲིད་ཀྱི་སྲོག་སྙིང་བརྗོད་གཞི་ཡིན་པར་སྙམ་པ་དང་། སྟབས་བསྟུན་དོན་བྱེད་ཀྱི་དངོས་ཕན་རིང་ལུགས་ནི་ཆབ་སྲིད་ཀྱི་ཆེས་མཐོའི་རྩ་དོན་ཡིན་པར་རློམ་པ་སྟེ། གཡོ་སྒྱུ་དང་གསང་སྒྲུབ། ཕར་འབྲིད་ཚུར་སླུ་ཤས་ཆེ་བའི་ཆབ་སྲིད་པ་དག་གིས“དང་པོ་ཁྲིམས་རྩོད་པ་ཡིན་ཞིང་ད་ལྟ་ངན་པའི་རྒྱབ་རྩར་གྱུར་པ་དགེ་སྦྱོང་གཅེར་བུ་པ་ཞིག་དབྱིན་ཇི་བཙན་རྒྱལ་གོང་མ་ཆེན་མོའི་སྐུ་ཚབ་དང་ལྷན་དུ་ཞི་མཐུན་གྱི་གྲོས་མོལ་བྱེད་པ་ནི་ང་ཚོར་དམའ་ཕབ་པ་ཁོ་ན་རེད”(ཆུར་ཆིལ་གྱི་སྐད་ཆ་དོན་བསྒྱུར།)ཅེས་དང་། “……བལྟས་ཚོད་དུ་ཅི་འདྲའི་ཐ་མལ་སྐྱོན་གྱིས་མ་གོས་པ་ལྟ་བུ་ཞིག་ཏུ་སྣང་ནའང་། དོན་ལ་ཁོ་ནི་གཡོ་ཟོལ་དང་འཕྲུལ་ཅན་ཞིག་འདུག”(《གན་དྷི》ཞེས་པའི་གློག་བརྙན་གྱི་འཁྲབ་ཚིག)ཅེས་ཟུར་ཟ་དང་དམའ་འབེབས་བྱས་མྱོང་ལ། “གན་དྷི་ལྟ་བུའི་རུང་བསྟུན་བྱེད་མཁན་དེ་འདྲ་སྔོན་ཆད་ཀྱང་ཁྱུ་དང་ཁྱུ་བྱས་ནས་བྱུང་མོད། མཇུག་མཐར་བཟོ་ལྟ་ཤོར་བའི་འབྲས་བུ་མ་གཏོགས་མ་ལོན་པ་དེ་ཙམ་རེད། དེ་དག་ནི་མི་དམངས་ལས་བློ་ལོག་པ་དང་། བཙན་རྒྱལ་རིང་ལུགས་ཀྱི་ངན་རོགས་པ་རེད”(སི་ཏ་ལིན་གྱི་སྐད་ཆ་དོན་བསྒྱུར།)ཅེས་མ་ཉེས་ཁག་གཡོགས་ཐེབས་མྱོང་བ་དང་། “ཆབ་སྲིད་ཐད་གན་དྷི་ལ་ཅི་འདྲའི་གསར་བརྗེ་ཆེ་ནའང་། ཁོ་ནི་ཆོས་ལུགས་དང་རིག་གནས་རྙིང་པ་སླར་གསོ་བྱ་འདོད་མཁན་ཞིག་ཡིན་ཕྱིར། སྤྱི་ཚོགས་ཐད་ལོག་སྤྱོད་པ་ངེས་ཅན་ཞིག་རེད”M•N•རོའེ་ཡི་སྐད་ཆ། (M•N•Roy,罗易,1887-1954) རྒྱ་གར་གྱི་གསར་བརྗེ་པ་དང་། མཚན་ཉིད་རིག་པ་མཁན། ཆབ་སྲིད་གཞུང་ལུགས་མཁན། སྤྱི་ཚོགས་དོན་གཉེར་མཁན་ནོ།། ཅེས་དགག་གཞག་བྱེད་མཁན་ཡང་བྱུང་མྱོང་ཡོད་པ་རེད།
ཡིན་ནའང་། ཕྱི་ཕྱིར་གདེང་འཇོག་མ་ཐོབ་རང་ཐོབ་སྟེ། “གན་དྷི་ཁོང་ད་ནི་བཙན་རྒྱལ་རིང་ལུགས་པའི་ངན་རོགས་པ་མ་ཡིན། ཁོང་ནི་མི་དམངས་མང་ཚོགས་ལ་སློབ་སྦྱོང་གནང་མཁས་དང་། དུས་རྟག་ཏུ་རང་ཉིད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་ཐུབ་མཁན། ལོ་རྒྱུས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཤེས་མཁན་ཞིག་ཡིན་ཕྱིར། མི་དམངས་མང་ཚོགས་ཀྱི་གཙོ་འཛིན་ཞིག་ཡིན”(S•A•ཏན་ཅི་ཡི་སྐད་ཆ། རྒྱ་གར་ཐུན་མོང་ཐོན་སྐྱེད་ཚོགས་པའི་གཙོ་འཛིན།)ཞེས1969ལོར་གན་དྷི་འཁྲུངས་ནས་མི་ལོ་བརྒྱ་འཁོར་བར་རྗེས་དྲན་ཞུ་སྐབས། ཁོང་དང་ལྟ་གྲུབ་མི་མཐུན་པའི་རྒྱ་གར་གྱི་དམར་ཕྱོགས་ཚོགས་པ་དག་གི་ཚོགས་གཙོས་ཀྱང་དེ་ལྟར་གདེང་འཇོག་བྱས་འདུག་ཅིང་། དེ་བས་ཀྱང་། “འཕགས་པ་གན་དྷིས་རང་གི་སྤུན་ཟླ་དུང་ཕྱུར་གསུམ་པོ་གཉིད་ལས་བསླངས་ཤིང་། དབྱིན་ཇི་བཙན་རྒྱལ་ཆེན་མོ་གཡོ་འགུལ་བཟོས་སོང”(རའོ་མན་རའོ་ལན་གྱི་སྐད་ཆ། (Romain Rolland,罗曼•罗兰,1866-1944)ཧྥ་རན་སིའི་རྩོམ་མཁན་གྲགས་ཅན། 1915ལོར་ནའོ་པེལ་རྩོམ་རིག་གཟེངས་རྟགས་ཐོབ་པ། བརྩམས་ཆོས《སྐྱེས་ཆེན་དམ་པ་གསུམ་གྱི་རྣམ་ཐར》སོགས་འདུག)ཞེས་པ་ལྟར། གན་དྷིའི་ཆབ་སྲིད་འཐབ་རྩོད་ཀྱི་རིག་པའམ་འཚེ་མེད་ཞི་བའི་ཐབས་ལམ་དེས་རྒྱ་གར་མི་རིགས་རང་བཙན་ལས་འགུལ་ལ་ཡར་སྐུལ་གྱི་དགེ་མཚན་ནུས་པ་ཆེན་པོ་ཐོན་པ་དང་། ཀུང་རེ་སི་སྟེ་རྒྱ་གར་རྒྱལ་དམངས་ཚོགས་ཆེན་ཚོགས་པ་དེ་ཚོགས་པ་ཉམ་ཆུང་ཞིག་ནས་མི་དམངས་ཀྱི་མོས་གུས་དགའ་བསུ་ཐོབ་པའི་ཚོགས་པ་ཆེན་པོ་ཞིག་ཏུ་ཆགས་པའི་རྒྱུ་རྐྱེན་བྱས་པ། དབྱིན་ཇིའི་དབང་སྒྱུར་པ་ལ་ཆབ་སྲིད་གནོན་ཤུགས་ལྗིད་པོ་སྤྲད་མཐར་རྒྱ་གར་མི་རིགས་རང་བཙན་ལ་མཐུན་རྐྱེན་གང་ལེགས་བསྐྲུན་མྱོང་བ་བཅས་འཛམ་གླིང་ཤར་ནུབ་ཀུན་གྱིས་ཁས་མི་ལེན་རང་ལེན་ཆགས་འདུག་གོ།
(2)ཐོབ་ཐང་ཞི་བས་རྩོད་པའི་དེད་དཔོན་དུ་གྱུར་པ།
འཛམ་གླིང་གི་ཆབ་སྲིད་འཐབ་རྩོད་ཀྱི་རྣམ་པའི་ཆ་ནས་བཤད་ན། ཞི་བས་འཐབ་རྩོད་བྱེད་པའི་སྲོལ་གྱི་མགོ་ཁུངས་ནི་གན་དྷིས་ཁོང་རང་གི་ལྟ་སྤྱོད་མཚོན་ཕྱིར་བདེན་པའི་ཨུ་ཚུགས་སུ་བཏགས་པའམ། ཡོངས་གྲགས་སུ་འཚེ་མེད་བསྟུན་མེད་དུ་འབོད་པ་འདི་ལ་ཐུག་འདུག  སྤྱི་སྒེར་ཀུན་ལ་ཐོབ་ཐང་རྩོད་པའི་ཐབས་ཚུལ་ཐུན་མོང་མ་ཡིན་པ་ཞིག་སྲོལ་བཏོད་པར་མཛད་པ་དེས་སྐྱེ་བོ་གང་ཇི་སྙེད་ཅིག་སྲོག་ཐར་བྱུང་བར་བྱས་ཤིང་། དུས་དེ་ཤེད་ནས་བཟུང་འཛམ་གླིང་གི་མི་བུའི་ཐོབ་ཐང་རྩོད་པའི་འཐབ་རྩོད་ཀྱི་ལས་གཞི་ལ་ཤུགས་རྐྱེན་ཟབ་མོ་ཞོག་ཡོད་ཚུལ་སྣང་།
འདི་ལྟར་གན་དྷིའི་གསུང་དོན་དུ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཡིག་ཆ་ལ་བལྟས་ན། མི་རྣམས་ཐོག་མ་ཉིད་ནས་ཕན་ཚུན་འཁོན་འཛིན་དང་། གསོད་གཏུབ། འཐབ་རེས་འཛིང་རེས་བྱས་པའི་གནས་ཚུལ་མཐོང་དུ་ཡོད་པ་མ་གཏོགས། འདི་ལྟར་འཚེ་བ་མེད་པ་དང་ཞི་བ་ལ་གནས་པའི་ཚུལ་ནི་མཐོང་དུ་མེད། གལ་སྲིད་ལོ་རྒྱུས་ལ་ཡོད་པ་དེ་ལྟར་དེ་ཁོ་ན་ཡིན་ན་ནི་འགྲོ་བ་མི་རྣམས་སྔ་མོ་ནས་རྒྱུད་ཆད་དེ་ཕྱི་མ་ཡོད་སྲིད་ཀྱི་མ་རེད། བདེན་པ་ཞིག་ལ། མི་རྣམས་ནི་ཕན་ཚུན་ཞི་བདེ་དང་། མཛའ་མཐུན། བྱམས་བརྩེའི་སེམས་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཚོ་ཐུབ་པ་བྱུང་ཡོད། ཁོ་བོའི་བདེན་པའི་སྟོབས་ཤུགས་སམ་སེམས་ཀྱི་སྙིང་སྟོབས། ཡང་ན་སེམས་ཀྱི་རང་སྐྱོང་འདི་ནི་ཏག་ཏག་ལོ་རྒྱུས་སུ་བཙལ་ཀྱང་མཐོང་དུ་མེད་པའི་བདེན་པ་དེ་ཡིན་ཏེ། འཚེ་མེད་ཞི་བའི་རང་བཞིན་ཅན་ཡིན་ནོ།། ཞེས་བདེན་པ་བསྟན་འདུག་ནའང་། “མེ་མདའི་ཁ་ལས་སྲིད་དབང་ཐོན”པར་སྨྲ་བ་དང་། དམར་པོ་ཁྲག་གིས་རྒྱལ་ཁ་ལེན་པར་འདོད་པ། མི་བུའི་ཐོབ་ཐང་དམ་དྲག་གིས་གནོན་པར་བྱེད་པ། ཅིས་ཀྱང་དྲག་པོའི་ལས་ལ་རྔམ་རྔམ་གྱིས་འཇུག་པར་བྱེད་པའི་རིགས་ཀྱིས་ནི་ཞི་བའི་འཐབ་རྩོད་གང་དེར་སྣང་འཇོག་མི་བྱེད་ལས་ཆེ་མོད། འོན་ཀྱང་། གན་དྷི་དང་གན་དྷི་ལ་སོགས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་ནི་ཏག་ཏག་ཉམས་ལེན་དེ་དང་། ཐབས་ལམ་དེ་དང་། གཏན་ཚིགས་དེ་དང་། ཨུ་ཚུགས་དེ་ལ་བརྟེན་ནས་ཞི་བའི་རྒྱལ་སར་འཁོད་ཅིང་འཛམ་གླིང་ཡོངས་ལ་བདེན་པའི་མན་ངག་བསྟན་སོང་ངོ་།།
ཇི་སྐད་དུ་གན་དྷིས་གསུངས་པ། བདག་གིས་ཤེས་པ་ལྟར་ན། ང་ཚོའི་འཐབ་རྩོད་ལ་འཛམ་གླིང་ཡོངས་ཀྱིས་འདི་ལྟར་དོ་སྣང་བྱེད་དོན་ནི། རྒྱ་གར་གྱིས་རང་ཉིད་བཅིངས་འགྲོལ་གྱི་ཕྱིར་དུ་འཐབ་བཞིན་པ་ལ་མ་ཡིན་ཏེ། ང་ཚོས་བཅིངས་འགྲོལ་རྩོད་ལེན་གྱི་བྱེད་ཐབས་གང་དེ་ཐུན་མོང་མ་ཡིན་པ་ཞིག་དང་། ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་པའི་མི་རིགས་གང་གིས་ཀྱང་མ་བསྟེན་པའི་ཐབས་ཤེས་ཤིག་ཡིན་པའི་རྒྱུ་མཚན་གྱིས་རེད་ཅེས་པ་ལྟར་ལགས་ཏེ། འཚེ་མེད་ཞི་བའི་ཐབས་ཤེས་དེས་གནའ་བོའི་ཤེས་རིག་གི་མགོ་ཁུངས་སུ་ཆགས་པ་དང་། བོད་ཀྱི་ཁྱིམ་མཚེས་སུ་གནས་པའི་རྒྱ་གར་གང་དེ་ཟུངས་ཁྲག་ཆེན་པོ་གཏོར་མ་དགོས་པ་དང་ཚེ་སྲོག་མང་པོ་ཤོར་མ་དགོས་པའི་ངང་ལ། མི་ལོ་ཉིས་བརྒྱ་མ་ལོངས་ཙམ་ལ་དབང་སྒྱུར་པའི་དབྱིན་ཇིའི་དབང་འོག་ལས་ཐར་བར་བྱས་པ་སྟེ་འཛམ་གླིང་འདི་ལ་ངོ་མཚར་རླབས་པོ་ཆེ་བསྐྲུན་སོང་ངོ་།།
སྤྱིར་བཤད་ན། གན་དྷིས་བདེན་པའི་ཨུ་ཚུགས་སམ་འཚེ་མེད་ཞི་བས་ཐོབ་ཐང་རྩོད་པའི་དུས་དེ་ནི་ཏག་ཏག་རྒྱ་ནག་པས་གུང་ཁྲན་ཏང་ངམ་ཐུན་མོང་ཐོན་སྐྱེད་ཚོགས་པར་འབོད་པའི་དམར་ཕྱོགས་ཚོགས་པའི་ལྟ་གྲུབ་ཀྱི་རླུང་རྟ་འཛམ་གླིང་ཡོངས་ལ་རྒྱས་པའི་ལོ་རབས་སུ་སྟབས་ཁེལ་འདུག དམར་པོའི་ལྟ་གྲུབ་ཏུ་མར་ཁེ་སི་དང་ཨེན་ཀེ་སིའི་འཇིག་རྟེན་ལྟ་ཚུལ་དང་རིག་གཞུང་རྒྱལ་མཚན་དུ་འཕྱར་བ་སྟེ། སྒེར་ལ་དབང་བའི་ཐོན་སྐྱེད་དབང་ཆ་རྩ་སྟོངས་སུ་གྱུར་ཏེ། གྲལ་རིམ་ལམ་ལུགས་མེད་པ་དང་། སྲིད་གཞུང་མེད་པ་དེ་བཞིན་ཐུན་མོང་ཐོན་སྐྱེད་ཀྱི་སྤྱི་ཚོགས་ཤིག་བཟོ་བ་དང་། མ་འོངས་མཐའ་མའི་དུས་སུ་གྲལ་རིམ་སྤྱི་ཚོགས་ཡོད་རྒུ་གུང་ཁྲན་རིང་ལུགས་སམ་ཐུན་མོང་ཐོན་སྐྱེད་རིང་ལུགས་ཀྱི་གྲལ་རིམ་མེད་པའི་སྤྱི་ཚོགས་སུ་སླེབས་རྒྱུ་ཡིན་པ་བློས་བསླངས་བྱས་ཤིང་། འགྲོ་བ་མིའི་རིགས་ཀྱི་འབྱོར་མེད་པ་རྣམས་གཉའ་གནོན་དང་དབུལ་ཕོངས་ཀྱི་བཅིངས་པ་ལས་དགྲོལ་དགོས་པའི་བསམ་བློ་བསྟན་པ་གང་ཞིག ཕྱི་ཕྱིར་ཆབ་སྲིད་པ་རྣམས་ཀྱིས་རིག་གཞུང་གང་དེ་བཟོ་བཅོས་བེད་སྤྱོད་དང་བཅས། འབྱོར་མེད་གྲལ་རིམ་མམ་བཟོ་པ་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་བྱེད་པ་ཡིན་ལ་དེ་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ལམ་ལུགས་ཡིན་ཟེར་ཏེ། སྲིད་དབང་གི་བདག་པོ་ནི་འབྱོར་མེད་གྲལ་རིམ་ཡིན་ལ་དེའང་ཐུན་མོང་ཐོན་སྐྱེད་ཚོགས་པས་འགོ་ཁྲིད་བྱེད་པ་དང་། འབྱོར་མེད་གྲལ་རིམ་གྱིས་དྲག་པོའི་གསར་བརྗེ་ལ་བརྟེན་ནས་འབྱོར་ལྡན་གྲལ་རིམ་གྱི་དབང་སྒྱུར་ལམ་ལུགས་རྩ་བརླག་བཏང་ནས་རང་ཉིད་ཀྱི་དབང་སྒྱུར་ལམ་ལུགས་འཛུགས་རྒྱུ་ཡིན་པ་དང་། འབྱོར་མེད་པ་རྣམས་བཅིངས་པ་ལས་བཀྲོལ་པ་དང་ཆབས་ཅིག་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལ་ངོ་རྒོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་གཏོར་བརླག་བྱེད་མཁན་གྱི་དགྲ་ཕྱོགས་གྲལ་རིམ་ཚར་བཅད་དེ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་བཙུགས་ནས་རིམ་བཞིན་ཐུན་མོང་ཐོན་སྐྱེད་རིང་ལུགས་མངོན་དུ་འགྱུར་བར་མཐུན་རྐྱེན་བསྐྲུན་པ་ཡིན་སོགས་ཟེར་ནས། འཛམ་གླིང་ཡོ་རོབ་ནས་ཨེ་ཤ་ཡ་བར་དང་། ཨ་ཧྥེ་རི་ཁ་ནས་ཨ་མེ་རི་ཁ་ལྷོ་བྱང་བར་དུ་དམར་པོའི་ལྟ་གྲུབ་ཀྱིས་ཡུགས་གཅིག་ཏུ་ཁེབས་པ། དངོས་གནས“མཚོ་བཞི་འཁྱོམ་ཞིང་གླིང་ལྔ་གཡོ”བར་བྱས་ཏེ“སྲིད་དབང་སྒེར་འཛིན”གཅིག་གི་ཁ་དྲག་དབང་ཤེད་ཀྱིས་མ་ཁྱབ་པ་མེད་པའི་བཟོ་ལྟ་མངོན་མྱོང་བ་དེ་བཞིན། རྒྱ་གར་དུའང་དྲག་པོའི་ལས་སྦྱོར་ལ་མོས་པའི་དམར་པོའི་ལྟ་གྲུབ་ཀྱི་དཔུང་ཤུགས་རྒྱས་མོད། གན་དྷི་ནི་མང་ཚོགས་དང་སྟན་ཐོག་གཅིག་ཏུ་བཞུགས་ཏེ། འབྱོར་ལྡན་འབྱོར་མེད་དང་མཐོ་དམའ་རབ་འབྲིང་ཐམས་ཅད་མཉམ་ཉིད་དུ་གཟིགས་ཤིང་། སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་ཁུར་བཟོད་བདེན་པའི་ཨུ་ཚུགས་ཀྱི་འཚེ་མེད་ཞི་བས་ཐོབ་ཐང་རྩོད་ཅིང“རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ”སྤྱད་པ་དེ་ལྟ་ན། མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པའི་དབང་གིས་ཁོང་ཉིད་ཁོངས་ཞུགས་གནང་ཞིང་དབུ་ཁྲིད་མཛད་པའི་ཀུང་རེ་སིའམ་རྒྱལ་དམངས་ཚོགས་ཆེན་ཚོགས་པས་རྒྱ་གར་ཡོངས་ལ་དབུ་མཛད་སྣ་འདྲེན་གྱི་ནུས་པ་ཐོན་ཏེ། ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ཕྱོགས་འགལ་དུ་མ་སོང་བ་དང་། རྒྱ་གར་མི་གྲངས་མང་ཡང(སྐབས་དེར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག)ནང་འཐབ་ཏུ་མ་འཁྲུག་པ། དབང་སྒྱུར་མི་གྲངས་ཉུང་ཡང(སྐབས་དེར་ཆིག་འབུམ་ལྷག)གསོད་གཏུབ་ཏུ་མ་སྦྱར་པ། གདུག་རྩུབ་དྲག་པོ་སྤྱོད་པའི་གཞན་དབང་དུ་མ་ཚུད་པ། དཔེར་ན། རྒྱ་ནག་ནང་ལྟར“འབྱོར་མེད་གྲལ་རིམ་གྱི་དྲག་པོའི་གསར་བརྗེ”བསླངས་ཏེ་རོ་ཡི་རི་རབ་བརྩིགས། ཁྲག་གི་རྒྱ་མཚོ་བསྐྱིལ། དམར་འཛིང་གིས་མི་འབོར་ས་ཡ་མང་པོའི་སྲོག་ཕྲོགས་པ་དེ་འདྲ་མ་བྱུང་བ་ནི“སེམས་དཔའ་ཆེན་པོ”གན་དྷིའི་སྐུ་དྲིན་མ་ཡིན་ཞེས་སུས་ཀྱང་བརྗོད་མི་ནུས་པ་དེ་འདྲ་རེད།
དེ་ལྟ་མོད་ཀྱི། ཁོང་གི་བདེན་པའི་ཨུ་ཚུགས་སམ་འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་ལ་ཟུར་ཕྱོགས་ནས་དང་། ལྡོག་ཕྱོགས་ནས་དང་། དམའ་ཕྱོགས་ནས་ལྟ་བ་ནི་ཡོད་དང་ཡོད་ཀྱི། ཁྱད་པར་དུ་ཤ་དང་ཁྲག་དང་ཤི་བའི་རོ་དང་། བཙན་ཚུགས་དང་གཏུམ་དྲག་དང་སྒེར་གཅོད་ལ་མོས་པའི་ཚོགས་ཀྱིས་གན་དྷིའི་ཆབ་སྲིད་ཀྱི་ལས་འགུལ་དེ་ནི་འབྱོར་མེད་གྲལ་རིམ་གྱི་དྲག་པོའི་གསར་བརྗེ་ཡི་ཆོས་ཉིད་དང་རྩ་དོན། རང་བཞིན་བཅས་དང་འགལ་བ་སྟེ། རྒྱ་ཆེའི་མང་ཚོགས་སྐུལ་སློང་སྡེབ་ལངས་ཀྱིས་གསར་བརྗེ་བྱེད་སྒང་དུ། ཐལ་དྲགས་སོང་བ་བསྙད་དེ་འཚེ་མེད་ཞི་བ་ཉམས་སུ་ལེན་པ་ཟེར་བ་ནི་གཉོམ་ཆུང་རུང་བསྟུན་ཆེ་བའི་རྟགས་ཡིན་ལ། དེས་མང་ཚོགས་ཀྱི་ཧུར་བརྩོན་སེམས་ཤུགས་གཅོག་པར་བྱེད་པ་དང་། གསར་བརྗེའི་གོ་སྐབས་འཆོར་བར་བྱེད་པ། གསར་བརྗེའི་དུས་ཡུན་འགོར་འགྱངས་བྱེད་པ་སྟེ་འབུར་མགོ་ཐོ་བ་དང་མེ་ནང་ཆུ་བླུགས་ལྟར་འགྲོ་བར་མ་ཟད། ཕ་རོལ་དགྲ་བོའི་རྫིག་ཉམས་བསྐྱེད་པ་ལ་གྲོགས་བྱེད་པར་འགྱུར་ཕྱིར། འཚེ་མེད་ཞི་བའི་རྩ་དོན་དེས་མང་ཚོགས་རང་བཞིན་གྱི་ལས་འགུལ་སྒྱིད་ལུག་པར་བྱེད་ཅེས་སོགས་དགག་པ་དང་སྡིགས་དམོད་བྱེད་མཁན་ཡང་བྱུང་བ་དེ་ལྟ་བུའོ།།
ཡིན་ནའང་། གན་དྷིའི་གཟུགས་སྐུའི་བཀོད་པ་བསྡུས་པ་ན་བློ་གཟུ་བོར་གནས་མཁན་དག་གིས་ནི་དྲང་གཏམ་རེ་བཤད་འདུག་སྟེ། “ཁོང(འཕགས་པ་གན་དྷི)ནི་འགྲོ་བ་མིའི་རིགས་ཀྱི་རྒྱུ་འབྲས་བློ་མིག་གི་མགྲིན་ཚབ་པའོ”(མར་ཞེལ་གྱི་སྐད་ཆ། (G•C•Marshall,马歇尔,1880-1959)ཨ་རིའི་དམག་དོན་མཁན་དང་ཆབ་སྲིད་མཁན། ཕྱི་འབྲེལ་མཁན། འཁྲུག་ཆེན་གཉིས་པའི་རྗེས་སུ“མར་ཞེལ་ཡོ་རོབ་ཉམས་གསོ་འཆར་གཞི”བཟོས་པས1953ལོར་ནའོ་པེལ་ཞི་བདེའི་གཟེངས་རྟགས་ཐོབ་པ།)ཞེས་དང་། “འགྲོ་བ་མིའི་རིགས་ཀྱི་བརྩེ་ཆེན་ལ་ཡིད་ཆེས་མཁན་ཞིག་ཡིན་ཕྱིན། གན་དྷི་སྐུ་གཤེགས་པ་དེར་ནམ་ཡང་སྐྱོ་གདུང་གིས་ནོན་ཏེ་ངུ་བཤུམ་པར་འགྱུར་རོ”(G•པི་ཏུལ་གྱི་སྐད་ཆ། (G•Bidault,皮杜尔)ཧྥ་རན་སིའི་ཆབ་སྲིད་མཁན་དང་། 1946.6-1946.12བར་གྱི་སྲིད་འཛིན།)ཞེས་དང་། “ང་ཚོའི་ཕྱི་རབས་པ་རྣམས་ནི། འདི་ལྟ་བུའི་སྐྱེས་བུ་དངོས་སུ་བྱོན་པར་དྲན་པ་ཙམ་ཡང་མེད་ལས་ཆེ། ……ངས་བསམ་ན་གན་དྷིའི་ལྟ་བ་ནི་ད་ལྟའི་དུས་སྐབས་འདིའི་ཆབ་སྲིད་པ་ཡོད་ཚད་ཀྱི་ལྟ་བ་ལས་ཁྱད་པར་དུ་འཕགས་འདུག ང་ཚོས་ཁོང་གི་སེམས་ཤུགས་ནང་བཞིན་ཧུར་བརྩོན་བསྐྱེད་རིགས་པ་སྟེ། དམིགས་ཡུལ་དུ་སླེབས་ཕྱིར་དྲག་སྤྱོད་བསྟེན་པ་མ་ཡིན་པར། ཁྱོད་ཀྱིས་སྡུག་ཆགས་སུ་ལྟ་བའི་སྟོབས་ཤུགས་དང་མནའ་འབྲེལ་མི་བྱེད་པ་དེ་ཡིན་འོས”(ཨེན་སི་ཏེན་གྱི་སྐད་ཆ།)ཞེས་བསྔགས་བརྗོད་ཆེན་པོ་གནང་མཁན་ཡོད་མྱོང་ཞིང་། ཁྱད་པར་དུ་ཁོང་གི་མཛད་རྣམ་སྐྱོང་མཁན་དག་གིས“མི་ལོ་སྟོང་གི་རྗེས་ནས་ཀྱང་། གང་དེས་ནམ་ཡང་ལྟ་ན་སྡུག་པའི་འོད་གསལ་སྤྲོ་བར་བྱེད་པ་དང་། མི་རྣམས་ཀྱིས་འོད་ཟེར་སྟོང་དང་ལྡན་པ་འདི་སྔར་བཞིན་མཐོང་ངེས་པ་ཡིན། རྒྱུ་མཚན་ནི་གང་དེས་འགྲོ་བ་མི་རྣམས་ཀྱི་སེམས་ངལ་གསོ་བས་སོ།། འོད་གསལ་འདི་ཡི་དོན་སྙིང་ནི་ད་ལྟའི་ཁྱབ་ཁོངས་ལས་རབ་ཏུ་བརྒལ་ཞིང་ཤིན་ཏུ་འགོངས་ལ། གང་དེས་ཚེ་སྲོག་དང་རྟག་བརྟན་གྱི་བདེན་པའི་ཚབ་མཛད་དེ། ང་ཚོར་ཡང་དག་འཁྲུལ་མེད་ཀྱི་ལམ་སྟོན་པ་དང་། ང་ཚོ་ལོག་ལམ་དུ་འཕྱན་པ་ལས་བཟློག་པའི་མགོན་སྐྱབས་གནང་སྟེ། ང་ཚོའི་གནའ་སྔ་མོའི་རྒྱལ་ཁབ་འདི་རང་དབང་དུ་བགྲོད་པར་དབུ་འདྲེན་པ་ཡིན་ནོ།། ”(རྒྱ་གར་རང་བཙན་བྱུང་རྗེས་ཀྱི་སྲིད་བློན་དང་པོJ•ནེ་རུའི་སྐད་ཆ།)ཞེས་གོང་བཀུར་དང་རྗེས་སུ་ཡི་རང་ཚད་མེད་པ་བྱས་པར་མ་ཟད། 1947ལོའི་ཟླ8པའི་ཚེས15ཉིན་ཏེ་རྒྱ་གར་རང་བཙན་གྱི་ཉིན་མོར། ཁྲིམས་བཟོ་ལྷན་ཁང་གིས་ཀྱང་དམིགས་བསལ་རྐང་བཙུགས་ཀྱིས“འདས་སོང་མི་ལོ30རིང་གི་ལམ་འཁྲིད་མཁན་དང་མཚན་ཉིད་རིག་པ་མཁན། རྒྱ་གར་རང་དབང་གི་ལམ་སྟོན་སྒྲོན་མེ”ཞེས་ཁོང་ལ་བླ་མེད་གུས་སྨོན་ཞུས་པའོ།།
དེ་ལྟ་དེ་ལྟར། གན་དྷིའི་བདེན་པའི་ཨུ་ཚུགས་སམ་འཚེ་མེད་བསྟུན་མེད་ཀྱི་ཆབ་སྲིད་འཐབ་རྩོད་བྱེད་སྟངས་ནི་སྤྱི་ཚོགས་ཆབ་སྲིད་མཚན་ཉིད་རིག་པའི་བརྗོད་གཞི་ཞིག་ཏུ་ཆགས་འདུག་པར་མ་ཟད། གན་དྷི་རིང་ལུགས་ཞེས་པ་ནི་ཞི་བདེ་རིང་ལུགས་སུ་གོ་ཡི་འདུག་པ་དང་། གང་དེ་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ཐོབ་ཐང་རྩོད་པའི་མན་ངག་སྤྱི་མ་ཞིག་ཏུ་ཆགས་ཡོད་པ་སྣང་ལ་ཡོངས་ཁྱབ་ལྟ་བ་ཞིག་ཏུའང་ཆགས་ཡོད་པ་སྣང་། དེའང་ཇི་སྐད་དུ་རྒྱ་གར་གྱི་སྙན་ངག་པ་ཆེན་པོ་ཐེ་ཀོར་གྱིས། མི་བུའི་རྟག་གཏན་གྱི་བདེ་སྐྱིད་ནི་དངོས་པོ་ཅི་ཙམ་ཐོབ་པ་དེ་མ་ཡིན་པར། རང་གི་ཚེ་སྲོག་ལས་རླབས་ཆེ་བའི་ལྟ་བའི་ཕྱིར་དུ་རང་ཉིད་བསྔོ་བ་གནང་རྒྱུ་དེ་ཡིན་པ་སྟེ། མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ལྷ་ཡི་ལྟ་བ་བཅས་སོ།། ལྟ་བ་འདི་དག་གིས་མིའི་རིགས་ལ་རང་གི་བདོག་པ་ཡོད་རྒུ་འདོར་སླ་བར་བྱེད་ཅིང་དེ་ཡི་ཚེ་སྲོག་ཀྱང་ངོ་།། མིའི་རིགས་ཀྱིས་རླབས་ཆེན་གྱི་ལྟ་བ་གང་རུང་མ་རྙེད་པའི་སྔོན་ལ། ཁོ་ཚོ་ནི་བློ་ཡིད་ཕམ་པ་དང་སྙིང་རྗེ་སྐྱོ་པོ་ཞིག་ཡིན་ལས་ཆེ། རླབས་ཆེན་གྱི་ལྟ་བ་དེ་དག་གིས་གང་དེ་གང་ལ་རྒྱབ་རྟེན་བཅོལ་བའི་དངོས་ཟོག་གི་བཅིངས་པ་ལས་ཐར་བར་བྱེད་པའོ།། ཞེས་གསུངས་པ་བཞིན་རླབས་ཆེན་གྱི་ལྟ་བ་དེ་ནི་གན་དྷིའི་སྐུ་ཚེ་ལས་རྩོད་མེད་དུ་རྟོགས་ཤིང་། ཕྱི་ཕྱིར་འགྲོ་བ་མིའི་རིགས་ཀྱི་ཡོངས་ཁྱབ་ལྟ་བ་ཞིག་ཏུ་ཆགས་ནས་འདུག་ལ། ད་ལྟ་གན་དྷི་ཞེས་ཚེ་ཞི་བའི་ལྟ་བ་ཞིག་དང་ཞི་བའི་རིང་ལུགས་ཤིག་ལ་ངོས་འཛིན་གྱི་འདུག་ཕྱིར། ཁོང་ནི་ཐོབ་ཐང་ཞི་བས་རྩོད་པའི་དེད་དཔོན་དུ་གྱུར་འདུག་ཅེས་སྨྲས་པ་ཡིན་ནོ།།
 (གསལ་བཤད། གོང་གསལ་གན་དྷིའི་སྐོར་གྱི་ལུང་དག་ནི《གན་དྷིའི་རང་རྣམ》རྒྱ་འགྱུར་མ་དང་། ན་ག་སངས་རྒྱས་བསྟན་དར་གྱིས་བསྒྱུར་པའི《རྒྱ་གར་རང་སྲིད་རང་སྐྱོང》 ལྷ་ལུང་བློ་བཟང་ཕུན་ཚོགས་ཀྱིས་བསྒྱུར་པའི《བདག་ཉིད་ཆེན་པོ་གན་དྷིའི་རྣམ་ཐར་དང་གསུང་རྩོམ་གཅེས་བསྡུས》《གན་དྷི》ཞེས་པའི་གློག་བརྙན་བཅས་དང་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལས་དྲངས་པའོ།། )
 
གསུམ། འཚེ་མེད་བསྟུན་མེད་ཀྱི་ལས་འགུལ།
 
འཚེ་མེད་བསྟུན་མེད་དེ་ལས་འགུལ་གྱི་དབང་དུ་བཏང་ན། གན་དྷིས་དབུ་ཁྲིད་དེ་སྔ་རྗེས་ཐེངས་བཞི་ལ་བྱུང་མྱོང་བར་གྲགས། འདིར་སྒྲིག་སྒྱུར་མཚམས་སྦྱོར་མདོར་བསྡུས་རེ་བྱེད་ན།
འཚེ་མེད་བསྟུན་མེད་ཀྱི་ལས་རེབ་དང་པོ། (1920ལོའི་ཟླ9པ-1922ལོའི་ཟླ2པ) འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་ཤུགས་རྐྱེན་ལས། རྒྱ་གར་ལ་མི་རིགས་བཅིངས་འགྲོལ་ལས་འགུལ་རྒྱ་མཚོའི་རླབས་བཞིན་བསྟུད་མར་ལངས། དབྱིན་ཇིས་མི་སེར་སྤེལ་བའི་དབང་སྒྱུར་བརྟན་པོ་བཟོ་ཕྱིར། ཕྱོགས་གཅིག་ནས་ཁྲིམས་སྲིད་བཅོས་སྒྱུར་གྱི་སྟ་གོན་བྱེད་ཅིང་། རྒྱ་གར་གྱི་སྐུ་དྲག་ཐེ་བའི་མཐོ་རིམ་མི་སྣ་རྣམས་ལ་སེམས་གསོ་དང་བསླུ་བྲིད་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་རའོ་ལ་ཐི(Rowlatt)བཅའ་ཁྲིམས(རའོ་ལ་ཐི་བཅའ་ཁྲིམས་ཞེས་པ་ནི་དབྱིན་ཇི་མི་སེར་སྤེལ་མཁན་དབང་འཛིན་ལས་ཁུངས་ཀྱིས1919ལོའི་ཟླ2པར་རྒྱ་གར་མི་རིགས་བཅིངས་འགྲོལ་ལས་འགུལ་ལ་དྲག་གནོན་བྱ་ཕྱིར་ཁྱབ་བསྒྲགས་བྱས་པའི་ཁྲིམས་ཤིག་སྟེ། དེ་དུས་རྒྱ་གར་དུ་ཁྲིམས་ཀྱི་ལས་བྱེད་མཁན་དབྱིན་ཇིའི་ཁྲིམས་དཔོནS•A•རའོ་ལ་ཐི་ཞེས་པ་གཙོ་འགན་གྱིས་འཆར་ཟིན་བཟོས་པས་མིང་དེ་ལྟར་ཐོགས། ཁྲིམས་དེར་བཀོད་པའི་དོན་ཚན་གཙོ་བོ་ལ། འཛིན་བཟུང་འཁྲོལ་མཆན་མེད་པའི་གནས་ཚུལ་གྱི་སྒང་ལ། སྲིད་གཞུང་རྩ་སློག་གཏོང་བའི་དོགས་གཞི་ཡོད་པར་བསམ་པའི་རྒྱ་གར་གྱི་མི་སུ་ཡིན་རུང་ཁྲིམས་གཏུག་མ་བྱས་ཀྱང“སྔོན་འགོག་རང་བཞིན”གྱི་འཛིན་བཟུང་དང་སྔོག་བཤེར་བྱ་ཆོག་པ་དང་། འཛིན་བཟུང་བྱས་པའི་རྒྱ་གར་གྱི་མི་སུ་ཡིན་རུང་འདྲི་ཞིབ་མ་བྱས་ཀྱང་དུས་ཚད་མེད་དུ་བཀག་ཉར་བྱ་ཆོག་པ་དང་། འཛིན་བཟུང་ངམ་བཀག་ཉར་བྱས་པའི་རྒྱ་གར་གྱི་མི་ཡིས་ཁྲིམས་རྩོད་པ་དང་དཔང་མི། དག་འབུད་པ་གདན་ཞུ་བྱས་མི་ཆོག་པ་དང་། སྲིད་གཞུང་རྩ་སློག་གི་དོགས་གཞིའི་གྱོད་དོན་ལ་འདྲི་ཞིབ་བྱེད་སྒང་དུ། གཟུ་དཔང་ལྷན་ཚོགས་ལམ་ལུགས་དགོས་མེད་བཟོས་ཏེ། དབང་འཛིན་ལས་ཁུངས་ཀྱི་ཁྲིམས་དཔོན་གསུམ་ལྷན་གྲོས་ཀྱིས་དཔྱད་མཚམས་བཏང་བ་དེ་མཐའ་མའི་འདྲི་གཅོད་དཔྱད་མཚམས་ཡིན་ལ། དཔྱད་མཚམས་བཏང་བའི་རྒྱ་གར་གྱི་མི་ཡིས་གོང་གཏུག་བྱེད་མི་ཆོག་པ་དང་། དབང་འཛིན་ལས་ཁུངས་ཀྱིས་མང་ཚོགས་འདུ་འཛོམས་ཀྱི་གཞི་ཁྱོན་ལ་ཚོད་འཛིན་བྱེད་ཆོག་ལ། སྤྱི་ཚོགས་བདེ་སྲུང་གི་གེགས་སུ་གྱུར་པའི“ཉེས་ཅན་མི་སྣ”ཡི་རིགས་དམིགས་བཙུགས་སྡོད་གནས་སུ་གནས་བཅའ་བར་བཀའ་འབེབས་པའི་དབང་ཆ་ཡོད་པ་དང་། གྲོང་ཁྱེར་གྱི་བདེ་འཇགས་མཁོ་ཆས་ཁ་སྣོན་རྒྱག་པ་དང་། ཉེན་རྟོག་པ་ལ་མང་ཚོགས་འདུ་འཛོམས་དང་རྔམ་སྟོན་ཁྲོམ་སྐོར་བྱེད་པ་ཁ་ཐོར་གཏོང་བའི་དབང་ཆ་ཡོད་པ་བཀོད་པ་སོགས་སོ།། )ཁྱབ་བསྒྲགས་ཀྱིས་དྲག་གནོན་བྱས།1919ལོའི་ཟླ4པའི་ཚེས13ཉིན། ཨམ་རིད་སར(Amritsar)དམར་གསོད་དོན་རྐྱེན(དབྱིན་ཇི་མི་སེར་སྤེལ་མཁན་དབང་འཛིན་ལས་ཁུངས་ཀྱིས་རའོ་ལ་ཐི་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་རྗེས། གཞུང་ཕྱོགས་ཀྱིས་དོགས་གཞི་ཅན་གྱི་མི་སྣ་རེད་སྙམ་པ་རྣམས་གང་ས་གང་ལ་འཛིན་བཟུང་བཀག་ཉར་བྱས་པ་ན། རྒྱ་གར་མི་དམངས་ཀྱིས་ཆབ་སྲིད་རང་དབང་མེད་པ་ཆགས་པ་ལ་དམིགས་ནས་ངོ་རྒོལ་བྱེད་འགོ་བརྩམས། 1919ལོའི་ཟླ4པའི་ཚེས10ཉིན་ཨམ་རིད་སར་གྲོང་ཁྱེར་གྱི་མི་འབོར་ཁྲི3ལྷག་གྲོང་ཁྱེར་སྲིད་གཞུང་གི་སྒོ་དྲུང་དུ་འདུ་འཛོམས་བྱས་པ་ཉེན་རྟོག་པ་དང་སྐྱ་དམག་གིས་དྲག་གནོན་བྱས་ཤིང་། ཟླ4པའི་ཚེས13ཉིན་མི་འབོར་དེ་ལས་ཀྱང་མང་སྟེ་ཁྲི5ལྷག་ཨམ་རིད་སར་དུ་ཐང་ཆེན་ཞིག་ཡོད་པ་དེར་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་བྱས་པ་ན། དབྱིན་ཇིའི་དམག་དཔུང་གི་དམག་སྤྱིR•E•H•ཏར་ཟེར་བ་དེས་དམག་མི149ཁྲིད་དེ་མི་ཚོགས་འདུས་པ་ཆེན་པོ་དེར་མེ་མདའ་ཆར་པ་འབབ་པ་བཞིན་འཕངས། བསད་རྨས་ཀྱི་གྲངས་ཀ་ལ་བཤད་སྟངས་མི་འདྲ་སྟེ། དབྱིན་ཇི་གཞུང་ཕྱོགས་ཀྱི་སྤྱི་བསྒྲགས་གྲངས་ཀ་ལྟར་ན། བསད་པ་མི་འབོར379དང་། རྨས་པ་མི་འབོར1200ཡོད་ཅེས་དང་། གཤིན་དུར་པ་རྣམས་ཀྱིས་བེམ་པོ500འདུག་ཅེས་དང་། ཏར་གྱིས200-300བར་བསད་བཞག་ཅེས་དང་། ཡང་མི་ཉིས་སྟོང་བསད་པ་དང་། སུམ་སྟོང་ལ་རྨས་སྐྱོན་བཏང་ཞེས་བཤད་པའང་མཐོང་།)བྱུང་རྗེས། རྒྱ་གར་མི་དམངས་འཇིགས་ཏེ་ཞུམ་པ་ལྟ་ཞོག དབྱིན་རྒོལ་འཐབ་རྩོད་སྔར་བས་ཀྱང་ཛ་དྲག་ཏུ་ཕྱིན། གན་དྷིས་དོན་རྐྱེན་དེ་ལ་རྐྱེན་བྱས་ཏེ། 1920ལོའི་ཟླ9པར། འཚེ་མེད་བསྟུན་མེད་ཀྱི་འཆར་གཞི་བཟོས། ཁོང་གིས་གསུངས་དོན། འཐབ་རྩོད་ཀྱི་དམིགས་ཡུལ་ནི་རྒྱ་གར་རང་སྐྱོང་བྱེད་རྒྱུ་དེ་ཡིན། “གལ་ཏེ་སྲིད་པ་ཡོད་ཚེ། བཙན་རྒྱལ་གྱི་ནང་ཁོངས་ནས་རང་སྐྱོང་བྱ་རྒྱུ་ཡིན་པ་དང་། གལ་ཏེ་དགོས་པ་ཡོད་ཚེ་བཙན་རྒྱལ་དང་འབྲེལ་ཐག་བཅད་པའི་རྒྱ་གར་རང་སྲིད་རང་སྐྱོང་བྱ་རྒྱུ་དེ་ཡིན”ཞེས་གན་དྷིའི་དབུ་ཁྲིད་ལས་རྒྱ་གར་མི་དམངས་ཀྱིས་ལས་མཚམས་བཞག  སློབ་མཚམས་བཞག  ཚོང་མཚམས་བཞག འདུ་འཛོམས་ཁྲོམ་སྐོར་རྒྱ་ཆེར་བྱས་ཤིང་དབྱིན་རྒོལ་འཐབ་རྩོད་ཤ་འོད་བརྡོལ་བ་བཞིན་འཕྱུར། 1922ལོའི་ཟླ2པའི་ཚེས5ཉིན། རྒྱ་གར་བྱང་ཕྱོགས་ཀྱི་ཅ་རི་ཅ་ར་ཞེས་འབོད་པའི་སྡེ་གྲོང་དུ་ཞིང་པ2000ལྷག་གིས་ཉེན་རྟོག་པ22དང་བཅས་པའི་ཉེན་རྟོག་ཁང་ཞིག་མེར་སྲེག་བཏང་བ་དེ། འཚེ་བ་མེད་པའི་འཐབ་རྩོད་ཀྱི་ལས་དང་འགལ་ཕྱིར། གན་དྷིས་གསན་ཏེ་ཁ་ཞེ་གཉིས་མེད་ཀྱིས་བཀག་འགོག་བྱས།ཟླ2པའི་ཚེས12ཉིན། རྒྱལ་དམངས་ཚོགས་ཆེན་ཚོགས་པས་གྲོས་ཆོད་བཞག་ཅིང་མང་ཚོགས་ཀྱི“སྲོལ་འགལ”བྱ་སྤྱོད་ལ་སུན་འབྱིན་མཛད་ཀྱང་། ཟླ3པའི་ཚེས10ཉིན། གན་དྷི་བཙོན་དུ་བཅུག་ཅིང་ལས་འགུལ་ལ་ཡ་ང་བའི་དྲག་གནོན་བྱས།
འཚེ་མེད་བསྟུན་མེད་ཀྱི་ལས་རེབ་གཉིས་པ། (1930ལོའི་ཟླ3པ-1934ལོའི་ཟླ4པ)དུས་རབས20པའི་ལོ་རབས20པའི་མཇུག་དང་ལོ་རབས30པའི་མགོ་ལ། མ་རྩ་རིང་ལུགས་ཀྱི་འཇིག་རྟེན་ལ་དཔལ་འབྱོར་ཉམས་རྒུད་ཐེབས་པའི་ཤུགས་རྐྱེན་དེ་རྒྱ་གར་ལ་ཡང་བྱུང་། རྒྱལ་དམངས་ཚོགས་ཆེན་ཚོགས་པས་གན་དྷིས་གྲོས་འགོ་བཏོན་པའི་མང་ཚོགས་རང་བཞིན་གྱི་མི་བསྟུན་པའི་ལས་འགུལ་སློང་རྒྱུའི་ཐག་བཅད། རྒྱ་གར་རང་བཙན་བྱེད་རྒྱུའི་རེ་བ་བཏོན། ལས་འགུལ་དབུ་ཁྲིད་ཀྱི་དབང་ཆ་གན་དྷི་ལ་སྤྲད། དབང་སྒྱུར་པས་རྒྱ་གར་གྱི་མིས་ཟས་ཚྭ་གསོག་འདོན་ཚོང་སྒྲུབ་མི་ཆོག་པའི་ཁྲིམས་ཤིག་བཟོས་ཡོད་པ་ལ་ངོ་རྒོལ་བྱ་རྒྱུ་དེ་གན་དྷིས་ལས་འགུལ་གྱི་འགོ་རྩོམ་བྱེད་དུ་གཟིགས། 1930ལོའི་ཟླ3པའི་ཚེས12ཉིན། གན་དྷིས་འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་ལ་ཞུགས་མི་དོ་བརྩོན་ཅན78ཀྱི་སྣེ་ཁྲིད་དེ་ཨཀ་མེ་ཏ་པ་ཏི་ཞེས་པའི་ས་ཆ་ནས་བརྩམས་ཏེ་གུ་ཛ་རཱ་ཏིའི་ལྷོ་ཕྱོགས་ཀྱི་མཚོ་ཁའི་གྲོང་ཁྱེར་ཏན་ཏི་ཞེས་པའི་བར་ལ་ཞབས་ཐང་དུ་བསྐྱོད། ལམ་ཐག་སྤྱི་ལེ388བཞུད། ལམ་རྒྱུད་མང་ཚོགས་སྟོང་ཕྲག་མང་པོ་ཞབས་ཕྱིར་འབྲངས། ཞབས་ཐང་ངོ་རྒོལ་ཉིན25རིང་ལ་མཚམས་མ་ཆད་པར་ཕྱིན། ཟླ4པའི་ཚེས5ཉིན། ཏན་ཏི་མཚོ་ངོགས་སུ་འབྱོར་པ་ན་སྐུ་ཕྱག་དངོས་ཀྱིས་ཚྭ་ལ་སྤར་མོ་བརྒྱབ་སྟེ་བཏོན། གང་དེར་ལོ་རྒྱུས་སུ་ཟས་ཚྭ་དཔུང་སྐྱོད་དུ་འབོད། དབང་འཛིན་པས་ཐོས་པ་ན་དྲག་གནོན་ཚད་མེད་བྱས།ཟླ5པའི་ཚེས5ཉིན། གན་དྷི་འཛིན་བཟུང་བྱས།དེར་བརྟེན་རྒྱ་གར་རྒྱལ་ཡོངས་ཀྱི་ངོ་རྒོལ་འཐབ་རྩོད་དེ་གསར་བརྗེའི་རྣམ་པར་ཆགས་ཤིང་ས་གནས་སོ་སོར་དབྱིན་རྒོལ་གྱི་འོས་ལངས་བསླངས། མཇུག་མཐར་མི་འབོར་ཁྲི3འཛིན་བཟུང་ཐེབས། 1931ལོའི་ཟླ3པའི་ཚེས5ཉིན། གན་དྷི—ཨིར་ཝིན་གྱི་གྲོས་དམ་ཆོད་ཡིག་བཞག འདི་ལ་དྷི་ལིའི་ཆོད་ཡིག་ཀྱང་ཟེར། ཕྱོགས་གཉིས་ཀྱིས་རུང་བསྟུན་བྱས་པ་སྟེ། དབྱིན་ཇི་མི་སེར་སྤེལ་མཁན་དབང་སྒྱུར་པས་ཟས་ཚྭ་གསོག་འདོན་ཚོང་སྒྲུབ་མི་ཆོག་པའི་ཁྲིམས་དེ་རྩིས་མེད་བཟོ་རྒྱུ་དང་། རྒྱལ་དམངས་ཚོགས་ཆེན་ཚོགས་པས་ལས་འགུལ་མཚམས་འཇོག་རྒྱུ་ལ་གྲོས་འཆམ་བྱུང་། ཞབས་ཐང་ངོ་རྒོལ་གྱི་ལས་འགུལ་དེ་ནི་ཞི་བ་དྲང་བདེན་གྱིས་བཙན་པོ་དབང་ཡོད་ལས་རྒྱལ་ཁ་བླངས་པའི་མིག་ལྟོས་དཔེ་གཞི་ཞིག་ཏུ་གྲགས།
འཚེ་མེད་བསྟུན་མེད་ཀྱི་ལས་རེབ་གསུམ་པ། (1940ལོའི་ཟླ10པ-1941ལོའི་ཟླ12པ)འཛམ་གླིང་འཁྲུག་ཆེན་གཉིས་པ་བྱུང་རྗེས། དབྱིན་ཇིའི་རྒྱ་གར་གྱི་རྒྱལ་ཚབ་ཀྱིས་རྒྱ་གར་ཡང་དམག་འཁྲུག་ལ་གཞུག་རྒྱུ་ཡིན་པ་རང་འདོད་ཀྱིས་ཁྱབ་བསྒྲགས་བྱས།རྒྱ་གར་གྱི་ལས་རིགས་ཁག་ཡི་མ་རང་སྟེ་ཞིང་ཆེན་བདུན་གྱི་རྒྱལ་དམངས་ཚོགས་ཆེན་ཚོགས་པའི་སྲིད་གཞུང་རྣམས་ཀྱིས་སྔ་རྗེས་སུ་རྩ་དགོངས་ཞུས་ཏེ་ངོ་རྒོལ་བྱས།1940ལོའི་ཟླ10པའི་ཚེས13ཉིན། གན་དྷིས་མི་སྒེར་གྱིས་མི་བསྟུན་པའི་ལས་འགུལ་སློང་བའི་གྲོས་གཞི་བཏོན། ཉེ་གནསJ•ནེ་རུ་ལ་སོགས་པར་དམིགས་བཙུགས་ཏེ་མི་སྒེར་གྱི་ངོས་ནས་དམག་རྒྱག་འདོད་མེད་པའི་གཏམ་བཤད་ཁྲོམ་བསྒྲགས་གནང་བར་སྐུལ། ཟླ11པའི་ནང་ལ། རྒྱ་གར་གྱི་ལས་རིགས་ཁག་གི་མི་ཁྲི3འཛིན་བཟུང་བྱས།འཐབ་རྩོད་ཀྱི་ལས་རིམ་ལ་ཡང་བསྐྱར་བར་ཆད་བཟོས།
འཚེ་མེད་བསྟུན་མེད་ཀྱི་ལས་རེབ་བཞི་པ། (1942ལོའི་ཟླ8པ-1944ལོའི་ཟླ5པ)ཞི་བདེ་རྒྱ་མཚོའི་དམག་འཁྲུག་བྱུང་རྗེས། དམག་འཁྲུག་གི་མེ་ལྕེ་རྒྱ་གར་དུ་མཆེད། རྒྱ་གར་མི་དམངས་ཀྱི་རང་བཙན་གྱི་འབོད་སྐད་མཐོ་རུ་ཕྱིན། ཆབ་སྲིད་ཛ་དྲག་གནས་སྟངས་ལས་བཟློག་པ་དང་དབང་སྒྱུར་སྲ་བརྟན་བཟོ་ཕྱིར། 1942ལོར་དབྱིན་ཇི་དབང་སྒྱུར་པས་གྲོས་འཆམ་འཆར་ཟིན་ཞིག་སྤེལ་ཀྱང་། རྒྱལ་དམངས་སྲིད་གཞུང་འཛུགས་དགོས་རྒྱུ་དང་རྒྱ་གར་པས་རྒྱལ་སྲུང་བདག་སྐྱོང་གནང་དགོས་རྒྱུ་ཞེས་པའི་རྒྱལ་དམངས་ཚོགས་ཆེན་ཚོགས་པའི་འདོད་པ་མ་བསྐངས་ཕྱིར། དབྱིན་ཇི་རྒྱ་གར་ལས་ཕྱིར་འཐེན་བྱེད་དགོས་ཞེས་གན་དྷིས་བཏོན་པའི་གྲོས་ཆོད་འཆར་ཟིན་དེ་ལ་རྒྱ་གར་རྒྱལ་དམངས་ཚོགས་ཆེན་ཚོགས་པ་ལས་གྲོས་འཆམ་བྱུང་། ཟླ8པའི་ཚེས9ཉིན་གྱི་ཞོགས་པར། དབྱིན་ཇི་མི་སེར་སྤེལ་མཁན་དབང་སྒྱུར་པས་གན་དྷི་དང་རྒྱ་གར་རྒྱལ་དམངས་ཚོགས་ཆེན་ཚོགས་པའི་འགོ་ཁྲིད་རྣམས་གློ་བུར་དུ་འཛིན་བཟུང་བྱས།མི་འབོར་ཁྲི6ལྷག་བཙོན་དུ་ཚུད། རྒྱལ་དམངས་ཚོགས་ཆེན་ཚོགས་པ་བཀག 1944ལོའི་ཟླ5པའི་ཚེས6ཉིན། སྙུན་གཞིའི་རྐྱེན་ལས་གན་དྷི་བཙོན་གྲོལ་བཏང་། ཚེས24ཉིན། གན་དྷིས་དབྱིན་ཇི་མཐར་སྐྲོད་གཏོང་བའི་ལས་འགུལ་མཚམས་འཇོག་དགོས་པ་ཁྱབ་བསྒྲགས་བྱས།དེ་ལྟ་དེ་ལྟར། གན་དྷིས་དབུ་ཁྲིད་དེ་འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་པ་ལས། མཇུག་མཐར་རྒྱ་གར་རང་བཙན་ཐོབ་ཅིང་དམངས་གཙོའི་ལམ་ལ་བགྲོད་པར་བྱས་པའོ།།
གང་ལྟར། གན་དྷིའི་འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་གྱིས་རྒྱ་གར་དུ་རླབས་ཆེན་གྱི་རྒྱལ་ཁ་བླངས་པ་དེ་བཞིན་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བཤད་དེ། དུས་རབས་སྔོན་མའི་ནང་དུ་ཨ་རི་པ་མར་ཐིན་ལུ་སིར་ཁེན་གྱིས་སྣེ་ཁྲིད་པའི“སྤྱི་དམངས་ཐོབ་ཐང་ལས་འགུལ”དང་། ལྷོ་ཨ་ཧྥེ་རི་ཁའི་ཆོས་དཔོན་ཆེན་མོ་ཐྲོ་ཐྲོ་སོགས་ཀྱིས་དབུ་བརྩམས་པའི“རིགས་རྒྱུད་དབྱེ་འབྱེད་ངོ་རྒོལ”གྱི་ལས་འགུལ། དེ་བཞིན་ཅེ་ཁེ་སི་ལོ་ཝ་ཁེའི་ཧ་ཝེལ་སོགས་ཀྱིས་སྣེ་ཁྲིད་པའི“བདུན་བདུན་རྩ་འཛིན་ལས་འགུལ” ཕོ་ལན་གྱི་ཝ་ལེ་སའ་སོགས་ཀྱིས་སྣེ་ཁྲིད་པའི“མཐུན་སྒྲིལ་བཟོ་ཚོགས་ལས་འགུལ” གཞན་ཡང་། ངང་ཁུལ་གསར་བརྗེ་དང་མདོག་ལྡན་གསར་བརྗེ་རུ་བཏགས་པའི་གསར་བརྗེ་རབ་དང་རིམ་པར་བྱུང་བ་རྣམས་དང་། ཐ་ན་འབར་མའི་དམག་གཞུང་ལ་ངོ་རྒོལ་དང་དམངས་གཙོ་དོན་གཉེར་མཁན་ལྕམ་ཨང་སན་སུའུ་ཁེ་སོགས་ལའང་འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་དང་གན་དྷིའི་ལྟ་སྤྱོད་ཀྱིས་དངོས་བརྒྱུད་ཤུགས་རྐྱེན་ཞོག་ཡོད་པ་ཡོངས་ལ་གྲགས་ཕྱིར། དཔྱད་འདོད་དག་གིས་གཞན་དང་གཞན་ལས་མཁྱེན་པར་མཛོད་ཅིག་ཅེས། མཚམས་སྦྱོར་རེ་ཞིག་མཇུག་རྫོགས་པར་བྱས་པའོ།།
 
མཐའ་དོན་གསལ་བཤད།
ཡོད་ཚད་ཡོངས་ཁྱབ་རིན་ཐང་གི་ངོས་ནས་བསམ་བློ་གཏོང་དགོས་སྙམ།
དུས་བབ་ཀྱི་དབང་དུ་བཏང་ན། ཡོད་ཚད་ཆབ་སྲིད་ཀྱི་ངོས་ནས་བསམ་བློ་གཏོང་དགོས་ཞེས་བཤད་ཀྱང་ཆོག  དེ་ཡང་མི་བུ་གཞི་རྐང་བྱས་པའི་མི་ཚུལ་བསམ་བློ་དང་མི་ཆོས་དགོངས་བཞེས་ལས། མི་བུའི་རང་དབང་དང་། འདྲ་མཉམ། དྲང་སྙོམས། ཐོབ་ཐང་། དམངས་གཙོ། རྩིས་ཐང་། ཚེ་སྲོག་གང་ཡིན་དེ་རྒྱལ་ཁབ་དང་མི་རིགས། ཆོས་ལུགས། ས་ཁུལ་གྱི་དབྱེ་བ་མེད་པར་དཔལ་ཡོན་སྤྱི་ཚོགས་ཀྱི་འགྲོ་བ་མིའི་རྒྱུ་འབྲས་དང་དཔྱོད་ཤེས་ཀྱིས་བརྩི་སྲུང་འོས་པ་དང་ངོས་འཛིན་གཅིག་པ་དང་ཡོངས་ལ་ཁྱབ་པའི་རིན་ཐང་གི་ངོས་ནས་བསམ་བློ་གཏོང་དགོས་ཞེས་པ་དེ་ཡིན།
བསམ་བློ་དེ་ལྟར་བཏང་བ་ཡིན་ན། ཡོད་ཚད་ཆབ་སྲིད་དང་མ་འབྲེལ་བ་མེད་འདུག  ཡོད་ཚད་ཆབ་སྲིད་དང་འབྲེལ་བ་དེ་ལྟར་ན། དེ་ལ་ཐབས་ཤེས་ཤིག་དང་། ཁུངས་ལུང་ཞིག་དང་། རྟེན་གཞི་ཞིག་ཅིས་ཀྱང་དགོས་འདུག  དེ་ནི་རྒྱ་གར་གྱི་གན་དྷིའི་བདེན་པའི་ཨུ་ཚུགས་ཡིན་པ་ཁོ་བོས་མ་ཤེས་གོང་ལ་ཀུན་གྱིས་རྟོགས་ཡོད་ཀྱང་སྲིད།
ས་བཅད་འདིར་བཤད་པའི་མི་རྟོན་པའི་ཐོབ་ཐང་དང་། བདེན་པའི་ཨུ་ཚུགས་ཀྱི་ལྟ་བ། འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་བཅས་ནི་གཞི་གཅིག་ལ་ལྡོག་པ་ཐ་དད་དམ། དོན་གཅིག་ལ་མིང་གི་རྣམ་གྲངས་ཡིན་པའི་བཤད་སྦྱར་དེ་འདྲ་ད་སྔ་མ་མཐོང་མོད། དོན་ལ་བསམ་ནས་ཁོ་བོས་དེ་ལྟར་སྨྲས་པ་ཡིན། གཟུ་ལུམ་བྱས་པ་མ་ཡིན་པར་འདོད་ཅིང་རང་གི་ཐོས་བསམ་གྱི་འབྲས་བུ་རང་ཡིན་སྙམ་མོ།། འདི་ལྟར་ཆབ་བེ་ཆོབ་བེ་རིང་པོ་ཞིག་བྲིས་པ་ལ་བསམ་རྒྱུ་གཅིག་ལས་མེད་དེ། ཤིན་ཏུ་གོ་བདེ་བར་བཤད་ན་འཚེ་མེད་ཞི་བ་དང་དངོས་མིང་ཆ་ཚང་ལ་འཚེ་མེད་བསྟུན་མེད་ཅེས་པ་དེའོ།། རྒྱུ་མཚན་ནི་ཐལ་མཐའ་གཡང་ལྷུང་གི་ཉེན་ཚབས་ཆེན་པོ་ཞིག་མཐོང་བས་ཡིན།
མཁྱེན་རྒྱ་ཡངས་ཟེར་བའི་རིགས་ཀྱིས། ཁོ་བོ“ལྟ་ལོག་པ”ཞིག་གི“ལབ་བརྡོལ”འབྱིན་ཚད་ལ་ཐོས་འཛིན་གསེར་གྱི་བུ་ག་མ་གཡར་ཀྱང་རུང་གི  ཡོངས་ཁྱབ་རིན་ཐང་རྩོད་པའི་ཐབས་དང་ཤེས་རབ་ལ་ནི་བདེན་པའི་ཨུ་ཚུགས་ལས་མཆོག་ཏུ་གྱུར་པ་མེད་ཕྱིར། གན་དྷིའི་ལྟ་སྤྱོད་ལ་ནི་ཅིས་ཀྱང་ཐུགས་སྣང་དགོངས་བཞེས་ཡོད་པ་མཛོད་ཅིག་ཀྱེ། རྒྱུ་མཚན་ནི། གན་དྷི་ཁོང་རྒྱ་གར་གྱི“ལམ་སྟོན་སྒྲོན་མེ”ཡིན་པར་མ་ཟད། འཛམ་གླིང་ཡོངས་ཀྱི“རྒྱུ་འབྲས་བློ་མིག”ཏུ་བཞུགས་པས་སོ།། 
གལ་ཏེ། མི་ལོ་སྟོང་ཕྲག་གི་རིང་ལ་རྒྱ་གར་གྱི་ཆོས་ལུགས་རིག་གནས་བླངས་པའི་འབྲས་བུར། བོད་རྣམས་ཆོས་ཀྱི་ས་ལམ་མཐོན་པོར་གཤེགས་ཡོད་པར་ཆ་བཞག་ན། ད་ནི་ཡང་བསྐྱར་རྒྱ་གར(གན་དྷི)གྱི་སྲིད་ལུགས་རིག་གནས་དྲངས་པའི་འབྲས་བུར། བོད་རྣམས་སྲིད་ཀྱི་ཐོབ་ཐང་རྩོད་པའི་དུས་ལ་བབས་འདུག  ཡོད་ཚད་ཡོངས་ཁྱབ་རིན་ཐང་གི་ངོས་ནས་སོ།།
ཧི་མ་ལ་ཡ་མེད་ཚེ་རྒྱ་གར་དེ་ཚུ་རོལ་ཚུ་རོལ་གྱི་ཕུ་ནུ་མིང་སྲིང་ཡིན་གྱི་རེད་དེ་ཆོས་ལུགས་མགོ་ཁུངས་གཅིག་པས་དང་། ཧི་མ་ལ་ཡ་ཡོད་པས་རྒྱ་གར་དེ་ཕ་རོལ་ཕ་རོལ་གྱི“མུ་སྟེགས”ཟེར་ཏེ་སྲིད་ལུགས་ཐ་དད་ཆགས་པ་རེད། ཡོད་ཚད་ཆོས་ལུགས་ལྟ་གྲུབ་ཀྱིས་སོ།།
གནའ་དུས་བཞིན་རི་བོ་ཧི་མ་ལ་ཡ་དེ་སེམས་ཀྱི་སྙིང་སྟོབས་ཀྱིས་བདེ་མོར་བསྙམ་ནུས་ན་ནི། བདེན་པའི་ཨུ་ཚུགས་ནི་ཉེ་ས་ཉེ་ས་ན་ཡོད་དེ་སྲིད་ཀྱི་ལམ་སྟོན་ལག་སྙོབ་གཅིག་གིས་ལོན། ཡོད་ཚད་ཉེ་བ་ཉེ་བ་དང་ལེན་བྱེད་བདེ་བ་ལ་ཨང་།
ཆོས་མགོ་རྒྱ་གར་ཡིན་པ་དེ་བཞིན་སྲིད་མགོ་ཡང་རྒྱ་གར་ལ་གཏུག་དགོས་པ་འདི་བོད་མིའི“ལས་དབང”གིས་བཀྲལ་ན་ཅི་དགའ། ཡོད་ཚད་ཆབ་སྲིད་ཀྱི་ངོས་ནས་སོ།།
ཡང་འདི་ལྟར་ཏེ། གན་དྷིའི་དུས་སྐབས་སུ་ནི་རྒྱ་གར་དུ་སྔར་བཞིན་ཆོས་ལུགས་གྲུབ་མཐའ་མང་ཚུལ་དང་། དབང་སྒྱུར་པས་རྒྱ་གར་པ་རྣམས“ཀླ་ཀློ་དང། རྨོངས་རྟུལ། མུན་ནག རྗེས་ལུས”ཡིན་པར་འདོད་ཚུལ་དང་། དེ་དག་གི་འཚིར་གནོན་དང་དམ་དྲག གཏུམ་སྤྱོད་ནམ་ཡང་རྒོད་ཚུལ་བཅས་ནི་སྤྱིའི་ཆ་ནས་ད་ལྟའི་བོད་དང་གཅིག་པ་གཅིག་མཚུངས་རེད། མི་འདྲ་ས་ནི། ལྟོས་ས་ལྟོས་འཇོག་ཏུ་རྒྱ་གར་ལ་ཆབ་སྲིད་ཚོགས་པ་ཤུགས་ཆེན་ཆགས་སོང་བ་དེ་འདྲ་བོད་དུ་མ་ཆགས་པ་དང་། ལྟོས་ས་ལྟོས་འཇོག་ཏུ་རྒྱ་གར་གྱི་དབང་སྒྱུར་པ་ནི་གནས་ལུགས་རྒྱུ་འབྲས་ཅུང་ཟད་ཡོད་པའི་དབྱིན་ཇི་པ་དེ་འདྲ་བོད་དུ་མ་ཡིན་པ་དང་། ཡང་ལྟོས་ས་ལྟོས་འཇོག་ཏུ་རྒྱ་གར་ཡུལ་གཞིས་སུ་རང་དབང་སྲིད་ཀྱི་ཐོབ་ཐང་རྩོད་ཤེས་ཀྱི་གན་དྷི་བྱོན་པ་དེ་འདྲ་བོད་ཀྱི་ཡུལ་གཞིས་སུ་མ་བྱོན་པ་དེ་སོགས་རེད། དེ་ལའང་རྒྱུ་མཚན་མེད་པ་མ་ཡིན་ཏེ། རྒྱལ་སྤྱིའི་ཁོར་ཡུག་མི་འདྲ་བ་དང་། དུས་བབ་འགྱུར་ལྡོག་མི་འདྲ་བ། ཕྱི་ནང་རྒྱུ་རྐྱེན་མི་འདྲ་བ་སོགས་དཔྱད་དུ་ཡོད་པ་ཤིན་ཏུ་མང་བའི་དབང་གིས་ཡིན་པ་དེ་བཞིན་ལ། གཙོ་ཆེ་བ་ནི་ཆབ་སྲིད་ལས་འགུལ་གྱི་བྱེད་པོ་ཡིན་བཞིན་གན་དྷིས་ཇི་ལྟར་སྲིད་དོན་བཤད་ཀྱང་ཇི་ལྟར་སྲིད་གཞུང་དགག་ཀྱང་། ཐ་ན་བཙོན་དུ་བཞུགས་ནའང་སྲོག་དབུགས་འཕྲོག་པ་ལྟ་ཞོག གསུང་དང་ཕྱག་རྩོམ་གང་ཡིན་དུས་ཐོག་གསར་ལམ་དུ་འགོད་པའི་ཐོབ་ཐང་མི་རྫི་བར་བཤད་དེ། མ་མཐའི་རྒྱུ་འབྲས་བརྩི་བའི་ཆབ་སྲིད་ཁོར་ཡུག་ཅིག་ཡོད་པས་སོ།།
མི་འདྲ་ས་ལ་ཁ་གཡར་ལེ་བདའ་མེད་པར། འདྲ་ས་ཆོས་ལུགས་རིག་གནས་ཀྱི་ཞིང་ས་ལེབ་ཞེང་གཅིག་པར་ཐུགས་གཞིགས་དང་། ཁྱད་པར་དུ་ཡོད་ཚད་ཡོངས་ཁྱབ་རིན་ཐང་གི་ངོས་སམ་ཆབ་སྲིད་ཀྱི་ངོས་ནས་བསམ་བློ་བཏང་སྟེ། བློ་རིག་ཐབས་ཤེས་བསྐོར་བ་ཡིན་ན། རྣམ་པ་ཀུན་ཏུ་དེ་དང་གཅིག་མཚུངས་ཀྱི་འབྲས་བུ་ལོས་ལོན། རྒྱུ་མཚན་ནི། མི་འདྲ་ས་དེ་འདྲ་ས་ལས་ཐོན་པས་སོ།།
བོད་དུ་གན་དྷི་འབྱོན་མིན་དང་། བདེན་པའི་ཨུ་ཚུགས་ལ་རྟེན་གཞི་ཡོད་མེད། འཚེ་མེད་བསྟུན་མེད་ལ་འབྲས་བུ་འབྱུང་མིན་སོགས་ནི་མ་འོངས་ལུང་བསྟན་ལ་ཐོགས་རྡུགས་མེད་པ་ཞིག་མིན་ན་ཅི་ལྟར་ཤེས། ཡིན་རྒྱུ་ནི། ལུང་བསྟན་དེ་བོད་མི་སོ་སོའི་སེམས་ལ་ཡོད་དགོས་ངེས་ཏེ། ཁོ་བོ་ནི་དེ་ལ་ཡིད་ཆེས་སོ།།
ཁོ་བོ་བློ་མི་བདེ་བ་ཞིག་ཡོད་དེ། གན་དྷིའི་ལྟ་སྤྱོད་ནི་སྤྱི་ཚོགས་ཆབ་སྲིད་མཚན་ཉིད་རིག་པའི་ཁོངས་གཏོགས་ཀྱི་གཞུང་ལུགས་ཆེན་པོ་ཞིག་རེད། གཞུང་ལུགས་ཆེན་པོ་དང་གནས་ལུགས་ཆེན་པོ། སྤྱོད་སྒོ་ཆེན་པོ་ཡོད་པའི་ཐབས་ཤེས་ཟུང་འབྲེལ་ཆེན་པོ་འདི་ཁོ་བོས་རྒྱ་ནག་ནང་བཞིན་ཐབས་ཀྱི་ཆ་མ་གཏོགས་ཤེས་རབ་ཀྱི་ཆ་དོར་བ། གསལ་པོར་བཤད་ན། འཚེ་མེད་བསྟུན་མེད་དེ་སྤྱོད་པའི་ཆ་མ་གཏོགས་ལྷ་མི་ངོ་བོ་དབྱེར་མེད་དང་མི་སེམས་དགེ་བའི་རང་བཞིན་གཅིག་མཚུངས་ཀྱི་ལྟ་བའི་ཆ་དབྱུགས་པ། མདོར་ན་གན་དྷི་དུམ་བུ་གཉིས་སུ་གཏུབས་ཏེ་ཡ་གཅིག་མ་གཏོགས་མ་ལོན་པ(ལོན་ཡང་བེད་སྤྱོད་གཏོང་ཐུབ་མེད་པ)དེ་འདྲ་མ་ཡིན་པར། གན་དྷིའི་བསམ་བློའི་འབྱུང་ཁུངས་དང་། ལྟ་བ། སྤྱོད་པ། ལས་འགུལ། སྐུ་ཚེའི་རིན་ཐང་བཅས་ཟུར་སོ་སོ་ནས་ཤིན་ཏུ་གཟབ་གཟབ་ཀྱིས་མཚམས་སྦྱོར་བྱེད་ཁུལ་བྱས་པ་ཡིན་མོད། འོན་ཀྱང་། ཆོས་ལུགས་ལྟ་གྲུབ་ཀྱིས་རེངས་པའི་ཁ་བཤད་ཆོས་པ་ཚོས་གང་འདི་ཕྱི་རོལ་པ་ལ་བཞེད་དེ་ལྟ་བ་ངན་པའི་མུ་ལ་སྟེགས་འཆའ་བར་སྨད་ན་ཅི་བྱ། འགྲོ་མིའི་ཐོབ་ཐང་གང་ཡང་ཐུན་མོང་ཐོན་སྐྱེད་ལ་རེ་བའི་ཁེ་ཕན་རིང་ལུགས་པ་ཚོས་གང་འདི“བློ་ལོག”དང“ལོག་སྤྱོད”དུ་དཔྱད་མཚམས་བཅད་དེ་ཁྲི་མོན་དུ་བརྫངས་ན་ཅི་བྱ། སྙིང་སྟོབས་སྟག་ལ་ཞོན་པའི་དཔའ་བོ་ཚོས་གང་འདི་གཉོམ་ཆུང་ངང་འཐེན་རྣོ་ངར་ཞན་པ་ཞེས་བསྡིགས་ན་ཅི་བྱ། ཁོ་བོར་འཇིགས་དོགས་ལྕིའོ།།
ཁོ་བོ་ཞེ་འཚེར་བ་ནི། མཚམས་སྦྱོར་སླ་ཡང་ཉམས་ལེན་དཀའ་བའི་ཆབ་སྲིད་མཚན་ཉིད་རིག་པ་འདི་ཁོ་བོས་དཔྱིས་མ་ཕྱིན། གཏིང་མ་ལོན། མགོ་མ་ཚོས་པར་ཕོ་ངན་ཚིག་ལ་འོར་བཤད་དང་མོ་ངན་རྩམ་པ་ཉིས་འཐག་བྱ་དགོས་བྱུང་ན་ནི་ཞེ་འཚེར་བའི་གཞི་ཡིན་ལ། བོད་ལ་མཚོན་ན། ཤེས་རབ་ཀྱི་ཆ་ལ་བསླབ་ཏུ་མེད་ཀྱང་ཐབས་ཀྱི་ཆ་ལ་རྣམ་དག་ཧུར་བརྩོན་གྱིས་བསླབ་ཏུ་ཡོད་པའི་རིག་པ་གསར་པ་འདི་ཁོ་བོའི་བསམ་སར་མ་སོང་གསེག་སར་འགྲོ་བ་དང་། ཐ་ན་ཁོ་བོ“ངན་པ་གཏི་ཐུག”གི་དབང་གིས་ལྡོག་ཕྱོགས་ཀྱི་ནུས་པ་དེ་འདྲ་ཐོན་ན་ནི་དེ་བས་ཀྱང་ཞེ་འཚེར་བའི་གཞི་རེད་དོ།།
དགའ་འོས་པ་ཞིག་ལ། འཚེ་མེད་བསྟུན་མེད་ཀྱི་ཐབས་ལ་སྤྱོད་པའི་རྟགས་ནི་ལོ་འདི་འགར་མཐོང་རྒྱུ་ཡོད་འདུག དེ་ནི2006ལོའི་ཟླ་དང་པོ་ནས་བཟུང་བྱུང་བ་སྟེ་ཁོ་བོའི་སྐད་ཀྱིས་བཤད་ན་རྒྱན་ལྤགས་སྲེག་སྦྱོར་གྱི་ལས་འགུལ་ནས་འགོ་བརྩམས་པ་ཡིན་པར་འདོད། ཁྱད་པར་དུ་ས་བྱི་ཞི་བའི་གསར་བརྗེ་ནས་བཟུང་། བོད་མདོ་དབུས་ཁམས་གསུམ་ལ་རྣམ་པ་ཞི་བ་ཡིན་པའི་སྐད་འབོད་དང་། ཁྲོམ་སྐོར། རེ་ཞུ། རྨོ་འདེབས་མཚམས་འཇོག མར་མེ་ཁྲོམ་སྐོར། ལོ་གསར་དུས་སྟོན་མི་རོལ་བ། སྨྱུང་གནས་སྲུང་བ་སོགས་ཀྱི་གནས་ཚུལ་དོན་རྐྱེན་ག་ས་གར་བྱུང་ཞིང་། ཐ་ན་འུ་ཐུག་ངོ་རྒོལ་གྱི་རྟགས་སྟོན་ཕྱིར་རང་ལུས་གནམ་ཐག་ཆུར་ལྕེབ་དང་རང་སྲེག་བྱས་པའི་སྐྱི་གཡའ་བ་དེ་འདྲའང་རྣ་ལ་ཐོས་རྒྱུ་འདུག དེ་དག་མི་བུ་སྒེར་གྱི་རྣམ་པས་དང་། འདུས་ཚོགས་ཀྱི་རྣམ་པས་དང་། ཁྱོན་ཡོངས་ཀྱི་རྣམ་པ་གང་རུང་གིས་འབྱུང་གི་ཡོད་མོད། དམིགས་ཡུལ་ཡོད་པ་དང་། འཆར་གཞི་ཡོད་པ། རྩ་འཛུགས་ཡོད་པའི་ལས་འགུལ་མཚན་ཉིད་ཚང་བ་ཞིག་ཏུ་ནི་ཆགས་བཟོ་མི་འདུག ཡིན་ནའང་། ཐལ་མཐའི་རྣམ་འགྱུར་སྟོན་སྟངས་ལ་ཤས་མ་གཏོགས་གཞན་ཕལ་ཆེ་བ་ནི་བདེན་པའི་ཨུ་ཚུགས་སམ་འཚེ་མེད་བསྟུན་མེད་ཀྱི་སྤྱོད་པ་ཡིན་དང་ཡིན་ཏེ་བསྙོན་དུ་མེད་དོ།། ཕངས་ཆེ་བ་ནི། གན་དྷིའི“སྤྲུལ་སྐུ”མ་བྱོན་པ་དེའོ།། 
གང་ལྟར་ཀྱང་། ང་རྒྱལ་དང་བཅས་ཏེ། ཁེངས་དྲེགས་དང་བཅས་ཏེ། གཟི་བརྗིད་དང་བཅས་ཏེ་སྨྲ་ནུས་པ་ཞིག་ནི། ཞིབ་ཏུ་བརྗོད་པར་ངལ་བའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ནི་ད་ལྟ་བོད་མི་ཕལ་ཆེ་བར་རང་དབང་དང་། དམངས་གཙོ་དང་། ཐོབ་ཐང་གིས་མཚོན་པའི་ཆབ་སྲིད་ཐོབ་ཐང་གི་བག་ཆགས་གང་དེ་ཟར་ཟིར་དུ་སད་འགོ་ཚུགས་བྱུང་བའི་ཚུལ་དེ་རེད། དེའི་ཕྱིར། དུས་ཐོག་ཆར་པའི་ཚུལ་གྱིས་ཡོངས་ཁྱབ་རིན་ཐང་གི་རྒྱུན་ཤེས་ངོ་སྤྲོད་དང་། དེ་ལ་དེ་འཚམ་གྱི་ཐབས་ཤེས་མན་ངག་སྤྱི་མ་རྣམས་སློབ་རྒྱུ་བྱུང་ན་ནི། ཡོངས་ཁྱབ་རིན་ཐང་ཐམས་ཅད་དེ་ལ་དེ་ལྟར་དུ་བརྩི་བའི་བསྐལ་པ་ཞིག་ངེས་པར་དུ་ཤར་བ་གདོན་མི་ཟའོ།། རྒྱུ་མཚན་ལ་གཉིས་ཏེ། གཅིག་ནི་འཇིག་རྟེན་པའི་མི་རྣམས་ཀྱི་མོས་འདུན་མཐོ་ཤོས་ནི་ཡོངས་ཁྱབ་རིན་ཐང་དེ་དག་ཡིན་པ་དང་། ཅིག་ཤོས་ནི་འགྲོ་མིའི་ཆབ་སྲིད་ལམ་ལུགས་གང་ཡང་མི་བུའི་ཡོངས་ཁྱབ་རིན་ཐང་དེ་དེ་བཞིན་དུ་བརྩི་འཇོག་ལ་འཕེལ་འགྱུར་བྱུང་དང་འབྱུང་བཞིན། མ་འོངས་པ་ནའང་འབྱུང་བར་འགྱུར་བས་སོ།།
 
མཇུག་བསྡུ་བ།
 
ཕྱི་ལ་བལྟས་ཏེ་བཤད་ན། དེང་དུས་ཡོངས་ཁྱབ་རིན་ཐང་གི་ཕྱིར་དུ་འཐབ་རྩོད་བྱེད་པ་གང་ཡང་ས་གནས་དེ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡི་གནད་དོན་ཞིག་ཏུ་ཆགས་འདུག བོད་ཀྱི་གནད་དོན་ཡང་དེ་བཞིན་འཛམ་གླིང་ཀུན་གྱིས་ཤེས་པའི་གནད་དོན་ཞིག་ཏུ་ཆགས་བཟོ་འདུག  བོད་ཀྱི་གནད་དོན་ཞེས་ཀྱང་རུང་། བོད་ཀྱི་དཀའ་ཉོག་ཅེས་ཀྱང་བླ། ལྷ་སའི་དོན་རྐྱེན་ཟེར་ཡང་འདྲ། གང་ལྟར་བོད་དུ་ལྷགས་པའི་གནད་དོན་འདི་ནི། དབང་སྡེམ་སྒེར་གཅོད་པས་བོད་དུ་གནད་དོན་མེད་མདོག་གིས་བོད་རྣམས་ལེགས་པོ་ཆེན་པོའི་དུས་སྐབས་སུ་གནས་ཡོད་ཅེས་དང་། བོད་རྣམས་བརྟན་འཇགས་ལྷིང་ཆགས་སུ་ཡོད་ཅེས་བཤད་པ་ལྟ་བུ་གཏན་ནས་མ་ཡིན་པར། གནད་དོན་ལྷགས་འདུག་པ་གཞིར་བཞག་དང་། གནད་དོན་དེ་ཡང་ཤིན་ཏུ་རབ་ཏུ་ཚབས་ཆེན་གྱི་ངང་ལ་ཡོད་པ་ཕྱི་གསལ་ནང་གསལ་རེད། ཡོངས་གྲགས་བོད་ཀྱི་གནད་དོན་འདི། འཛམ་གླིང་དུ་མི་བསད་ཁྲག་སྦྱོར་གྱི་འཐབ་ར་གསར་པ་ཞིག་ཏུ་མ་ཆགས་སྔོན་ལ། གནད་དོན་ཆེན་པོ་ཞིག་གི་ཚད་ནས་ངོས་འཛིན་བྱེད་མིན་ནི་འཛམ་གླིང་ཆབ་སྲིད་པ་རྣམས་ཀྱི་བློ་གཤོག་ཆེ་མིན་ལ་རག་ལས་འདུག་ལ། བོད་ཀྱི་གནད་དོན་འདི་ལོ་རྒྱུས་དང་གནས་བབ། དོན་དངོས་ཀྱི་ཆ་སོགས་ནས་གྲོས་མོལ་བྱེད་རྒྱུ་ཡོད་པར་མ་ཟད། བོད་མིའི་མང་མོས་རྨང་གཞིའི་སྟེང་ནས་ཐག་གཅོད་བྱེད་རྒྱུ་ཡོད་པ་བཤད་མ་དགོས། གང་ལྟར་གནད་དོན་ནི་ཐག་གཅོད་མི་བྱེད་རང་བྱེད་ཆགས་འདུག
ཡང་བོད་ཀྱི་གནད་དོན་འདི་མི་མངོན་པ་ནས་མངོན་པ་དང་། མི་གསལ་བ་ནས་གསལ་བ། མི་སྲིད་པ་ནས་སྲིད་པར་སོང་ཕྱིར། གྱོད་དོན་མ་བཟོས་པ་ལ་སྣང་འཇོག་མི་བྱེད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བལྟས་ནའང་། ད་ནི་བཤད་རྒྱུ་དང་གཏམ་རྒྱུ་གཉིས་ཀ་ཡོད་པའི་གྱོད་དོན་ཆེན་པོ་བཟོས་ཚར་འདུག་ཅིང་། ཡོངས་ཁྱབ་རིན་ཐང་བཤད་མཁན་དག་གི་བདེན་རྒྱབ་དྲང་གཟུགས་ལ་ཉམས་སད་ཚོད་བགམ་ཆེན་པོ་བྱས་ཡོད།
བོད་རྣམས་ཀྱིས་གནད་དོན་འདི་མི་བུའི་རང་དབང་སྲོག་ཤིང་ཡིན་པའི་ཡོངས་ཁྱབ་རིན་ཐང་གི་རྩ་དོན་དང་། གཉིས་ཕན་ཞི་བདེའི་ལམ་ནས་ཐག་ཆོད་པའི་སྨོན་འདུན་འཆང་གི་ཡོད་པ་མ་གཏོགས། རང་གཞན་གཉིས་འཕུང་གི་ལམ་དུ་འཇུག་པའི་ཞེ་གནག་བསམ་གྱི་ཡོད་པ་མ་རེད། ཡིན་ནའང་། སྒེར་གཅོད་སྲིད་གཞུང་ནི་ནམ་ཡང“ལོ་རྒྱུས་ཀྱི་ནོར་འཁྲུལ་གྱི་ཕྱོགས་སུ་ལངས་འདུག” (ཨ་རིའི་སྲིད་འཛིན་ལས་ཐོག་ཨའོ་སྦ་མ་ཡི་གསུང)ཕྱིར། གྲོས་མོལ་དང་གཟུ་བཤད་གང་ཡང་སྣང་ལ་མ་ངེས་པའི་ཚུལ་དུ་བསྐྱུར་འགྲོ་བས། རེ་བ་ཆེན་པོ་རྒྱག་རྒྱུ་ཡོད་པ་མ་རེད། དེས་ན། རང་གིས་རང་ལ་ཡིད་ཆེས་ཀྱིས་ཁ་ནང་ལ་འཁོར་ཏེ་ཐབས་ཤེས་བསྐོར་བ་ནི་གཙོ་བོ་ལས་ཀྱི་རྒྱལ་པོ་རེད་འདོད།
ནང་ལ་བལྟས་ཏེ་བཤད་ན། བོད་རྣམས་ད་ལྟ་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོ་ཞིག་ཏུ་གནས་འདུག དཀྱོགས་མཚམས་ཆེན་པོའི་སྒང་ལ་ལམ་གྱི་འདམ་ག་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། བོད་རྣམས་ཀྱིས་ལོ་རྒྱུས་དཀྱོགས་མཚམས་ཀྱི་འདམ་ག་མ་ཤེས་པར་ནོར་འཁྲུལ་གང་མང་བཟོས་འདུག་པ་འདས་སོང་ཕྱིར་དྲན་བྱས་པས་འཐུས། བོད་དུ་སྔོན་ཆད་ལོ་རྒྱུས་ཀྱི་མཐོ་ས་ནས་ཆབ་སྲིད་ཇུས་འགོད་བྱེད་མཁན་བྱོན་མྱོང་མེད། བྱོན་མ་བྱོན་དེའང་ཕུགས་དེད་ན་མང་མང་གི་བསམ་བློའི་ཆུ་ཚད་དང་མི་སྒེར་གྱི་གོ་རྟོགས་སད་མིན་ལ་རག་ལས་འདུག ད་ཚོད་དུ། བོད་དུ་ཡོངས་ཁྱབ་རིན་ཐང་གི་ས་བོན་དེ་སྟེང་ནས་འོག་ཏུ་གསོལ་རས་གནང་བྱུང་བ་ནི་ངོ་མཚར་ཆེ་ལ། དེ་བཞིན་འོག་གི་འབྲས་བུ་ལ་དུས་ཐོག་གི་ཆུ་ལུད་དྲོད་གསུམ་འཛོམས་པ་ཆོས་ཉིད་ཀྱི་བདེན་པ་ཡིན་ཕྱིར། ཅིས་ཀྱང་ཐལ་མཐའ་ལ་མི་ལྷུང་བའི་འཛིན་གཏོང་ཁ་སྒྱུར་བྱང་ཆུབ་པ་གནད་དུ་ཆེ།
བོད་ནང་དུ་མི་སེར་མཁས་པ་བརྒྱ་ཡི་གསུང་བཤད་ལས་བླ་སྤྲུལ་བླུན་པོ་གཅིག་གི་གླེན་གཏམ་བྲིན་ཆེ(མ་མཐར་ཡང་ཨ་མདོ་རུ་དེ་འདྲ་རེད)བ་དངོས་ཡོད་གནས་ཚུལ་དང་། ཐབས་ཉི་ཚེ་བའི་ངོས་ནས་བཤད་ན། འགལ་འདུའི་གདོང་གཏུག་གི་དུས་སུ་བོད་ཀྱི“མི་ཡི་ལྷ”བཞུགས་ཚད་ལ་ཅིས་ཀྱང་ཤེས་རབ་དང་བློ་གྲོས་འཁྲུངས་པ་ཁ་ཚ་དགོས་གཏུག་གི་འགན་འཁྲིར་སོང་འདུག་ལ། གང་ཡང་གནད་ཆེན་དང་གཉན་འཕྲང་གི་སྐབས་སུ་ལྷག་ཏུ་དཔྱོད་ཤེས་དང་རིགས་ཤེས་རྩལ་དུ་འདོན་པ་གལ་འགངས་ཆེ་ཞེས་ཁོ་བོས་སྨྲ།
རང་ལ་བལྟས་ཏེ་བཤད་ན། འཇིགས་སྐྲག་གི་ཚོར་པས་གསར་བརྗེ་ལ་ཞུགས་པའི་དཔའ་སྙིང་མེད་སོང་བ་ལས། རྒྱུ་འབྲས་བློ་མིག་གིས་ཀུན་ནས་མནར་བ་བཟོད་པ་དཀའ། རྒྱུ་འབྲས་བློ་མིག་གིས་འཇིགས་སྐྲག་གི་མགོ་གནོན་པ་ནི་འཕག་འཚག་གི་བརྒྱུད་རིམ་རིང་པོ་ཞིག་རེད། དེ་ལྟར། དམིགས་ས་རང་དབང་གི་རྒྱལ་ས་དང་། ཐབས་ལམ་འཚེ་མེད་བསྟུན་མེད་ཡིན་པ་ལ། ས་ཆོད་འཕར་ལྡིང་གཅིག་གིས་རི་རྩེ་མི་སྙོགས་པས་ན་དོན་ཕྲན་ཚེགས་ཙག་ཙིག་ནས་རྩོམ་པ་དང་། སྐད་ཅིག་དཀྲོང་བསྐྱེད་གཅིག་གིས་སངས་རྒྱས་མི་འགྲུབ་པས་ན་དུས་ག་ལེ་ག་ལེར་འབྱོན་པ་ནི་ཐབས་རྩལ་དུ་མཐོང་ཡོད་པ་སྟེ། དཔྱོད་ཤེས་ཡིན་པ་སྙམ་སྟེ་སྨྲ་བ་འདི་སོགས་ནི་ཡི་གེ་ཙམ་ལས། ལག་ལེན་དང་བསྡུར་པས་འུད་ཤོབ་རྐྱང་རྐྱང་དང་། ཡི་གེ་ལ་སྒྲ་སྙན་རྡུང་ལེན་གཅིག་གི་ཕན་ཐོགས་ཀྱང་མེད་པ་འདྲ་བས། བསམ་ཞིང་བསམ་ན་རྒྱུ་འབྲས་བློ་མིག་གི་ཟུག་གཟེར་གཅོག་ཐབས་ཙམ་རེད།
ཡིན་ནའང་། ཕར་བལྟས་ཚོད་ལ། གསར་བརྗེ་མུ་ཡོད་པ་ཞིག་བྱེད་རྟགས་མཐོང་ན། དེང་དུས་ཀྱི་གསར་བརྗེ་བྱེད་སྟངས་ནི་དང་པོ་ཞི་བ་དང་། གཉིས་པ་ཞི་བ་ཡིན་ལ་གསུམ་པའང་ཞི་བ་རེད། དཔེར་ན་མེ་ཏོག་རྒྱ་སེའི་གསར་བརྗེ་དང་། མེ་ཏོག་ཨ་འབྲུམ་གྱི་གསར་བརྗེ་དང་། མེ་ཏོག་ཡུལ་རྒྱན་གྱི་གསར་བརྗེ་སྟེ་མེ་ཏོག་འཆང་བཞིན་གསར་བརྗེ་ལ་ཞུགས་པའི་རྣམ་པ་ལྟ་བུ་རེད། གཞན་དག་གི་དཔྱད་འབྲས་སུ། འཛམ་གླིང་མི་ལོ་ཉིས་བརྒྱའི་རིང་གི་ཆབ་སྲིད་འཐབ་རྩོད་མི་འདྲ་བ་སུམ་བརྒྱ་ལྷག་ལས། དྲག་པོའི་འཐབ་རྩོད་ལས་ཀྱི་རྒྱལ་ཁ་ལོན་ཚད་ནི23%དང་། ཞི་བའི་འཐབ་རྩོད་ལས་ཀྱི་རྒྱལ་ཁ་ལོན་ཚད་ནི56%རེད་ཅེས་བསྡོམས་ཚིག་ཏུ་བཀོད་པ་ཐོས། བྱེ་བྲག་ཞིབ་འཇུག་གི་དོན་ལ་ཅིས་ཀྱང་ཡིད་ཆེས་དགོས་ངེས་རེད། རྒྱུ་མཚན་དེའི་ཕྱིར། ཁ་བཏགས་སམ་ཕྲེང་བའམ་མར་མེ་གང་རུང་ཞིག་གིས་མཚོན་ཏེ་འཚེ་མེད་ཞི་བས་གསར་བརྗེ་བྱེད་ནུས་ན་ནི། བོད་དུ་མིང་དོན་མཚུངས་པའི་ཞི་བའི་གསར་བརྗེ་ཞིག་ལོས་འཁྱོངས་སྙམ་པ་སྟེ། གང་ལྟར། ལོག་ལམ་དྲག་ཐལ་ལ་མི་འཕྱན་པ་གནད་དུ་ཆེ་ཞེས་པ་ནི་ཁོ་བོས་ཡང་བསྐྱར་བཤད་འདོད་པ་རྡོག་རྡོག་དེ་ཡིན་ཞིང་། རང་དབང་རྒྱས་པ་ལ་གོ་ཅུང་ཟད་ཆོད་པར་སྨོན་ནོ།།
 
 
 
 
ཟུར་བཀོད་དང་པོ།
ཡོངས་ཁྱབ་རིན་ཐང་།
མཚན་ཉིད་རིག་པ་དང་མི་ཚུལ་ཚན་རིག་ལས། ཡོངས་ཁྱབ་རིན་ཐང་ནི་ས་ཁོངས་དང་། ཆོས་ལུགས། རྒྱལ་ཁབ། མི་རིགས་ཀྱི་དབྱེ་བ་མེད་པར་དཔལ་ཡོན་སྤྱི་ཚོགས་ཀྱི་འགྲོ་བ་མི་ཡོངས་ཀྱིས་རྒྱུ་འབྲས་བློ་མིག་དང་དཔྱོད་ཤེས་ཀྱི་ངོས་ནས་ངོས་འཛིན་གཅིག་པ་བྱུང་བའི་རིན་ཐང་དང་ལྟ་གྲུབ་དེ་དག་ལ་གོ་བ་ཡིན།
ཡོངས་ཁྱབ་རིན་ཐང་གི་གོ་དོན་ནི།
1. མི་ཆོས་དགོངས་བཞེས་ཏེ། འཛམ་གླིང་མི་ཁྱིམ་གཅིག་ཏུ་གྲུབ་ཅིང་། མི་བུ་རེ་རེ་བཞིན་འགྲོ་མིའི་ཕུ་ནུ་ཡིན་པར་ལྟ་བའོ།།
2. མི་ཚུལ་བསམ་བློའམ་མི་བུ་གཞི་རྐང་ཡིན་པའི་བསམ་བློ་སྟེ། མི་བུ་ནི་དམིགས་ཡུལ་དུ་ལྟ་བ་མ་གཏོགས་ཐབས་སུ་མི་ལྟ་བའོ།།
3.རྒྱུ་འབྲས་དྲང་སྙོམས་ཏེ། མི་བུ་སོ་སོར་སོ་སོའི་ཤོག་སྡེའི་ཁྲོད་དུ་རྒྱུ་འབྲས་དྲང་གཞག་དང་སྤྱི་སྙོམས་རིས་མེད་ཀྱི་བགོ་སྐལ་འཐོབ་སྙེག་བྱེད་པའི་ཐོབ་ཐང་ཡོད་པའོ།།
4. འདྲ་མཉམ་དང་རང་དབང་སྟེ། མི་བུ་སོ་སོ་ལྷན་སྐྱེས་སུ་འདྲ་མཉམ་དང་རང་དབང་ཡིན། འདྲ་མཉམ་དང་རང་དབང་གང་ཡང་མི་བུ་སོ་སོར་ལྷན་སྐྱེས་སུ་ཡོད་པའི་ཐོབ་ཐང་ཡིན་པ་མ་གཏོགས། རྒྱལ་ཁབ་དང་། གཙོ་བདག རྗེ་བོ། ཆོས་དཔོན་བླ་སྤྲུལ་གང་རུང་གིས་གནང་སྦྱིན་བསྩལ་བ་ལས་བྱུང་བ་མིན། མི་བུ་ཞིག་ཡིན་ཚེ། རིགས་རྒྱུད་དང་། ཤ་མདོག དབུལ་ཕྱུག ཕོ་མོ། ཆོས་ལུགས། རྒྱལ་ཁབ། མི་རིགས་ཀྱི་དབྱེ་བ་མེད་པར། ཀུན་ལ་མི་བུའི་རྩིས་ཐང་གཅིག་མཚུངས་སུ་ཡོད་པ་ཡིན་ནོ།།
5.མི་བུའི་ཐོབ་ཐང་གནམ་གྱིས་གནང་བ་སྟེ། མི་བུའི་གོ་ཐང་ནི་རྒྱལ་ཁབ་ཀྱི་སྟེང་ལ་ཡོད། རྒྱལ་ཁབ་ཆགས་གནས་ཀྱི་དམིགས་ཡུལ་ནི་མི་བུ་ཡིན་པ་མ་གཏོགས། མི་བུ་ནི་རྒྱལ་ཁབ་ཀྱི་ཕྱིར་དུ་འཚོ་བ་མ་ཡིན། རྒྱལ་ཁབ་ལ་མི་བུ་སོ་སོའི་ལྷན་སྐྱེས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་སྟེ། དཔེར་ན་འཚོ་གནས་ཀྱི་ཐོབ་ཐང་དང་། འཇིགས་སྐྲག་མྱོང་མི་དགོས་པའི་ཐོབ་ཐང་། ཕྲུ་གུ་སྐྱེ་བའི་ཐོབ་ཐང་། གནས་ཚུལ་ཤེས་རྟོགས་ཀྱི་ཐོབ་ཐང་། དབུལ་ཕོངས་མྱོང་མི་དགོས་པའི་ཐོབ་ཐང་། བསམ་བློ་གཏོང་བའི་རང་དབང་། འདོད་མོས་སྟོན་པའི་རང་དབང་། འདུ་འཛོམས་ཁྲོམ་སྐོར་གྱི་རང་དབང་ལྟ་བུའོ།། འདི་ནི་རྒྱལ་ཁབ་ཆགས་གནས་ཀྱི་དམིགས་ཡུལ་ཡིན། གལ་ཏེ་སྲིད་གཞུང་གིས་དེ་དག་མི་འབྱོན་པ་ཡིན་ན། མི་དམངས་ཀྱིས་དུས་ཐོག་ཏུ་སྲིད་གཞུང་གང་དེ་བརྗེ་སྒྱུར་དང་མགོ་རྟིང་བཟློག་རིགས་པ་ཡིན་ནོ།།
6.མི་བུ་ཀུན་ལ་རྩིས་མཐོང་ཡོད་པ་སྟེ། རང་གིས་གང་ཞིག་མི་འདོད་པ་དེ་གཞན་ལ་བཙན་གྱིས་སྤྱོད་པ་མིན། རང་དབང་འཐོབ་སྙེག་བྱེད་པ་ནི་ངེས་པར་དུ་གཞན་ལ་བཙན་གནོད་མི་བྱེད་པའི་སོ་མཚམས་ལས་བརྒལ་བ་མིན་པའོ།།
7.དམངས་གཙོ་ཁྲིམས་སྐྱོང་ཡིན་པ་སྟེ། “མི་དམངས”ནི་ད་གཟོད་རྒྱལ་ཁབ་ཀྱི“བདག་པོ”ངོ་མ་ཡིན་ལ་སྲིད་གཞུང་ནི་ཞབས་ཞུ་པ་ལས་མ་འདས། སྲིད་འཛིན་པ་ལ་ནི་མི་དམངས་ཀྱིས་མངག་བཅོལ་གནང་བའི་དབང་ཆ་ཉི་ཚེ་བའམ་གནས་སྐབས་ཀྱི་དབང་ཆ་ཡོད་པ་མ་གཏོགས། རྒྱལ་ཁབ་ཀྱི་བདག་པོ་ངོ་མ་མ་ཡིན། དབང་འཛིན་པས་ངེས་པར་དུ་ཀུན་གྱིས་ཁས་ལེན་པའི་ཁྲིམས་ལུགས་ཚད་གཞིར་བྱས་ཏེ་རྒྱལ་ཁབ་སྐྱོང་བ་ལས། མི་སྒེར་གྱི་འདོད་མིན་དབང་བཙན་པར་བྱས་ཏེ་ཚད་གཞི་གང་རུང་ཅི་འདོད་སྒྱུར་བཅོས་ཀྱིས་རྒྱལ་ཁབ་ཀྱི་བདག་པོ་སྟེ། མི་དམངས་རྣམས་ཅི་བྱ་གཏོལ་མེད་བཟོ་མི་རུང་བའོ།།
8.སྣ་མང་ལ་བརྩི་འཇོག་ཡོད་པ་སྟེ། མི་བུ་རེ་རེ་དང་། གདུང་རྒྱུད་རེ་རེ། རིག་གནས་རེ་རེར་དེ་བཞིན་གྱི་ཁྱད་གཤིས་ཡོད་པ་ཡིན། གང་གང་ལས་ཡང་དག་ཡིན་རྒྱུ་མེད་ཅིང་། གང་གང་ལས་ཁྱད་དུ་འཕགས་པའང་མེད། རེ་ཞིག་གང་སུ་དག་གཙོ་རྒྱུགས་སུ་གྱུར་པ་ཡོད་ནའང་། མི་མཐུན་པ་གཞན་དག་གི་འཚོ་གནས་དང་སྐད་སྒྲ་ལ་བརྩི་འཇོག་དང་གུ་ཡངས་ཡོད་འོས་པ་ཡིན་ནོ།། 
9.རང་བྱུང་ལ་བརྩི་འཇོག་ཡོད་པ་སྟེ། སའི་གོ་ལ་ནི་གཅིག་ལས་མེད། འགྲོ་བ་མིའི་རིགས་ནི་སའི་གོ་ལའི་བུ་སྤུན་ཉམ་ཆུང་སྐོར་ཞིག་དང་འགྲོན་པོ་ཁག་ཅིག་ལས་མ་འདས། དེའི་ཕྱིར། སྒེར་སེམས་དང་སྟབས་བདེ་པོ་ཁོ་ན་ཙམ་གྱི་སླད་དུ་རང་བྱུང་ཁོར་ཡུག་ལ་གཏོར་བརླག་ཚད་མེད་བཟོས་ཏེ། མི་བུ་གཞན་དག་དང་། སྐྱེ་དངོས་གཞན་དག  མ་འོངས་བུ་རབས་ཚ་རྒྱུད་ཀྱི་འཚོ་གནས་ཡུལ་གཞིས་རྨེག་མེད་གཏོང་མི་རིགས་པ་ཡིན་ནོ།།
10.ཚེ་སྲོག་ལ་བརྩི་འཇོག་ཡོད་པ་སྟེ། ཚེ་སྲོག་ཐམས་ཅད་ཀྱི་འཚོ་གཞེས་རིན་ཐང་ལ་བརྩི་འཇོག་ཡོད་པ་དང་། འཚོ་གནས་ཀྱི་མཁོ་གལ་ཕུད། སྲོག་ལྡན་གཞན་དག་གི་འཚོ་གནས་ཀྱི་ཐོབ་ཐང་ལ་བརྩི་འཇོག་ཡོད་འོས་ལ། མི་བྱེད་ཐུ་མེད་བྱུང་ནའང་སྲོག་ལྡན་གང་དེའི་འཆི་བའི་སྡུག་བསྔལ་དང་འཇིགས་སྐྲག་ཆུང་དུ་གཏོང་དགོས་པ་ཡིན་ནོ།།
11.“ཁེ་ཕན་རིང་ལུགས”པ་ལ་ནི་ཕན་ཚུན་གུ་ཡངས་སྒོམ་པ་སྟེ། གཞན་གྱི་ཁེ་དབང་ལ་རྡོག་བརྫིས་མི་གཏོང་བ་སྔོན་དུ་སོང་བ་ལས། མི་བུ་སོ་སོར་ཆེ་འདོད་ཆེ་འཚེངས་དང་ཆེ་ཧམ་ཆེ་ཁེངས་ཀྱི་སེམས་པ་ཡོད་རུང་བའི་ཁོག་རྒྱ་དགོས་པའོ།།
12.“རང་ཕན་རིང་ལུགས”པ་ལའང་ཕན་ཚུན་གུ་ཡངས་སྒོམ་པ་སྟེ། རང་གིས་གང་ཞིག་འདོད་པ་དེ་གཞན་དག་གིས་ཀྱང་འདོད་པ་ཡིན་ཕྱིར། ཀུན་ཀྱང་ཚུལ་མཐུན་ལུགས་མཐུན་གྱི་སྒེར་སེམས་སོར་ཉར་རུང་བའི་ཁོག་རྒྱ་དགོས་པའོ།།
གོང་གསལ་ཡོངས་ཁྱབ་རིན་ཐང་ནི་རྩོད་གླེང་ཅན་ཞིག་ཡིན་འདུག་ནའང་། ཕན་ཚུན་རྩོད་སྒྲུབ་དང་དཔལ་ཡོན་མདུན་སྐྱོད་ཀྱི་འགྲོས་དང་བསྟུན་ནས། གཞི་རྩའི་སྲོག་ཤིང་རྣམས་ཉིན་བཞིན་ཇེ་གསལ་དང་ཇེ་བརྟན་ཡིན་པར་སྨྲ་ཡི་འདུག
 
 
 
 
ཟུར་བཀོད་གཉིས་པ།
ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་།
༡༩༤༨ལོའི་ཟླ༡༢ཚེས༡༠ཉིན།
སྔོན་བརྗོད།
འགྲོ་བ་མིའི་ཁྱིམ་ཚང་ཁག་གི་ནང་མི་ཡོངས་ལ་རང་བཞིན་ཉིད་ནས་ཡོད་པའི་ཆེ་མཐོངས་དང་འདྲ་མཉམ། སུས་ཀྱང་འཕྲོག་ཏུ་མི་རུང་བའི་ཐོབ་ཐང་བཅས་ཀྱི་གནད་དོན་རྟོགས་པར་བྱེད་པ་ནི། འཛམ་གླིང་ནང་གི་རང་དབང་དང་། དྲང་བདེན། ཞི་བདེ་བཅས་ཀྱི་རྨང་གཞི་ལྟེ་བ་ཡིན།
འགྲོ་བ་མིའི་ཐོབ་ཐང་ལ་སྣང་ཆུང་ཁྱད་གསོད་དང་། དམའ་འབེབས་བྱས་པ་ལ་བརྟེན་ནས་ཀླ་ཀློའི་བྱེད་སྟངས་ཤིག་བྱུང་ཡོད་པ་སྟེ། དེ་ནི་མིའི་རིགས་ཀྱི་བསམ་ཚུལ་བཟང་པོ་དང་མི་མཐུན་པའི་གནས་ཚུལ་ཞིག་བྱུང་བ་རེད། འགྲོ་བ་མིའི་རིགས་ལ་གཏམ་བརྗོད་དང་། དད་མོས་ཀྱི་རང་དབང་སྲུང་སྐྱོབ། དགོས་མཁོ་སྒྲུབ་པའི་རང་དབང་བཅས་ལ་ལོངས་སུ་སྤྱད་ཆོག་པའི་འཛམ་གླིང་ཞིག་འབྱུང་ཐབས་དེ་ནི་སྤྱིར་བཏང་མི་མང་ཡོངས་ཀྱི་རེ་འདོད་ཆེ་ཤོས་ཤིག་ཏུ་ངེས་པ་རྒྱ་ཁྱབ་ཡོངས་སུ་གྲགས་པ་ཡིན།
སྐྱེ་བོ་དག་གིས་འུ་ཐུག་ཐབས་ཟད་ཀྱིས་རྐྱེན་པས་བཙན་དབང་དང་། གཉའ་གནོན་ལ་ངོ་རྒོལ་སྒེར་ལངས་བྱེད་པའི་མཐའ་མའི་བྱ་ཐབས་ལག་བསྟར་མི་དགོས་པ་ཞིག་བྱེད་ན། དེ་ནི་ཁྲིམས་ལུགས་དྲང་འཛིན་གྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་པ་དེ་རང་གལ་གནད་ཆེ་བ་ཡིན།
རྒྱལ་ཁབ་ཁག་གི་དབར་མཛའ་མཐུན་གྱི་འབྲེལ་བ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ཆེ་བསྐྱེད་དགོས་པ་དེ་ནི་ཧ་ཅང་གལ་གནད་ཆེ་བ་ཞིག་ཡིན།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མི་མང་རྣམས་ཀྱི་རང་དབང་རྒྱ་ཆེའི་ཐོག་ནས་སྒྲིག་ཡིག་གི་གཞི་རྩའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། འགྲོ་བ་མིའི་ཆེ་མཐོངས་དང་འོས་མཐོངས། ཕོ་མོ་འདྲ་མཉམ་བཅས་ལ་བློ་མོས་གདེངས་འཁེལ་གྱིས་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་ལ་ནུས་ཤུགས་འདོན་པ་དང་། འཚོ་བའི་གནས་ཚད་ལེགས་སུ་གཏོང་རྒྱུར་སེམས་ཐག་གཙང་མར་བཅད་ཡོད།
འཐུས་མིའི་རྒྱལ་ཁབ་ཚོས་མཉམ་སྦྲེལ་རྒྱལ་ཚོགས་དང་མཉམ་མཐུན་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ལ་སྤྱི་ཡོངས་ནས་མོས་བཀུར་དང་བརྩི་འཇོག་ཤུགས་ཆེ་བྱེད་པའི་ལས་དོན་དེ་དག་ཁོང་ཚོ་རང་ཉིད་ནས་ལག་ལེན་ལེགས་པར་བསྟར་རྒྱུའི་ཁས་ལེན་བྱས་ཡོད།
གོང་གསལ་ཐོབ་ཐང་དང་། རང་དབང་འདི་རྣམས་ཚང་མས་ཤེས་པར་བྱེད་པ་དེ་ནི། ཁས་ལེན་བྱས་པའི་དོན་སྙིང་ལག་ལེན་མཐིལ་ཕྱིན་བསྟར་བའི་ཐབས་ཚུལ་གལ་གནད་ཆེ་ཤོས་ཤིག་ཡིན།
གནས་ལུགས་འདི་ལྟར་ལ་སོང་ད་ཆ་ཚོགས་ཆེན་ནས་ཁྱབ་བསྒྲགས་བྱ་རྒྱུར། མི་མང་ཐམས་ཅད་དང་། རྒྱལ་ཁབ་ཐམས་ཅད་ཀྱི་དོན་དུ་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་འདི་དག་ཀུན་གྱི་མིག་དཔེ་ལྟ་བུར་ཡོངས་སུ་འགྲུབ་པར་བྱེད་པའི་མཐའ་དོན་སྙིང་པོ་ནི་སྐྱེ་བོ་རེ་རེ་དང་། སྤྱི་ཚོགས་ཀྱི་སྡེ་ཚན་རེ་རེ་ནས་གསལ་བསྒྲགས་འདི་དོན་ཡིད་ལ་བརྟན་པོར་རྒྱུན་དུ་བཟུང་སྟེ་མྱོང་འཁྲིད་དང་། སློབ་སྟོན་ལ་བརྟེན་ནས་ཐོབ་ཐང་དང་། རང་དབང་འདི་དག་ལ་བརྩི་བཀུར་རྒྱ་ཆེར་བྱེད་པ་དང་འབྲེལ་རྒྱལ་ཁབ་ཁག་དང་། རྒྱལ་སྤྱིའི་ཐོག་ཏུ་དེའི་གནས་ཚད་གོང་མཐོར་གཏོང་བ་དང་། དེ་དག་ཡོངས་སུ་ཁྱབ་པ་དང་། ཤེས་རྟོགས་དང་བརྩི་བཀུར་དངོས་སུ་འབྱུང་ཐབས་སུ་འཐུས་མིའི་རྒྱལ་ཁབ་ཁག་གི་མི་མང་ཚོ་དང་། ཁོང་ཚོའི་ཁྲིམས་དབང་འོག་ཏུ་ཡོད་པའི་མངའ་ཁུལ་གྱི་མི་མང་བཅས་ཚང་མས་འདི་དོན་ལག་ལེན་བསྟར་རྒྱུར་འབད་བརྩོན་བྱེད་དགོས་པ་ཡིན།
དོན་ཚན་དང་པོ།
འགྲོ་བ་མིའི་རིགས་རྒྱུད་ཡོངས་ལ་སྐྱེས་ཙམ་ཉིད་ནས་ཆེ་མཐོངས་དང་། ཐོབ་ཐང་གི་རང་དབང་འདྲ་མཉམ་དུ་ཡོད་ལ། ཁོང་ཚོར་རང་བྱུང་གི་བློ་རྩལ་དང་བསམ་ཚུལ་བཟང་པོ་འདོན་པའི་འོས་བབས་ཀྱང་ཡོད། དེ་བཞིན་ཕན་ཚུན་གཅིག་གིས་གཅིག་ལ་བུ་སྤུན་གྱི་འདུ་ཤེས་འཛིན་པའི་བྱ་སྤྱོད་ཀྱང་ལག་ལེན་བསྟར་དགོས་པ་ཡིན།
དོན་ཚན་གཉིས་པ།
སྐྱེ་བོ་རེ་རེར་གསལ་བསྒྲགས་འདི་ནང་བཀོད་པའི་ཐོབ་ཐང་དང་རང་དབང་སྟེ། མི་རིགས་དང་། ཤ་མདོག ཕོ་མོ། སྐད་ཡིག ཆོས་ལུགས། སྲིད་དོན་བཅས་སམ། འདོད་ཚུལ་གཞན་དག་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འབྱུང་ཁུངས། མཁར་དབང་། རིགས་རྒྱུད། དེ་མིན་གནས་ཚུལ་འདི་རིགས་གང་ཡང་རུང་བར་དབྱེ་འབྱེད་མེད་པའི་ཐོབ་དབང་ཡོད། ད་དུང་རྒྱལ་ཁབ་བམ། ས་གནས་གང་ཞིག་རང་བཙན་ཡིན་པ་དང་། ལྟ་རྟོག་འོག་ཏུ་གནས་པ། རང་སྲིད་རང་སྐྱོང་མ་ཡིན་པ། གཞན་དག་བདག་དབང་ཚད་འཛིན་ཡོད་པ་བཅས་ཇི་ལྟར་ཡང་དེ་དག་གི་སྐྱེ་བོ་གང་ཞིག་སྲིད་དོན་དང་། ཁྲིམས་དབང་། རྒྱལ་སྤྱིའི་གནས་སྟངས་བཅས་ཀྱི་ཐོག་ཏུ་ཁྱད་པར་མི་དབྱེ་བ་ཡིན།
དོན་ཚན་གསུམ་པ།
སྐྱེ་བོ་རེ་རེར་སྲོག་འཚོ་བ་དང་། རང་དབང་ལ་སྤྱོད་པ། ལུས་པོ་བདེ་སྲུང་བཅས་ཀྱི་ཐོབ་ཐང་ཡོད།
དོན་ཚན་བཞི་པ།
སུ་ཡིན་རུང་ཚེ་གཡོག་དང་། བྲན་གཡོག་ཏུ་བཀོལ་བ་དང་། ཚེ་གཡོག་དང་བྲན་གཡོག་ཉོ་ཚོང་བཅས་ཀྱི་རིགས་རྣམས་ལག་ལེན་མི་ཆོག་པའི་བཀག་བསྡོམས་བྱས་ཡོད།
དོན་ཚན་ལྔ་པ།
སུ་ཡིན་རུང་མནར་གཅོད་གཏོང་བ་དང་། ཡ་ང་སྙིང་རྗེ་བྲལ་ཞིང་མི་སྤྱོད་པ་ལས་འདས་པའམ། མ་རབས་ཀྱི་སྤྱོད་ཚུལ་བཅས་ཏེ། སྡིག་ཉེས་ཅན་གྱི་བྱ་སྤྱོད་འཛིན་པའི་རིགས་མི་ཆོག
དོན་ཚན་དྲུག་པ།
སྐྱེ་བོ་རེ་རེར་ཁྲིམས་ཀྱི་མདུན་ས་གང་འདྲ་ཞིག་ཏུའང་འགྲོ་བ་མི་ཞིག་ལ་ངོས་འཛིན་ཆ་འཇོག་དགོས་པའི་ཐོབ་ཐང་ཡོད།
དོན་ཚན་བདུན་པ།
སྐྱེ་བོ་ཐམས་ཅད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་དང་། ཁྲིམས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་རྒྱབ་གཉེར་སྲུང་སྐྱོབ་བྱེད་དགོས་པའི་ཐོབ་ཐང་ཡོད། ཚང་མས་གསལ་བསྒྲགས་ཀྱི་སྙིང་དོན་འདི་ལས་འགལ་བའི་དབྱེ་འབྱེད་ཀྱི་གནས་ཚུལ་ལ་ངོ་རྒོལ་གང་ཡང་བྱེད་པ་དང་། འདི་ལྟ་བུའི་དབྱེ་འབྱེད་ཀྱི་ངན་འགུལ་ལའང་ངོ་རྒོལ་གང་ཡང་བྱེད་པ་བཅས་ལ་རྒྱབ་གཉེར་བྱེད་དགོས་པའི་ཐོབ་དབང་འདྲ་མཉམ་དུ་ཡོད།
དོན་ཚན་བརྒྱད་པ།
སྐྱེ་བོ་རེ་རེར་རྩ་ཁྲིམས་སམ། ཁྲིམས་ཀྱི་ཐོག་ནས་སྤྲད་པའི་གཞི་རྩའི་ཐོབ་ཐང་རྣམས་དང་། ཕྱོགས་འགལ་གྱི་བྱ་སྤྱོད་རིགས་བྱུང་ཚེ་རྒྱལ་ཁབ་ཀྱི་ཁྲིམས་ཁང་ཚད་ལྡན་ཞིག་ནས་ཕན་ནུས་ལྡན་པའི་གུན་གསབ་ཡོང་དགོས་ཀྱི་ཐོབ་ཐང་ཡོད།
དོན་ཚན་དགུ་པ།
སུ་ཡིན་ཡང་བཙན་ཤུགས་ཀྱིས་འཛིན་བཟུང་དང་། དོ་དམ། ཡང་ན་ཕྱིར་འབུད་བྱེད་པ་བཅས་ཀྱི་མནར་གཅོད་མྱོང་དུ་བཅུག་མི་ཆོག
དོན་ཚན་བཅུ་པ།
སྐྱེ་བོ་རེ་རེར་རང་དབང་ལྡན་ལ་དྲང་ཚུགས་ཆེ་བའི་ཁྲིམས་ཁང་ཞིག་ནས་གང་ལ་གཞན་གྱིས་ཁྲིམས་འགལ་ཉེས་སྐྱོན་གང་ཡང་བཙུགས་པ་དེ་དང་། གང་གི་ཐོབ་ཐང་དང་འོས་འགན་སྐོར་ཐག་གཅོད་བྱེད་པ། དེ་ཡང་ཕྱོགས་ལྷུང་བྲལ་ཞིང་ཀུན་གྱིས་གསལ་ཤེས་ཐུབ་པ་བཟོ་དགོས་བཅས་ཀྱི་ཐོབ་དབང་འདྲ་མཉམ་དུ་ཡོད།
དོན་ཚན་བཅུ་གཅིག་པ།
༡ སྐྱེ་བོ་རེ་རེར་ཁྲིམས་འགལ་ཉེས་སྐྱོན་བཙུགས་རིགས་ལ་གང་གི་བདེན་པ་དག་སྐྱེལ་གྱི་འགན་ལེན་དང་འབྲེལ་ཡོངས་གྲགས་ཁྲིམས་ཞིབ་ཐོག་ནས་འགལ་འཛོལ་བྱས་ཉེས་ར་འཕྲོད་མ་བྱུང་བར་ཉེས་མེད་དུ་སྡོད་པའི་ཐོབ་ཐང་ཡོད།
༢ སུ་ཡིན་ཡང་བྱ་ངན་ལག་ལེན་བསྟར་བའི་དུས་སྐབས་སུ་རྒྱལ་ཁབ་བམ། རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་མ་གསལ་བའི་འགལ་ཉེས་སམ། ཡང་ན་བྱ་སྤྱོད་གང་ཡང་རུང་བ་ཞིག་སྟེ། སྙིང་པོ་ཁྲིམས་འགལ་དོན་རྩར་མ་གཏོགས་པའི་ཁྲིམས་འགལ་གྱི་གནས་ཚུལ་ཅི་འདྲ་ཞིག་བྱུང་རུང་ཉེས་ཅན་དུ་ངོས་འཛིན་མི་བྱེད་པའི་ཁར། དེ་འབྲེལ་ཁྲིམས་འགལ་གྱི་བྱ་ངན་ལག་ལེན་བསྟར་བའི་སྐབས་དེར་ཉེས་ཆད་ཇི་བཏང་དེ་ལས་ལྕི་རུ་གཏོང་བའི་རིགས་ཀྱང་མི་ཆོག
དོན་ཚན་བཅུ་གཉིས་པ།
སུ་ཡིན་རུང་དབང་ཤེད་ཀྱིས་སྒེར་དོན་དང་། ནང་ཚང་། ཁང་ཁྱིམ། ཡིག་འགྲུལ་འབྲེལ་གཏུགས་བཅས་ལ་ཐེ་བྱུས་མི་ཆོག་པ་དང་། གཟི་མཐོངས་དང་མིང་དོན་ལ་གནོད་སྐྱོན་གཏོང་བའི་རིགས་ཀྱང་མི་ཆོག སྐྱེ་བོ་རེ་རེར་དེ་འདྲའི་ཐེ་བྱུས་སམ། གནོད་སྐྱོན་བྱུང་རིགས་ལ་ཁྲིམས་ཐོག་ནས་བདེན་རྒྱབ་བྱེད་པའི་ཐོབ་ཐང་ཡོད།
དོན་ཚན་བཅུ་གསུམ་པ།
༡ སྐྱེ་བོ་རེ་རེར་རྒྱལ་ཁབ་སོ་སོའི་ས་མཚམས་ནང་ཁོངས་སུ་འགྲིམས་འགྲུལ་བྱེད་པ་དང་། གནས་སྡོད་ཀྱི་རང་དབང་ཐོབ་ཐང་ཡོད།
༢ སྐྱེ་བོ་རེ་རེར་རང་ཡུལ་ཐེ་བས་ཡུལ་ལུང་གང་འདྲ་ཞིག་ནས་ཕྱིར་ཐོན་བྱེད་པའམ། ཡང་ན་རང་ཡུལ་དུ་ཕྱིར་ལོག་བྱེད་པའི་ཐོབ་ཐང་ཡོད།
དོན་ཚན་བཅུ་བཞི་པ།
༡ སྐྱེ་བོ་རེ་རེར་རང་ཉིད་གནོད་འཚེ་ལས་གཡོལ་ཆེད་རྒྱལ་ཁབ་གཞན་དག་གི་མངའ་ཁོངས་སུ་སྐྱབས་འཚོལ་གྱི་འཚོ་བར་ལོངས་སུ་སྤྱོད་པའི་ཐོབ་ཐང་ཡོད།
༢ ཐོབ་ཐང་འདི་ལ་བརྟེན་ནས་སྲིད་དོན་མ་ཡིན་པའི་ཁྲིམས་འགལ་ལམ། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་དོན་དང་། བསྒྲུབ་བྱ་ཕྱོགས་འགལ་གྱི་བྱ་སྤྱོད་ལས་དངོས་སུ་བྱུང་བའི་རྩོད་གཞིའི་རིགས་ཞུ་གཏུགས་མི་ཆོག
དོན་ཚན་བཅོ་ལྔ་པ།
༡ སྐྱེ་བོ་རེ་རེར་རྒྱལ་ཁབ་ཅིག་ཡོད་དགོས་པའི་ཐོབ་ཐང་ཡོད།
༢ སུ་གང་གིས་གང་ཞིག་གི་རྒྱལ་ཁབ་ཐོབ་ཐང་བཙན་ཤེད་ཀྱིས་འཕྲོག་པ་དང་། ཡང་ན་དེའི་རྒྱལ་ཁབ་བརྗེ་བསྒྱུར་གྱི་ཐོབ་ཐང་བཀག་འགོག་བྱེད་པའི་རིགས་མི་ཆོག
དོན་ཚན་བཅུ་དྲུག་པ།
༡ སྐྱེ་བོ་ཕོ་མོ་ན་ཚོད་ལོན་པ་རྣམས་ལ་རིགས་རུས་དང་། རྒྱལ་ཁབ། ཆོས་ལུགས་བཅས་ཀྱི་ཚད་འགོག་གང་ཡང་མེད་པར་ཆང་ས་རྒྱག་པ་དང་། ཁྱིམ་ཚང་འཛུགས་པའི་ཐོབ་ཐང་ཡོད། ཁོང་ཚོར་ཆང་སའི་སྐོར་དང་། བཟའ་ཚང་བྱེད་པའི་རིང་། ཁ་བྲལ་དུ་འགྲོ་སྐབས་བཅས་སུ་འདྲ་མཉམ་གྱི་ཐོབ་ཐང་སྤྱོད་པའི་ཐོབ་དབང་ཡོད།
༢ བཟའ་མི་གཉིས་ཀས་རང་དབང་ཁས་ལེན་ཆ་ཚང་བྱེད་པ་ཁོ་ནའི་སྒོ་ནས་ཆང་ས་རྒྱག་དགོས་པ་ཡིན།
༣ ཁྱིམ་ཚང་ནི་རང་བཞིན་གྱི་གཞི་རྩ་ལྡན་པའི་སྡེ་ཚན་གཅིག་སྒྲིལ་གྱི་ཚོགས་པ་ཞིག་ཡིན་ཞིང་། དེ་ལ་ཚོགས་སྡེ་དང་། རྒྱལ་ཁབ་གཞུང་ནས་སྲུང་སྐྱོབ་བྱེད་དགོས་ཀྱི་ཐོབ་དབང་ཡོད།
དོན་ཚན་བཅུ་བདུན་པ།
༡ སུ་ཡིན་རུང་རང་གི་མཁར་དབང་ཇི་ཡོད་རང་ཉིད་ཁེར་རྐྱང་ནས་བདག་གཉེར་བྱེད་པ་དང་། གཞན་དག་དང་སྐྱིད་སྡུག་འདོད་སྒྲིལ་ཇི་བྱེད་བཅས་ཀྱི་ཐོབ་ཐང་ཡོད།
༢ སུ་གང་གིས་གང་ཞིག་གི་མཁར་དབང་བཙན་འཕྲོག་བྱེད་པའི་རིགས་མི་ཆོག
དོན་ཚན་བཅོ་བརྒྱད་པ།
སུ་ཡིན་ཡང་རུང་བསམ་བློ་དང་། དཔྱད་ཤེས། ཆོས་ལུགས་བཅས་ལ་རང་དབང་གི་ཐོབ་ཐང་ཡོད། ཐོབ་ཐང་དེའི་ནང་ཆོས་ལུགས་སམ། དད་མོས་བསྒྱུར་ཆོག་པ་དང་། རང་ཉིད་ཁེར་རྐྱང་ངམ། གཞན་དག་མཉམ་སྦྲེལ་དང་སྤྱི་ཡོངས་སམ། ཡང་ན་སྒེར་ཁག་བཅས་ནས་ཆོས་དང་དད་མོས་སློབ་སྟོན་བྱེད་པ་དང་། ཉམས་སུ་ལེན་པ། ཆོས་སུ་སྤྱོད་པ། ཚུལ་ཁྲིམས་སྲུང་བ་བཅས་མངོན་གསལ་དུ་ལག་ལེན་ཆོག་པའི་རང་དབང་བཅས་ཀྱང་ཚུད་ཡོད།
དོན་ཚན་བཅུ་དགུ་པ།
སྐྱེ་བོ་རེ་རེར་བསམ་བློ་གཏོང་བ་དང་། བསམ་ཚུལ་ཐད་བརྗོད་ཀྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད། ཐོབ་ཐང་དེའི་ནང་གཞན་གྱིས་ཐེ་བྱུས་བྲལ་བའི་མནོ་བསམ་གཏོང་བ་དང་། ས་མཚམས་ཀྱི་དབྱེ་འགོག་མེད་པར་གནད་དོན་གང་ཡང་རུང་བའི་སྒོ་ནས་གནས་ཚུལ་དང་བསམ་གཞི་སྤེལ་བའམ། འཚོལ་བ། ལེན་པ་བཅས་ཀྱི་རང་དབང་རྣམས་ཀྱང་ཚུད་ཡོད།
དོན་ཚན་ཉི་ཤུ་པ།
༡ ཚང་མར་གཞི་མཐུན་གྱི་སྒོ་ནས་འདུ་འཛོམས་བྱེད་པ་དང་། སྐྱིད་སྡུག་གསར་འཛུགས་ཀྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད།
༢ སུ་ཡིན་ཡང་སྐྱིད་སྡུག་གཅིག་ཏུ་ཨུ་ཚུགས་མཐའ་ནན་གྱིས་བདག་ཉར་བྱེད་པའི་རིགས་མི་ཆོག
དོན་ཚན་ཉེར་གཅིག་པ།
༡ ཚང་མར་རང་ཉིད་ནས་ཐད་ཀར་རམ། ཡང་ན་རང་དབང་གིས་འདེམས་བསྐོས་འཐུས་མི་བརྒྱུད་དེ་རང་ཡུལ་གྱི་གཞུང་གི་ལས་དོན་ལ་དོ་འཁུར་བྱེད་པའི་ཐོབ་ཐང་ཡོད།
༢ ཚང་མར་རང་གི་ཡུལ་ལུང་ནང་དུ་མི་མང་ལ་ཞབས་འདེགས་ཞུ་བའི་ཐོབ་ཐང་འདྲ་མཉམ་དུ་ཡོད།
༣ མི་མང་གི་འདོད་པ་ནི་གཞུང་གི་དབང་ཆའི་གཞི་རྩར་འཛིན་དགོས་པ་ཡིན་ཞིང་། འདོད་པ་དེ་ནི་དུས་སྐབས་སོ་སོར་འདེམས་བསྐོ་བྱེད་པའི་ཐོག་གསལ་བར་འདོན་དགོས་པ་དང་། དེ་ཡང་ཡོངས་ཁྱབ་དང་འདྲ་མཉམ་གྱི་འོས་བསྡུའམ། གསང་བ་དང་། རང་དབང་ཅན་གྱི་འོས་བསྡུ་བྱེད་པ་ལ་བརྟེན་ནས་ལག་ལེན་བསྟར་དགོས་པ་ཡིན།
དོན་ཚན་ཉེར་གཉིས་པ།
སྐྱེ་བོ་སུ་ཡིན་རུང་རང་ཉིད་འཇིག་རྟེན་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པར་སོང་རང་ལ་སྤྱི་ཚོགས་བདེ་སྲུང་གི་བྱ་བ་སྒྲུབ་པའི་ཐོབ་ཐང་ཡོད་ཅིང་། དེ་ནི་རྒྱལ་ཁབ་རེ་རེའི་སྒྲིག་འཛུགས་དང་། ཐོན་རྫས་འབྱུང་ཁུངས་ལ་བསྟུན་ཏེ་རྒྱལ་ཁབ་ཀྱི་འབད་བརྩོན་ནམ། ཡང་ན་རྒྱལ་སྤྱིའི་མཉམ་འབྲེལ་ལ་བརྟེན་པའི་སྒོ་ནས་རང་གི་གཤིས་སྤྱོད་འགོག་མེད་རྒྱས་ཐབས་དང་། རང་གི་ཆེ་མཐོངས་ཀྱི་སླད་དུ་ངེས་པར་དགོས་པའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་དོན་འཁེལ་ཡོང་བའི་ཐོབ་དབང་ཡོད་པ་དེ་ཡིན།
དོན་ཚན་ཉེར་གསུམ་པ།
༡ སྐྱེ་བོ་རེ་རེར་ལས་ཀ་བྱེད་པ་དང་། ལས་རིགས་འདོད་འདེམས་བྱེད་པ། དེ་ཡང་དྲང་ལ་འོས་ཤིང་འཚམས་པའི་གནས་སྟངས་དང་འབྲེལ་བའི་ལས་ཀ་བྱེད་པ། ལས་ཀ་མ་ཐོབ་པའི་གནས་ལས་སྐྱོབ་པ་བཅས་ཀྱི་ཐོབ་ཐང་ཡོད།
༢ ཚང་མར་དབྱེ་འབྱེད་གང་ཡང་མེད་པའི་སྒོ་ནས་ལས་དོན་འདྲ་མཚུངས་ལ་གླ་ཕོགས་འདྲ་མཉམ་དགོས་པའི་ཐོབ་ཐང་ཡོད།
༣ ལས་དོན་བྱེད་པོ་ཚང་མར་འགྲོ་བ་མིའི་ཆེ་མཐོངས་ཀྱི་དངོས་དོན་དང་འཚམས་པར་རང་ཉིད་དང་། རང་གི་ནང་མིར་འོས་ཤིང་འདོད་མཐུན་གྱི་གླ་ཕོགས་འགན་ལེན་ཡོང་བའི་ཐོབ་ཐང་ཡོད་པ་དང་། གལ་ཏེ་དགོས་ངེས་བྱུང་ན་སྤྱི་ཚོགས་སྲུང་སྐྱོབ་ཀྱི་དོན་གནད་གཞན་དག་ཐོག་ནས་ཀྱང་འཚོ་སྣོན་བྱེད་དགོས་པ་ཡིན།
༤ སུ་ཡིན་རུང་རང་གི་ཁེ་ཕན་སྲུང་སྐྱོབ་ཆེད་ཚོང་སྦྲེལ་མཉམ་ཚོགས་འཛུགས་པ་དང་། ཚོང་སྦྲེལ་ཚོགས་པའི་ཁོངས་སུ་གཞུག་པའི་ཐོབ་ཐང་ཡོད།
དོན་ཚན་ཉེར་བཞི་པ།
སུ་ཡིན་རུང་ལས་ཀའི་དུས་ཚོད་ལུགས་དང་མཐུན་ཞིང་། དུས་སྐབས་སོ་སོར་གླ་ཕོགས་ཅན་གྱི་དགུང་སེང་ཡོད་པས་མཚོན་ངལ་གསོ་རྒྱག་པ་དང་། ལྷོད་དལ་དུ་སྡོད་པའི་ཐོབ་ཐང་ཡོད།
དོན་ཚན་ཉེར་ལྔ་པ།
༡ སུ་ཡིན་རུང་རང་ཉིད་དང་། རང་གི་ནང་མི་བཅས་པར་ཟས་གོས་དང་། སྡོད་ཁང་། སྨན་བཅོས། དེ་མིན་སྤྱི་ཚོགས་ཞབས་འདེགས་ཀྱི་མཐུན་རྐྱེན་དགོས་ངེས་བཅས་ལ་བརྟེན་ནས་ལུས་པོ་ཐང་ཞིང་། བདེ་ཐབས་འགྲིགས་ངེས་ཀྱི་འཚོ་བའི་གནས་སྟངས་ཤིག་དགོས་པའི་ཐོབ་ཐང་ཡོད་པ་དང་། དེ་འབྲེལ་ལས་ཀ་མ་ཐོབ་པ་དང་། ནད་ཀྱིས་མནར་བ། དབང་པོ་ཡན་ལག་ཉམས་ཤིང་ལུས་ཀྱི་ནུས་སྟོབས་ཤོར་བ། བཟའ་ཟླ་གྲོངས་པའི་ཕོ་ཧྲེང་དང་མོ་ཧྲེང་། རྒས་འཁོགས་བཅས་ཀྱི་སྐབས་སམ། གཞན་དག་རང་གི་ནུས་པས་ལྡེང་མིན་གྱིས་རྐྱེན་པའི་འཚོ་ཐབས་ཐོག་དཀའ་ངལ་བྱུང་སྐབས་དེ་ལ་འཚོ་སྐྱོབ་བྱ་དགོས་ཀྱི་ཐོབ་ཐང་ཡོད།
༢ ཨ་མ་དང་། བུ་ཕྲུག་གི་གནས་སྟངས་ལ་དམིགས་བསལ་གྱི་ལྟ་རྟོག་དང་། རོགས་རམ་དགོས་པའི་ཐོབ་ཐང་ཡོད་ཅིང་། ཆང་ས་བརྒྱབ་ནས་སམ། དེ་མིན་འབྲེལ་བ་བྱུང་བ་ལས་བཙས་པ་གང་ལྟར་ཡང་བུ་ཕྲུག་ཡོངས་ལ་སྤྱི་ཚོགས་ཀྱི་སྲུང་སྐྱོབ་འདྲ་མཚུངས་དགོས་པའི་ཐོབ་དབང་ཡོད།
དོན་ཚན་ཉེར་དྲུག་པ།
༡ སྐྱེ་བོ་རེ་རེར་ཤེས་ཡོན་སློབ་སྦྱོང་གི་ཐོབ་ཐང་ཡོད། མ་མཐའ་ལའང་སྔོན་འགྲོ་དང་གཞི་རིམ་ཤེས་ཡོན་སློབ་སྦྱོང་ཐོག་འགྲོ་སོང་གཏོང་མི་དགོས་པ་ཞིག་དགོས་པ་ཡིན་ལ། ལྷག་པར་སྔོན་འགྲོའི་ཤེས་ཡོན་སློབ་སྦྱོང་མེད་ན་གཏན་ནས་མི་འགྲིགས། མང་ཆེ་བར་བཟོ་ལས་དང་། འཚོ་ཐབས་ལས་རིགས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོབ་པ་བྱ་རྒྱུ་དང་། འོས་བབས་ཀྱི་གཞི་རྩའི་ཐོག་ནས་ཚང་མར་མཐོ་རིམ་ཤེས་ཡོན་སློབ་སྦྱོང་འདྲ་མཉམ་དུ་ཐོབ་དགོས་པ་ཡིན།
༢ ཤེས་ཡོན་སློབ་སྦྱོང་ནི་འགྲོ་བ་མི་ཡི་གཤིས་སྤྱོད་ཆ་གང་ས་ནས་ཡར་རྒྱས་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་བརྩི་བཀུར་གྱི་ཤུགས་ནུས་ཀྱང་ཆེ་བསྐྱེད་བྱེད་དགོས་པ་བཅས་སུ་དམིགས་པ་ཡིན། དེས་རྒྱལ་ཁབ་ཁག་དང་། རིགས་རུས། ཆོས་ཀྱི་ཚོགས་སྡེ་བཅས་ཚང་མའི་དབར་ལ་ཕན་ཚུན་ཤེས་རྟོགས་དང་། བློ་ཡངས་བཟོད་འཁུར། མཛའ་གྲོགས་མཐུན་འབྲེལ་བཅས་པ་གོང་འཕེལ་གཏོང་དགོས་པ་དང་། ཞི་བདེ་ཡུན་གནས་ཀྱི་དོན་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་དོན་རྒྱ་བསྐྱེད་བྱེད་དགོས་པ་ཡིན།
༣ ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་གང་འདྲ་ཞིག་སྤྲོད་དགོས་འདོད་འདེམས་བྱེད་པའི་གཙོ་བོའི་ཐོབ་ཐང་དེ་ཡོད།
དོན་ཚན་ཉེར་བདུན་པ།
༡ སྐྱེ་བོ་རེ་རེར་སྡེ་ཚོགས་ཀྱི་རིག་གཞུང་འཚོ་བའི་ནང་རང་དབང་གིས་གཞུག་པ་དང་། རྩོམ་རིག་ལ་སྤྱོད་པ། ཚན་རིག་ཡར་ཐོན་དང་། དེའི་ཁེ་ཕན་མཉམ་སྤྱོད་བྱེད་པ་བཅས་ཀྱི་ཐོབ་ཐང་ཡོད།
༢ སྐྱེ་བོ་རེ་རེར་ཚན་རིག་དང་། ཡི་གེའི་རིག་གནས། རྩོམ་རིག་བཅས་གང་ཡང་རུང་བ་སྟེ། རྩོམ་པ་པོ་གང་གི་ཐོན་སྤེལ་ལས་བྱུང་བའི་སེམས་སྟོབས་དང་། དངོས་པོའི་ཁེ་ཕན་སྲུབ་སྐྱོབ་བྱེད་པའི་ཐོབ་ཐང་ཡོད།
དོན་ཚན་ཉེར་བརྒྱད་པ།
སྐྱེ་བོ་རེ་རེར་གསལ་བསྒྲགས་འདི་ནང་ཇི་བཀོད་ཀྱི་ཐོབ་ཐང་དང་། རང་དབང་ཁག་ཡོངས་སུ་སྒྲུབ་ཐུབ་པའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ནང་གཞུག་རྒྱུའི་ཐོབ་དབང་ཡོད།
དོན་ཚན་ཉེར་དགུ་པ།
༡ སྐྱེ་བོ་རེ་རེས་སྡེ་ཚོགས་ཀྱི་ལས་འགན་འཁུར་དགོས་པ་ཡིན་ཏེ། དེ་ཁོ་ནའི་ནང་དུ་རང་གི་གཤིས་སྤྱོད་ཆ་གང་ས་ནས་འགོག་མེད་ཡར་རྒྱས་འགྲོ་ཐུབ་པ་ཡིན།
༢ རང་གི་ཐོབ་ཐང་དང་། རང་དབང་རྣམས་ལོངས་སུ་སྤྱོད་སྐབས་སུ་སྐྱེ་བོ་རེ་རེས་མི་མང་དབང་གཙོའི་ཚོགས་སྡེ་ཞིག་ནང་མི་མང་གི་སྒྲིག་ལམ་དང་། སྤྱོད་བཟང་། སྤྱིར་བཏང་བདེ་ཐབས་བཅས་སུ་དགོས་ངེས་དང་། དེ་མིན་ཐོབ་ཐང་དང་། རང་དབང་རྣམས་ཁས་ལེན་དང་བརྩི་བཀུར་བྱེད་པར་སྲུང་འདོམས་ཆེད་དུ་ཁྲིམས་ལུགས་ཁོ་ནའི་ཐོག་ནས་ཇི་ལྟར་གཏན་འབེབས་རྒྱས་དཔྱད་ཟིན་རིགས་དེ་རང་ལག་ལེན་བསྟར་དགོས་པ་ཡིན།
༣ ཐོབ་ཐང་དང་། རང་དབང་འདི་དག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་དོན་དང་དམིགས་ཡུལ་ཕྱོགས་འགལ་གྱིས་ལོངས་སུ་སྤྱོད་པའི་རིགས་གཏན་ནས་མི་ཆོག
དོན་ཚན་སུམ་ཅུ་པ།
རྒྱལ་ཁབ་བམ། ཚོགས་པ། མི་སྒེར་གང་འདྲ་ཞིག་གི་ཆེད་དུའང་འདི་ནང་ཞིབ་བཀོད་ཀྱི་ཐོབ་ཐང་དང་རང་དབང་བསྟོར་བཤིག་གཏོང་བའི་དམིགས་ཡུལ་བཟུང་སྟེ་ལས་དོན་གང་ཡང་ལག་ལེན་བསྟར་བ་དང་། ལས་འགུལ་གང་རུང་ལ་གཞུག་རྒྱུའི་ཐོབ་ཐང་ཅི་རིགས་ཡོད་པའི་གོ་དོན་བརྗོད་བྱ་གང་ཡང་གསལ་བསྒྲགས་འདིའི་ནང་བཀོད་མེད་པ་བཅས་སོ།། 

[སྦྲགས་དཔྱད•མཆིད་གསོལ། ཁོ་བོ་སྐད་ཡིག་རིགས་གཞན་ལ་བློ་མིག་ལྡོངས་ཕྱིར། འགྱུར་གྱི་བུ་ཡིག་གང་ཡང་རྒྱ་ནག་གི་ཡི་གེ་དང་ཕ་ངོ་མ་ངོ་སྤྲད་དེ་ལྟ། དེ་ནི་ཐབས་རྡུགས་པའི་ལས་ཤིག་དང་ཐ་ན་སྐྱོན་མཚང་ཆེན་པོ་ཞིག་ཀྱང་ཡིན་ལས་ཆེ་མོད། ད་ནི་ལྐུགས་པ་བརྗོད་འདོད་ཁོག་བཙོས་ཀྱི་རྗེས་སུ་སོང་བས་ཐབས་ཡོད་པ་མ་རེད། འདིར《ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང》ཞེས་འགྱུར་བ་དང་། གཞན་དུ《འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས》སུ་འགྱུར་བ། ཁོ་བོས《འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས》སུ་བསྒྱུར་པ་འདིའང་རྒྱ་ཡིག་དང་མིང་བསྡུར་ཚིག་གཤིབ་ཀྱིས་བརྟག་དགོས་བྱུང་ཞིང་། དེ་ལྟར་དབུ་ཞབས་ཡན་ལག་སྤུ་རིས་བཅད་དེ་བརྟགས་པ་ན། བོད་འགྱུར་མ་འདི་གང་དེའི་ལྗིད་ཚད་དང་། དོན་སྙིང་། ཁྱབ་རྒྱ་རང་བཞིན་ལ་གཞིགས་པའི་རྗོད་ཚིག་ཚད་ལྡན་ཞིག་ཏུ་མཐོང་མ་སོང་སྟེ། དཔེར་ན། ཡོངས་གྲགས་སུ་རྒྱུ་ནོར་དང་རིན་ཐང་དང་། མཚན་སྙན་དང་དམངས་གཙོ་དང་གནས་སྤོ་དག་ཏུ་འགྱུར་བ་རིམ་བཞིན་མཁར་དབང་དང་འོས་མཐོངས་དང་གཟི་མཐོངས་དང་མི་མང་དབང་གཙོའི་ཚོགས་སྡེ་དང་འགྲིམས་འགྲུལ་དུ་བསྒྱུར་འདུག་པ་དང་། ང་ཚོའི་བརྡ་རུ་རྩིས་ཐང་དང་རྒྱུ་འབྲས་དང་འདོད་མོས་དང་སྒེར་གཤིས་དང་སྒྲིག་སྲོལ་དག་ཏུ་འགྱུར་པ་རིམ་བཞིན་ཆེ་མཐོངས་དང་དཔྱད་ཤེས་དང་འདོད་པ་དང་གཤིས་སྤྱོད་དང་སྒྲིག་འཛུགས་སུ་བསྒྱུར་འདུག་པ་དང་། གཞན་ཡང་མི་བུ་སོ་སོའམ་སྐྱེ་བོ་རེ་རེ་ཞེས་པའི་མིང་ངེས་པ་ཅན་དེ་ཁོ་ན་སྐྱེ་བོ་རེ་རེ་དང་། སྐྱེ་བོ་ཐམས་ཅད་དང་སུ་ཡིན་ཡང་དང་སུ་ཡིན་རུང་དང་། ཚང་མ་ཞེས་ཡིད་ལ་གང་དྲན་དྲན་དུ་བསྒྱུར་འདུག ལྷག་པར་དུ་གོ་དཀའ་བ་དང་ཚིག་གིས་གནད་མ་ཐོན་པའང་ཅི་རིགས་ཡོད་པར་འདོད་དེ། དཔེར་ན། དོན་ཚན་དང་པོའི་ཚིག་དང་པོ་དེ“འགྲོ་བ་མི་རྣམས་ལྷན་སྐྱེས་སུ་རང་དབང་ཡིན། རྩིས་ཐང་དང་ཐོབ་ཐང་གང་ཡང་འདྲ་མཉམ་ཡིན”ཞེས་སམ“མི་བུ་སོ་སོ་ལྷན་སྐྱེས་སུ་རང་དབང་ཡིན། རྩིས་ཐང་དང་ཐོབ་ཐང་ཐོག་ཚང་མ་འདྲ་མཉམ་ཡིན”ཞེས་འགྱུར་དགོས་པ་གང་དེ་འདིར“འགྲོ་བ་མིའི་རིགས་རྒྱུད་ཡོངས་ལ་སྐྱེས་ཙམ་ཉིད་ནས་ཆེ་མཐོངས་དང་། ཐོབ་ཐང་གི་རང་དབང་འདྲ་མཉམ་དུ་ཡོད་ལ”ཞེས་གོ་དཀའ་བ་ཙམ་དུ་མ་ཟད་འགྱུར་ནོར་དུ་སོང་བ་ཡོད་འདུག་པ་ལྟ་བུས་མཚོན་ཞིང་། ཡི་གེ་མ་དག་པ་དང་སྤྱད་ནོར་དུ་སོང་བ་འགའ་རེ་འདུག་པའང་བཤད་མ་དགོས།
མ་གཞི་ནས་འཛམ་གླིང་དམངས་གཙོའི་སྲིད་གཞུང་དག་གི་ཁྲིམས་ཀྱི་གཞི་འཛིན་སའམ་ཁྲིམས་རྩར་གྱུར་འདུག་པར་མ་ཟད། གལ་འགངས་ཆེ་ལ་སྤྱོད་སྒོ་ཡངས་པ། མི་བུ་སོ་སོར་ངེས་གསལ་ཡོད་དགོས་པའི་གསལ་བསྒྲགས་འདི་ཉིད་ཀྱང་དེ་ལྟར་ར་མགོ་ལུག་སྦྱར་དང་། ཁྲལ་མངོན་སླ་བཅོས། འགྲོ་ཐབས་འདུག་ཐབས་བྱས་ཡོད་ན། གཞན་དག་ནི་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལས་ལ་ས་ཆོད་ཡོད་མེད་འདི་ཡིས་ཀྱང་མི་རྟོགས་སམ། བོད་གཞིས་པ་རྣམས་ལ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ཁྱབ་བསྒྲགས་བྱས་པ་ནས་བརྩིས་པའི་མི་ལོ64ཡི་དུས་ཡུན་དང་།《འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས》འདི་ཁྱབ་བསྒྲགས་བྱས་པ་ནས་བརྩིས་པའི་མི་ལོ61གི་དུས་ཡུན་དང་། 《མི་སེར་སྤེལ་ཡུལ་རྒྱལ་ཁབ་དང་མི་དམངས་ལ་འབོགས་པའི་རང་བཙན་གསལ་བསྒྲགས》ཁྱབ་བསྒྲགས་བྱས་པ་ནས་བརྩིས་པའི་མི་ལོ49ཡི་དུས་ཡུན་དང་། 《རྒྱལ་སྤྱིའི་ཁྲིམས་ལུགས་རྩ་དོན་གསལ་བསྒྲགས》ཁྱབ་བསྒྲགས་བྱས་པ་ནས་བརྩིས་པའི་མི་ལོ39ཡི་དུས་ཡུན་དང་། 《རང་བྱུང་ཐོན་ཁུངས་ཡུན་གཏན་མངའ་དབང་ཐད་ཀྱི་གསལ་བསྒྲགས》ཁྱབ་བསྒྲགས་བྱས་པ་ནས་བརྩིས་པའི་མི་ལོ47གྱི་དུས་ཡུན་དང་། 《སྤྱི་དམངས་ཀྱི་ཐོབ་ཐང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས》ཁྱབ་བསྒྲགས་བྱས་པ་ནས་བརྩིས་པའི་མི་ལོ43གྱི་དུས་ཡུན་དང་། 《དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས》ཁྱབ་བསྒྲགས་བྱས་པ་ནས་བརྩིས་པའི་མི་ལོ43གྱི་དུས་ཡུན་དང་། 《མི་དམངས་དང་མི་རིགས་ཀྱི་རང་ཐག་རང་གཅོད་ཐད་ཀྱི་གྲོས་ཆོད》ཁྱབ་བསྒྲགས་བྱས་པ་ནས་བརྩིས་པའི་མི་ལོ57གྱི་དུས་ཡུན་ནང་ལ། ཡིག་ཆ་གལ་ཆེན་དེ་དག་གི་འགྲེལ་བརྗོད་ལྟ་ཞོག མ་ཡིག་ཇི་བཞིན་འགྱུར་བའང་མཐོང་ཆོས་སུ་གྱུར་མྱོང་མེད་ལ། ཁོ་བོས་གསལ་བསྒྲགས་འདི་ཉིད་ཀྱི་བོད་འགྱུར་མ་མིག་ལ་མཐོང་བའང་ན་ནིང་དོ་ཚིགས་སུ་ཡིན། ཚུལ་འདི་ལས་ནི། བོད་ཀྱི་སྲིད་དོན་པ་དང་མཁས་པ། ཡོན་ཏན་པ་བཅས་ཀྱི་སྐུ་རུ་བཞེངས་པ་རྣམས་ཀྱིས་མདོ་དོན་ཤུགས་རྒྱག་ས་དེ་གང་ཡིན་པའང་ངོས་ཟིན་གྱི་མེད་ཚོད་དུ་སྣང་། ཆོས་ལ་དགའ་བས་ཡིན་ནམ། ཆོས་ཀྱི་གནོན་ཤུགས་ཆེ་བས་ཡིན་ནམ།
ཁོ་བོས་རང་ལ་ཐོས་བསམ་ཆུང་བ་དང་དུས་ཚོད་ཐུང་བ་རྒྱུ་མཚན་དུ་བྱས་པ་དང་། ལྷག་དོན་གསལ་བསྒྲགས་གང་འདི་སྒྱུར་མཁན་གྱི་དབང་གྲགས་ཆེ་བ་རྒྱུ་མཚན་དུ་བྱས་ཏེ། ད་ཐེངས་སྨྱུག་རྩེས་མ་རེག་པར་བརྒྱུད་འགོད་བྱས་པ་ཡིན་ལ། འདི་སོགས་ཁུངས་ཐུབ་ཚད་ལྡན་གཞུང་ཡིག་ལྟར་བསྒྱུར་ནས“ཞལ་འདོན”དུ་བརྩམས་ཏེ་ཀུན་ཁྱབ་སྒྲོག་སྤེལ་གྱི་རེ་བ་མི་ཆུང་ཕྱིར། མཁྱེན་སྤྱན་ཡངས་པ་ཀུན་ལ་ཡང་ཡང་སྐུལ་བ་ཡིན་ཏེ། རྒྱུ་མཚན་ནི། འཛམ་གླིང་སྤྱི་ཁྱབ་ཡིག་ཆའི་དགོངས་དོན་ཅིས་ཀྱང་ཤེས་དགོས་རྒྱུ་དང་། ས་བོན་ལ་དུས་ཐོག་གི་ཆུ་ལུད་དྲོད་གསུམ་འཛོམས་དགོས་པས་སོ།། ]
 
འདི་ནི་དཔེ་དེབ་ཆ་ཚང་ཡིན།



1 Comments so far ↓

  1. ཚེ་སྟོབས་ says:

    དཔལ་ལྡན་ལགས་ ངོ་མ་ཞོག་དུངས་ཀྱི་དེབ་འདི་སླབས་ཆེན་རེད་། ཞོག་དུངས་ལ་འབྲེལ་བ་བྱས་ན་གང་འདྲ་བྱེད་དགོས་སམ་།

བསམ་ཚུལ་འབྲི་རོགས།





*