ཨ་རིའི་རྒྱལ་ཡོངས་དུར་ས།

འབྲི་མཁན། དཔལ་ལྡན་རྒྱལ། on April 17th, 2014

ངེད་ནང་མི་ཚང་མ་ཨ་རིའི་རྒྱལ་ཡོངས་དུར་ས་ལ་ལྟ་བསྐོར་དུ་སོང་བ་ཡིན། དུར་ས་ལ་ལྟ་བསྐོར་དུ་སོང་བ་ཡིན་ཞེས་བརྗོད་སྐབས་བོད་པ་མང་པོ་ཞིག་རང་བཞིན་གྱིས་རྣམ་རྟོག་ཟ་ངེས་ཡིན། ཡིན་ནའང་། ཨ་རིར་མཚོན་ན་དུར་ས་འདི་ནི། ཡུལ་བསྐོར་སྤྲོ་འཆམ་པའི་ལྟ་བསྐོར་བྱེད་སའི་གནས་གལ་ཆེན་ཞིག་ཡིན།

image

ཨར་ལན་ཀྲོན་རྒྱལ་ཡོངས་དུར་ས་འདི་ལ་ཨ་རིའི་རྒྱལ་ཡོངས་དུར་ས་ཞེས་འབོད་ལ། དུར་ས་འདི་ནི་རྒྱལ་ས་ཝ་ཞིན་ཀྲོན་དང་། ཝར་རྗེ་ནེ་ཡ་མངའ་སྡེ་གཉིས་བར་ཡོད་པའི་ཕའོ་ཀྲོ་མ་ཁུ་གཙང་པོའི་སྟེང་གི་དྲན་རྟེན་ཟམ་པ་བརྒལ་མ་ཐག་གནས་འདིར་འབྱོར། དུར་ས་འདི་༡༨༦༦ ལོར་གསར་བསྐྲུན་བྱས་པ་དང་། ས་ཁྱོན་ལ་ཨའེ་ག༦༢༤ ཡོད། དུར་ས་འདིའི་ནང་ཨ་རིའི་སྲིད་འཛིན་རྗེ་ཨེ་ཧྥུའུ། ཁེན་ན་ཀྲི་གཙོས་པའི་དམག་མི་དང་། ཉེ་འབྲེལ་ནང་མི་འབུམ་བཞི་ཡི་བེམ་པོ་དུར་འཇུག་བྱས་ཡོད། གནས་འདི་ལ་ལོ་ལྟར་ཡུལ་བསྐོར་བ་ས་ཡ་གསུམ་ལྷག་ལྟ་བསྐོར་དུ་ཡོང་གིན་ཡོད་འདུག

image

དུར་ས་འདིའི་ནང་ལོ་ན་བཅུ་དགུ་ཡིན་པའི་བོད་ཀྱི་བུ་ཞིག་གི་བེམ་པོ་ཡང་སྦས་ཡོད། ཁོང་ནི་ངས་ངོ་ཤེས་པའི་ཡ་རབས་ཀུན་མཐུན་གྱི་བོད་པའི་བུ་ཞིག་ཡིན། ཁོང་ཨེ་རག་གི་དམག་འཁྲུག་ཁྲོད་༢༠༠༥ལོའི་སྤྱི་ཟླ་བཞི་བའི་ཚེས་གཉིས་ཉིན་འདས་གྲོངས་སུ་གྱུར། གནས་ཚུལ་འདིར་གཟིགས། http://projects.militarytimes.com/valor/marine-lance-cpl-tenzin-dengkhim/764517
ཁོང་དུར་ས་འདིར་དུར་སྦས་ཀྱི་མཛད་སྒོ་སྟེང་ང་ཡང་ཞུགས་ཡོད། སྐབས་དེར་ང་མིག་ལས་རང་དབང་མེད་པར་མིག་ཆུ་བཞུར་སོང་། ངས་ཨེ་རག་གི་དམག་འཁྲུག་ལ་ཐོག་དང་པོ་ནས་ངོ་རྒོལ་བྱས་པ་ཡིན། རང་ཉིད་ཀྱིས་མི་འདོད་པ་དང་། ངོ་རྒོལ་བྱེད་བཞིན་པའི་དམག་འཁྲུག་དེའི་ཁྲོད་བོད་པའི་ཕོ་གསར་སྟག་འདྲ་བ་ཞིག་གི་ཚེ་སྲོག་ཤོར་བྱུང་ལ། ཨ་མ་ཞིག་གི་སྙིང་གི་དུམ་བུ་ས་ལ་ཟགས་ཡོད་པ་མ་ཟད། ཨ་ཕ་ཞིག་གིས་རང་གི་བུ་ལ་བཅིངས་པའི་སེམས་ཚོར་མི་མངོན་པའི་དབྱིངས་ལ་ཐིམ་ཡོད་ངེས། དེ་རིང་ངས་བོད་ཀྱི་ཕོ་རྒོད་དེའི་སྐུ་ཕུང་སྦས་ཡོད་པའི་རྡོ་རིང་བཙལ་ཀྱང་རྙེད་མ་བྱུང་། དེ་ནི་དུས་ཐུང་ཞིག་ནང་རྙེད་སྲིད་པ་ཞིག་མ་རེད། བེམ་པོའི་རྡོ་རིང་འབུམ་བཞི་ཡོད་པའི་ཁྲོད་ནས་ངས་ངོ་ཤེས་པའི་བོད་ཀྱི་ཕོ་གསར་དེའི་དུར་སྦས་རྡོ་རིང་ག་ལ་རྙེད། དེ་རིང་ཡང་ངའི་མིག་ནས་མཆི་མ་བཞུར་སོང་།
ཡུལ་བསྐོར་སྣེ་ཤན་པས་ཟེར་ན། དུར་ས་འདིའི་ནང་ཆ་སྙོམས་བྱས་ན། ཉིན་ལྟར་མི་གྲངས་ཉེར་བདུན་དུར་སྦས་བྱེད་བཞིན་ཡོད་པ་རེད་ཟེར། ཨ་རིའི་དམག་ཞབས་ལོ་ཉི་ཤུ་ལྷག་གནང་བའི་གང་ཟག་སུ་ཡིན་གྱི་བཟའ་ཟླ་དང་། ལོ་བཅོ་བརྒྱད་མན་གྱི་བུ་ཕྲུག་འདས་གྲོངས་སུ་གྱུར་བ་ཡིན་ན། ནང་མིའི་དགོས་འདུན་ལྟར་དུར་ས་འདིར་དུར་སྦས་བྱེད་རྒྱུའི་ཐོབ་ཐང་ཡོད་པ་འདྲ།

དུར་ས་འདིའི་དམིགས་ཡུལ་ནི། ཨ་རིའི་མི་མང་གི་ཚབ་བྱས་ནས་རང་ཉིད་ཀྱི་རྒྱལ་ཁབ་ཆེད་ཞབས་འདེགས་ལས་དོན་ཁྲོད་སྐུ་གྲོངས་པའི་དམག་མི་རྣམས་ཀྱི་སྐུ་ཕུང་འདིར་དུར་སྦས་བྱས་ནས། ཁོང་ཚོར་བརྩི་བཀུར་དང་། ཆེ་མཐོང་སྤྲད་ཡོད་པ་རེད།
དུར་ས་འདིའི་ནང་དུར་སྦས་བྱས་ཡོད་པའི་དུར་བྱང་རྡོ་རིང་རེ་རེས། མི་རེ་རེའི་་ལོ་རྒྱུས་བརྗོད་བཞིན་ཡོད་ལ། དུར་ས་འདིའི་ནང་ཡོད་པའི་དུར་བྱང་རྡོ་རིང་འབུམ་བཞི་ཡིས་ཨ་རིའི་ལོ་རྒྱུས་བརྗོད་བཞིན་ཡོད་། ངས་ ལོ་ལྔ་ལྷག་སོན་པའི་བུ་ཆུང་ལ་གནས་འདི་རུ་དམག་འཁྲུག་ཁྲོད་ཤི་ཟིན་པའི་མི་རྣམས་ལ་བརྩི་བཀུར་དང་། ཆེ་མཐོང་སྤྲད་ཀྱི་ཡོད་ཚུལ་སྣང་མེད་ཀྱིས་འགྲེལ་བརྗོད་བྱེད་སྐབས། ངའི་བུ་ཆུང་གིས་ང་ལ་གཟབ་ནན་ངང་། ཨ་ཕ། དམག་འཁྲུག ཤི་ཟིན། ཟེར་བའི་ཚིག་འདི་རྣམས་སྡུག་ཅག་རེད་ཟེར།

image

ཨ་རིའི་རྒྱལ་ཡོངས་དུར་ས་ནང་ལྟ་བསྐོར་དུ་འགྲོ་རྒྱུར་རིན་མེད་རེད་འདུག ཡིན་ནའང་རྒྱ་ཁྱོན་ཆེ་བའི་དུར་ས་འདིར་རྐང་ཐང་ལ་བསྐྱོད་དགོས་ན་ཧ་ཅང་དཀའ་ཚེགས་ཆེ། འགྲུལ་བསྐྱལ་རླངས་འཁོར་ལ་བསྡད་ནས་ལྟ་བསྐོར་དུ་བསྐྱོད་ན། མི་རེར་ཨ་སྒོར་དགུ་རེར་རེད་འདུག རྩོམ་ཐུང་འདི་ཀློག་མཁན་གང་ཟག་སུ་རུང་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་ལ་ཡུལ་བསྐོར་དུ་ཕེབས་པའི་གོ་སྐབས་བྱུང་ཚེ། ངེས་བར་དུ་ཨ་རིའི་རྒྱལ་ཡོངས་དུར་ས་འདི་ལ་ལྟ་བསྐོར་དུ་འགྲོ་རྒྱུར་ལམ་སྟོན་བྱེད་འདོད་བྱུང་།



བསམ་ཚུལ་འབྲི་རོགས།





*