གསར་འགྱུར།

འབྲི་མཁན། དཔལ་ལྡན་རྒྱལ། on July 10th, 2012

ཟླ་བ་འདིའི་ཚེས་༦ ཉིན་ནི། གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་  དགུང་གྲངས་༧༧་ལ་ཕེབས་པའི་  སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པས།  རྒྱ་གར་རྡ་རམ་ས་ལ་གཙོས་པའི  འཛམ་གླིང་གི་ས་ཕྱོགས་གང་སར་བོད་མི་རྣམས་ཀྱིས།  སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་ངང་སྲུང་བརྩི་བྱས་ཡོད་པ་རེད། བཞུགས་སྒར་རྡམརམ་རལ་ས་ལ་རུ་ གོང་ས་མཆོག་དབུ་བཞུགས་ཀྱིས།  བཀའ་བློན་ཁྲི་བ་དང་།   སྤྱི་འཐུས་ཚོགས་གཙོ།  གཙོས་པའི་ལས་བྱེད་རྣམ་པ་དང། མི་མང་སྟོང་ཕྲག་ཁ་ཤས་འཛོམས་ནས་  སྐུ་འཁྲུངས་སྐར་གྱི་སྲུང་བརྩི་བྱས་ཡོད་པ་དང་།  སྐབས་དེར།  བཀའ་བློན་ཁྲི་བས་ གོང་ས་མཆོག་གི་མཛད་རྗེས་ངོ་སྤྲོད་དང་འབྲེལ་ཁོང་གིས་གསུང་དོན། བཀའ་ཤག་གི་ངོས་ནས་ ྋགོང་ས་མཆོག་གི་དགོངས་གཞི་ལྟར་མང་གཙོ་དང༌། འཚེ་བ་མེད་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད། དེར་བརྟེན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་  རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་ དབུ་མའི་ལམ་གྱི་སྲིད་བྱུས་ལ་པེ་ཅིན་ནས་མོས་མཐུན་བྱེད་དགོས་པར་ནན་བརྗོད་བྱ་རྒྱུ་ཡིན།་ཞེས་གསུངས་ཡོད་པ་དང་།   དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས།  གོང་ས་མཆོག་གི་མཛད་རྗེས་དང་།  སྤྱི་འཐུས་ཀྱི་ལས་དོན་ངོ་སྤྲོད་གསུངས་བཤད་གནང་འདུག  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་གསུམ་  ཡོ་རོབ་དང་།  ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གི་ནང་ཕེབས་ནས་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ཚོ་དང་མཉམ་དུ་  གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད།

 

རྒྱ་ནག་གཞུང་གིས་བོད་གྱི་ས་ཁུལ་གང་སར། དམག་མི་འབོར་ཆེན་བཀྲམས་ནས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་ནའང་།  བོད་ནང་གི་ས་ཁུལ་ཁ་ཤས་སུ་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་འདུག

འདི་གར་གནས་ཚུལ་འབྱོར་བ་ལྟར་ན།    བོད་ཤར་ཕྱོགས་རྟ་བོ་ཁུལ་དུ་། ཨ་མྱེས་རྨ་ཆེན་གངས་རིར་མདུན་དུ།  བོད་མི་རྣམས་ཀྱིས་ འཁྲུངས་སྐར་ཉིན་བསང་གསོལ་གཟབ་རྒྱས་གཏོང་ སྲོལ་ཡོད་པ།  རྒྱ་ནག་དམག་མི་འབོར་ཆེན་ཞིག་ཡོང་ནས་བཀག་འགོག་བྱས་ཡོད་ཀྱང་ དགེ་འདུན་པ་གཙོས་  བོད་མི་ཚོས  རྟ་བོ་ཉ་མཚོ་དགོན་པའི་མདུན་དུ་ཡོད་པའི་མཆོད་རྟེན་ཆེན་པོར།  ༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ནས་འཁྲུངས་སྐར་སྲུང་བརྩི་ཞུས་འདུག  ཡང་ཨ་མདོ་རྨ་ཆུ་ས་ཁུལ་དུ། འབྲོག་པ་མང་པོ་ཞིག་རི་སྒང་ལ་སོང་ནས་ལྷ་བསང་བཏང་ཏེ་གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་འདུག  བཞུགས་སྒར་རྡ་རམ་ས་ནས་༧གོང་ས་ མཆོག་གི་སྐུའི་འཁྲུངས་སྐར་གྱི་གསུང་བཤད་ནང་།  བོད་ནང་གི་བོད་མི་རྣམས་ཀྱི་ལྷག་བསམ་ དད་པ་ དམ་ཚིག་ལ་དམིགས་བསལ་གྱི་བསྔགས་བརྗོད་གནང་འདུག་།

 

འདམ་གཞུང་རྫོང་དུ་ ན་གཞོན་རང་ལོ་ ༢༢ ཅན་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག འདི་གར་གནས་ཚུལ་འབྱོར་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༧ ཉིན་  ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་བརྡལ། མཆོད་རྟེན་ཁུག་ནས་ཡིན་པའི་ན་གཞོན་རང་ལོ་ ༢༢ ཡིན་པ་ཚེ་དབང་རྡོ་རྗེ་ཡིས་འདམ་གཞུང་རྫོང་ཐོག་ཏུ་   རང་ལུས་མེར་བསྲེགས་བཏང་སྟེ་  རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་།   ངོ་རྒོལ་བྱས་ནས་ཅུང་མ་འགོར་བར།   ཉེན་རྟོག་པས་ཁོང་གི་ལུས་སྟེང་གི་མེ་བསད་དེ། རྫོང་སྨན་ཁང་དུ་ཁྲིད་ཡོད་ནའང་ཉིན་དེའི་དགོང་མོ་ཁོང་སྐུ་གྲོངས་ཡོད་འདུག  འདི་ག་རླུང་འཕྲིན་ཁང་དེས་འདམ་གཞུང་རྫོང་ཉེན་རྟོག་ལས་ཁུངས་སུ་ཁ་པར་བཏང་སྟེ།  གནས་ཚུལ་དྲིས་པར།   གནས་ཚུལ་དེ་འདྲ་བྱུང་མེད་།  ཞེས་བོིད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་ངོས་ལེན་བྱས་མ་སོང་།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ མཉམ་འབྲེལ་རྒྱལ་ཚོགས་ལ་  དགོས་འདུན་དོན་ཚན་གསུམ་བཏོན་ནས་  བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག། གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ནས་།  རྒྱ་གར་ནང་་བོད་མི་འདུས་སྡོད་བྱེད་སའི་ས་ཁུལ་ལ་དྭགས་དང་།    ལྷོ་ཕྱོགས་ཀོ་ཅི།   བྱང་ཤར་ཤིས་ལོང་ས་ཁུལ་་གསུམ་ནས་འགོ་འཛུགས་བྱས་ཡོད་པ་རེད།  རྒྱལ་ཚོགས་ལ་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་ནི།   ཕྱི་ལོ་ ༡༩༥༩། དང་། ༡༩༦༡། ༡༩༦༥ སོ་སོར་  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་   བོད་དོན་ཐོག་བཞག་པའི་   གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་།  ལག་བསྟར་མཇུག་གནོན་དགོས་པ།

བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་   རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།

བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།   བཅས་ཡིན་པ་རེད།

གོང་གསལ་དགོས་འདུན་དེ་དག་བསྒྲུབ་པའི་སླད་  རྒྱ་གར་གཙོས་རྒྱལ་སྤྱིའི་ས་གནས་ཡུལ་གྲུ་སོ་སོར་   བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ མཚན་རྟགས་བསྡུ་རུབ་ཀྱིས།  ད་ལོའི་ཟླ ༡༢ ཚེས ༡༠ ཉིན་  ཨ་རི་ནིའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་། རྒྱལ་ཚོགས་ལས་ཁུངས་དང་། སུད་སི་ཇི་ནི་ཝ་གྲོེང་ཁྱེར་ནང་ཡོད་པའི་ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་བཅས་ལ་སྙན་ཞུ་ཕུལ་རྒྱུ་རེད་འདུག་



བསམ་ཚུལ་འབྲི་རོགས།





*