རང་ལུས་མེར་སྲེག་མཚམས་འཇོག་ཡོང་བར་འབོད་སྐུལ།

འབྲི་མཁན། དཔལ་ལྡན་རྒྱལ། on November 29th, 2012
image4རེབ་གོང་གི་བླ་མ་དགེ་བཤེས་དང་། རྒན་རྒོན་རྣམས་ཀྱིས་རང་ལུས་མེ་སྲེག་མཚམས་འཇོག་ཡོང་བར་འབོད་སྐུལ་ཡི་གེ་ཞིག་བཀྲམས་འདུག
ད་ལྟའི་བར་དུ་བོད་ནང་དུ་བོད་མི་  ༨༩ ཡིས་གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས།  བོད་ལ་རང་དབང་སྤྲོད་དགོས་ཞེས་རྒྱ་ནག་གཞུང་ལ་དགོས་འདུན་འདོན་བཞིན།  རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་རེད།  ཡིན་ནའང་། རྒྱ་ནག་ཕྱོགས་ནས་ཁོང་ཚོའི་རེ་འདུན་ལ་ཉན་རྒྱུའི་ཚབ་ཏུ་བོད་ནང་དུ་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད་པ་རེད།
རང་ལུས་མེ་སྲེག་གཏོང་མཁན་ཚོའི་ཁྲོད། ཉེ་ཆར་རེབ་གོང་ས་ཁུལ་དུ་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན། མི་གྲངས་བཅུ་ལྷག་བྱུང་ཡོད་པས།  ཚེས་༡༩ ཉིན། རེབ་གོང་གི་དགོན་པ་སོ་སོའི་བླ་མ་དགེ་བཤེས་ལས་ཀྱི་སྣེ་མོ་ཡོངས་དང་།  སྡེ་བ་ཡོངས་ཀྱི་རྒན་རྒོན་བསམ་ཤེ་ཅན་བཅས་ནས་ལྷག་བསམ་རྣམ་དག་གིས།  རང་རིགས་སྐྱ་སེར་རྒན་གཞོན་ཡོངས་ལ་ཕངས་སེམས་དང་།  རེ་བ་ཆེན་པོས་སྙན་བསྐུལ་ཞུ་རྒྱུ། ཞེས་པའི་ཡིག་ཆ་ཞིག་རེབ་གོང་གི་ས་ཕྱོགས་གང་སར་བཀྲམས་ནས་རང་ལུས་མེར་བསྲེགས་མཚམས་འཇོག་ཡོང་བར་འབོད་སྐུལ་ཞུས་འདུག  འབོད་སྐུལ་ཡི་གེ་དེའི་ནང་།   རིན་ཐང་བྲལ་བའི་འགྲོ་བ་མིའི་ལུས་རྟེན་བཟང་བོ་འདི་ལྟ་བུ་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་ད་རེས་ལན་གཅིག་ཙམ་རྙེད་པ་འདི།   སྐྱོ་སྡུག་འཕྲལ་རྐྱེན་གྱིས་དབང་གིས་མི་གཏོང་བར། རང་དང་འགྲོ་བ་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་སྒྲུབ་ཐུབ་པའི་ཐབས་སུ་ད་དུང་ཡུན་རིང་བོར་བེད་སྤྱོད་གཏོང་རྒྱུའི་སེམས་ཤུགས་ངེས་ཅན་དུ་ཡོད་དགོས་།  ཞེས་དང་། ཡང་འབོད་བསྐུལ་ཡི་གེ་དེའི་ནང། རང་གཞན་ཀུན་ལ་སྡུག་བསྔལ་ཉིས་བརྩེགས་ཀྱི་ཐབས་སྐྱོ་བའི་གནས་ཚུལ་འདི་རིགས་མྱུར་དུ་མཚམས་འཇོག་ཡོང་བར་སྤྱི་ཚོགས་ལ་ཤ་ཚ་བ།   མིའི་ཚེ་སྲོག་ལ་ཤ་ཚ་བའི་ཀུན་སློང་རྣམ་དག་གིས་པུས་མོ་ས་ལ་བཙུགས།  ཐལ་མོ་སྙིང་གར་སྦྱར་ཏེ།   ནག་ཐིག་བྲལ་བའི་སེམས་ཀྱི་རེ་བ་དཀར་བོ་ཕུར་ཚུགས་སུ་ཞུ་བ་ལགས་།  ཞེས་དང་།  ཡང་འབོད་བསྐུལ་ཡི་གེ་དེའི་ནང་དུ།  རིང་མིན་འཕྲལ་དུ་སེལ་འོས་ཤིང་སེལ་དགོས་པའི་སྤྱི་ཚོགས་དང་།  མི་རིགས་ཀྱི་རྒྱུན་འབྱམས་ཀྱི་གནད་དོན་གྱི་རིགས་དང་། མི་རིགས་ཀྱི་བདེ་སྡུག་ལ་ངེས་པར་དུ་འགན་ཁུར་དགོས་པའི་རེ་སྐུལ་ནན་མོ།  ང་ཚོས་སེམས་ཤུགས་ཆེར་བསྐྱེད་རང་ནུས་ཡོད་རྒུ་བཏོན་ཏེ་ཞུ་རྒྱུ་ཡིན
གཞན་ཡང་། ཉེ་ཆར འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་འགན་འཛིན་གྱིས།  བོད་ནང་གི་བོད་མི་ཚོ་འུ་ཐུག་གི་ངང་ནས།  རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ཀྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ལ་བོད་མིའི་དཀའ་སྡུག་སེལ་ཐབས་གནང་དགོས་པའི་ནན་སྐུལ་ཞུས་པ་དང་འབྲེལ་བོད་མིས་ཚོས་རང་ལུས་མེ་བསྲེགས་མ་ཡིན་པར་ཐབས་ལམ་གཞན་བརྒྱུད་ནས་སེམས་ཚོར་སྟོན་རོགས་ཞེས་འབོད་སྐུལ་གནང་འདུག ཡང་རྒྱལ་བ་ཀརྨ་པ་མཆོག་གིས་ཟླ་ཤས་སྔོན། རྒྱ་ནག་གཞུང་གིས་བོད་དོན་ཐོག་གཏན་འབེབས་བྱས་པའི་སྲིད་བྱུས་དག་ལ་བསྐྱར་ཞིབ་དང་། བོད་མི་མང་གི་ཁྲིམས་མཐུན་གྱི་རེ་སྨོན་ལ་ཉན་དགོས་པའི་རེ་སྐུལ་དང་འབྲེལ།   ནང་པས་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ཇི་བཞིན།  ང་ཚོས་དོན་ལྡན་གྱི་རྒྱལ་ཁ་ལེན་ཆེད། ངེས་པར་དུ་རང་རང་གི་ཚེ་སྲོག་ལ་བདག་གཅེས་བྱ་དགོས་།  བོད་མི་མང་གིས་རང་གི་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་ཐབས་ལམ་གཞན་པ་བཙལ་ཏེ། དགེ་མཚན་ལྡན་པའི་ལམ་ནས་བོད་ཀྱི་ལས་དོན་བསྒྲུབ་དགོས་ཞེས་འབོད་སྐུལ་གནང་ཡོད་ ཡང་བོད་མིའི་སྒྲིག་འཛུགས་ངོས་ནས༌། བོད་མི་རྣམས་ཀྱིས་ཡུན་རིང་ནས་དཀའ་ངལ་མྱངས་དང་མྱོང་བཞིན་པར་བརྟེན། ད་ཆ་རང་ལུས་མེར་སྲེག་གཏོང་རྒྱུས་མཚོན་པའི་འུ་ཐུག་ཐབས་ཟད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བཞིན་ཡོད་པ་རེད་།  ཡིན་ནའང་། བོད་མི་ཚོས་རང་ལུས་མེ་སྲེག་ཐེ་བའི་། ཉེན་ཚབས་ཅན་གྱི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་ཐེངས་མང་འབོད་སྐུལ་བྱས་འདུག  དེབཞིན་ཨ་རིར་ཡོད་པའི་སྐུ་འབུམ་དགོན་པའི་དགོན་བདག་ཨ་ཀྱྰ་རིན་པོ་ཆེ་དང་། པེ་ཅིན་ཏུ་ཡོད་པའི་རྩོམ་པ་པོ་གྲགས་ཅན་འོད་ཟེར།   སྙན་ངག་པ་དགའ་བདེ་ཚེ་རིང་བཅས་ཀྱིས་བོད་མི་ཚོར། རང་ལུས་མེ་སྲེག་གི་ལས་འགུལ་མ་སྤེལ་རོགས་ཞེས་འབོད་སྐུལ་བྱས་ཡོད་པ་རེད།


བསམ་ཚུལ་འབྲི་རོགས།





*