ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ

འབྲི་མཁན། དཔལ་ལྡན་རྒྱལ། on April 15th, 2014

ཟླ་བ་བཞི་བའི་ཚེས ༡༣ཉིན། ངའི་བཟའ་ཟླ་དང་། བུ་ཕྲུག་གཉིས། ཚ་བོ་བཅས་ནང་མི་ཚང་མ་ཨ་རིའི་སྲིད་འཛིན་དང་པོ་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ མོང་ཐི་ཝར་ནན་ལ་ལྟ་བསྐོར་དུ་སོང་བ་ཡིན། རྒྱལ་ས་ཝ་ཞིན་ཀྲོན་གྱི་ལྷོ་ནུབ་ཕྱོགས་སུ་རླངས་འཁོར་བསྐོར་ནས་སོང་ན་དུས་ཚོད་ཕྱེད་ཀའི་ནང་གནས་དེར་སླེབས་ཐུབ། མོང་ཐེ་ཝར་ནོན་ནི། ཨ་རིའི་སྲིད་འཛིན་དང་པོ་འཇོར་རྗེ་ཝ་ཞིན་ཀྲོན་ ༼༡༧༣༢-༡༧༩༩༽གྱི་གཞིས་ཀ་ཡིན།

IMG_9813 རྒྱལ་ས་ཝ་ཞིན་ཀྲོན་ནས་མེལ་༡༤ མཚམས་སུ་ཝི་རྗེ་ནེ་ཨ་མངའ་སྡེའི་ནང་ཡོད། ཡུལ་ལྗོངས་མཛེས་སྡུག་ལྡན་ཞིང་། ཕའོ་ཀྲོ་མ་ཁུ་གཙང་བོ་ཡང་གཞིས་ཁྱིམ་འདིའི་རྒྱབ་ངོས་སུ་དལ་ལྷོད་ངང་རྒྱུ་བཞིན་པ་དེས་མིའི་སེམས་ལ་རང་བཞིན་གྱིས་ཞི་བདེ་ལྷོད་འཇགས་ཞིག་བསྐྱལ་ཡོང་། གཞིས་ཀ་འདི ༡༦༧༤ ལོ་ནས་སྲིད་འཛིན་དང་པོའི་འཇོར་རྗེ་ཝ་ཞིན་ཀྲོན་གྱི་ཡབ་མྱེས་ལ་བདག་ཡོད་པ་དང་།
༡༧༧༧ལོའི་ཟླ་བ་གསུམ་པའི་ནང་། འཇོར་རྗེ་ཝ་ཞིན་ཀྲོན་སྲིད་འཛིན་ནས་ལས་འཁྱུར་གནང་རྗེས། གཞིས་ཀ་འདིར་ཕེབས་ནས་ས་ཞིང་རྨོ་འདེབས་དང་། སྡོང་འཛུགས་ནགས་བསྐྲུན་གྱི་ལས་ལ་ཞུགས།  ཡིན་ནའང་ཁོང་གཞིས་ཀ་འདིར་གཏན་སྡོད་བྱས་ནས་བག་ཕེབས་ཀྱི་འཚོ་བ་ཞིག་རོལ་འགོ་ཚུགས་ནས་ལོ་གཉིས་ཙམ་གྱི་རྗེས། ༡༧༩༩ལོའི་ཟླ་བ་བཅུ་གཉིས་པའི་ཚེས་༡༤ ཉིན་གཞིས་ཁྱིམ་འདིར་དགོས་པ་རྫོགས་འདུག དེང་སྐབས་གཞིས་ཁྱིམ་འདིར་སྲིད་འཛིན་དང་པོའི་འཇོར་རྗེ་ཝ་ཞིན་ཀྲོན་གྱིས་བེད་སྤྱོད་གནང་བའི་ཆ་ལག་ཆ་ཚང་འགྲེམས་སྟོན་གྱི་ཚུལ་དུ་བཞག་ཡོད། དཔེར་ན། ཁོང་སྲིད་འཛིན་ཆགས་རྗེས་ཐོག་མར་བཞུགས་སའི་རྐུབ་སྟེགས་དང་། སྲིད་འཛིན་དགོངས་པ་རྫོགས་སའི་ཉལ་ཁྲི་སོགས་སྔོན་ལ་ཁོང་བཞུགས་སྐབས་ནང་བཞིན་བཞག་འདུག སྲིད་འཛིན་དང་པོའི་འཇོར་རྗེ་ཝ་ཞིན་ཀྲོན་གྱིས་རང་དབང་གལ་ཆེན་ཡིན་པའི་ཐད་འདི་འདྲ་ཞིག་གསུངས་ཡོད། ༼གལ་ཏེ་སྨྲ་བརྗོད་རང་དབང་འཕྲོག་པ་ཡིན་ན། ལྐུག་འཐོམས་དང་། ངག་བཅད་ཀྱིས་ང་ཚོ་ལུག་ལྟར་དམར་གསོད་བཏང་རྒྱུའི་ལམ་དུ་ཁྲིད་ངེས་རེད།༽ ༼གུ་ཡངས་དང་། རང་དབང་གི་རྩ་བ་ཚུགས་དུས། ཤིང་སྡོང་དེ་མགྱོགས་མྱུར་ངང་འཚར་ལོངས་བྱུང་ངེས་རེད།༽ཞེས་དང་། ཡང་ཁོང་གིས། ༼ཞི་བདེ་སྐྲུན་རྒྱུ་ནི་དགྲ་བོ་ཐུག་འཕྲད་གནང་བར་གྲ་སྒྲིག་ཡག་པོ་ཞིག་བྱེད་རྒྱུའི་ཐབས་ལམ་ལས་ལེགས་པ་ཞིག་མེད།༽ཞེས་གསུངས་ཡོད།Washington
༢༠༠༠ ལོ་ནས་ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ་འདི་བོད་ལ་ཡང་འབྲེལ་བ་ཡོད་པ་ཞིག་ཏུ་གྱུར། དེ་ནི་ངའི་སྤུན་ཆུང་ཚེ་རིང་དོན་གྲུབ༢༠༠༠ལོ་ནས་གཞིས་ཁྱིམ་འདི་བདག་གཅེས་བྱེད་མཁན་གྱི་ལས་བྱེད་ཞིག་ཏུ་གྱུར། གྲོགས་པོ་རྣམས་འཛོམས་སྐབས་ང་ཚོས་ཚེ་རིང་དོན་གྲུབ་ལ། ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་ཕྱག་མཛོད་ཞེས་འབོད་བཞིན་ཡོད།
གནས་འདིར་ཨ་རིའི་རྒྱལ་ནང་གཙོས་པའི་འཛམ་གླིང་གང་ས་ནས་ཡུལ་བསྐོར་སྤྲོ་འཆམ་པ་ས་ཡ་མང་པོ་ཡོང་བཞིན་ཡོད་ལ། མི་གྲངས་ཆེས་མང་དུས་ཉིན་གཅིག་ལ་མི་གྲངས་བདུན་སྟོང་ལྷག་ལྟ་བསྐོར་དུ་ཡོང་ཀྱིན་ཡོད་འདུག ནང་འཛུལ་གྱི་འཛིན་བྱང་ལ་མི་རེར་ཨ་སྒོར་༡༨ རེད་འདུག སྲིད་འཛིན་གྱི་བོད་པའི་ཕྱག་མཛོད་དེ་ངོ་ཤེས་ན་འཛིན་བྱང་ཉོ་མི་དགོས་བར་དམིགས་བསལ་སྐུ་མགྲོན་ཕེབས་སའི་སྒོ་ཆུང་བརྒྱུད་ནས་འགྲོ་ཐུབ།



བསམ་ཚུལ་འབྲི་རོགས།





*