གསར་འགྱུར།

འབྲི་མཁན། དཔལ་ལྡན་རྒྱལ། on July 24th, 2012

༡༽ ཚེས་༡༨ ཉིན་གོང་ས་མཆོག་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བོད་དང་གཅིག་མཚུངས་ཡིན་པ། རྒྱ་གར་བྱང་ཕྱོགས་ཀྱི་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་གནང་ནས་། ས་གནས་དེར་ཡོད་པའི་ཕོ་བྲང་ཞི་བའི་ཚལ་དུ་སྐུ་ངལ་གསོ་བཞིན་བཞུགས་ཡོད་པ་དང་། ཚེས་༢༦ ཉིན། ལ་དྭགས་རྒྱལ་ས་སླེ་རུ། གོང་ས་མཆོག་གི་ཐེབས་རྩ་ཁང་གིས་འགྲོ་གྲོན་བཏང་ནས་གསར་བསྐྲུན་བྱས་པའི་ ། འཇམ་དབྱངས་སློབ་གྲྭར་ཆིབས་བསྒྱུར་གནང་ནས་སློབ་མ་ཚོས་བཀའ་སློབ་དང་། དྲི་བར་ལན་འདེབས་རྒྱུ་ཡིན་པ་དང་། དེ་ནས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་སྤྱི་ལེ་༤༠༠ ཡི་མཚམས་སུ་ཡོད་པའི་ ཟངས་དཀར་ས་ཁུལ་དུ་ཆིབས་བསྒྱུར་གནང་ནས། མི་མང་ལ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བཀའ་དབང་གནང་རྒྱུ་སོགས། སྤྱི་ཟླ་བརྒྱད་པའི་ཚེས་༧ བར་གོང་ས་མཆོག་གིས་ལ་དྭགས་དང་། ཟངས་དཀར་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་རྒྱུ་རེད་འདུག

༢༽ ཚེས་༢༡ དང ་༢༢་ ཉིན་གཉིས་རིང་། ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་བྱང་ཨ་མེ་རི་ཀའི་ བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༡༣་པ་དེ་འཚོཌ་འདུག ད་ཐེངས་ཀྱི་ཚོགས་འདུ་འདིར། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་དང་། བྱང་ཨ་རིའི་བོད་མི་མང་གི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས། བཀྲིས་རྣམ་རྒྱལ་ལགས། བྱང་ཨ་མེ་རི་ཀའི་སྐུ་ཚབ་དོན་གཅོད བློ་བཟང་སྙན་གྲཌ་ལགས། དེ་བཞིན་ས་གནས་༢༥་ནས བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་འཐུས་མི་༣༥་མཉམ་ཞུགས་གནང་འདུག ཚོགས་ཆེན་ཐོག་ད་ལོའི་ཕྱི་ཟླ་དགུ་པའི་ནང་། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བགྲོ་གླེང་གནང་ཕྱོགས་སྐོར། དེ་བཞིན་བྱང་ཨ་རིའི་ཁྱབ་ཁོངས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་འབྲེལ་ལམ་ཚགས་ཚུད་ཡར་རྒྱས་གཏོང་ཐབས། ཨ་རིའི་མངའ་སྡེ་ཁག་དང་། གྲོང་ཁྱེར་སོ་སོའི་གཞུང་། གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་སྔར་ནས་ཤུགས་ཆེན་ཐོབ་ཐབས་ བཅས་ཀྱི་སྐོར་ལ་བགྲོ་གླེང་གྲོས་མོལ་གནང་ཡོད་པ་རེད།
༣༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་དོན་ཆེད། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད། སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འབྱོར་འདུག་ལ། སྐབས་དེར། རྒྱ་གར་ལྷོ་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིས་ རྒྱལ་སྤྱིའི་ཁྱོན་ལ་གནས་པའི་བོད་ཀྱི་གྲོགས་པོ་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་ཆེད། སོ་སོའི་གཞུང་ལ གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག ཡང་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཀྱི་འགོ་འཛིན། བྱམས་པ་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས། ས་གནས་རྒྱ་གར་གྲོང་སྡེ་ཁག་ནང་། བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་མཚན་རྟགས་བསྡུ་རུབ་བྱེད་བཞིན་ཡོད་པ་རེད། བདེན་པའི་མེ་ལྕེ་སྐོར་སྐྱོད་དང་། མཚན་རྟགས་བསྡུ་རུབ་ལས་འགུལ་གྱི་དགོས་འདུན་ཁག་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་། ལག་བསྟར་མཇུག་གནོན་དགོས་པ། བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་སླད། རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ། བོད་ནང་གི་བོད་མིའི་མངོན་འདོད་ བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་ལེན་དགོས་པ་བཅས་དགོས་འདུན་དོན་ཚན་གསུམ་བཏོན་འདུག
༤༽གཟའ་སྤེན་པའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་། དེའི་ཉེ་འདབས་ཀྱི་གྲོང་ཁྱེར་ཁག་ནང་ལོ་དྲུག་ཅུའི་རིང་བྱུང་མ་མྱོང་པའི་དྲག་ཆར་བབས་ནས། ད་བར་མི་གྲངས་༣༧ འདས་གྲོངས་སུ་གྱུར་ཡོད་པ་དང་། སྲོག་སྐྱོབ་མི་སྣ་ཚུད་པའི་ཉུང་མཐའ་ཡང་མི་གྲངས་ བཅུ་གྲངས་ཞིག་གར་སོང་ཆ་མེད་དུ་འགྱུར་ཡོད་འདུག དྲག་ཆར་གྱིས་གནོད་ཚེ་ཕོག་ཡུལ་ཆེ་ཤོས། ཕང་ཧྲན་ས་གནས་ནས། མི་གྲངས་ཁྲི་ལྔ་ལྷག་གནས་སྤོར་བྱེད་དགོས་བྱུང་འདུག རྒྱ་ནག་གི་གསར་འགྱུར་རྒྱུད་ལམ་ཁག་གིས་ གཞུང་གིས་དྲག་ཆར་གྱི་གནོད་ཚེ་ཕོག་མི་ཚོར། རོགས་རམ་བྱེད་ཀྱིན་ཡོད་པ་སོགས་བཟང་ཕྱོགས་ཀྱི་གནས་ཚུལ་མང་པོ་ཞིག་འདོན་བཞིན་ཡོད་ན་ཡང་། པེ་ཅིན་གྱི་མང་ཚོགས་ཚོས་རྒྱ་ནག་གཞུང་གིས་དྲག་ཆར་གྱི་གནོད་ཚེ་བྱུང་བའི་བརྒྱུད་རིམ་ནང་། མང་ཚོགས་ལ་རོགས་རམ་དང་། ཕན་ཐོགས་པའི་ནུས་པ་གང་ཡང་འདོན་ཐུབ་མེད་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གི་ཝེས་པོ་ཞེས་པའི་དྲ་རྒྱ་གཅིག་པུའི་ཐོག གཟའ་ཟླ་བའི་ཉིན་མི་ས་ཡ་དགུ་ཙམ་གྱིས་བསམ་ཚུལ་བརྗོད་ནས། རྒྱ་ནག་གཞུང་གིས་གྲོང་ཁྱེར་གྱི་འཛུགས་སྐྲུན་ལས་གཞི་ཁྲོད། ཆུ་ལོག་སོགས་ཉེན་སྐྱོབ་ཀྱི་ཆུ་སྐའི་ལས་གཞི་ཡག་པོ་བཟོས་མེད་པར་སྐྱོན་བརྗོད་བྱས་འདུག



བསམ་ཚུལ་འབྲི་རོགས།





*