ཨ་རིའི་གྲོས་ཚོགས་ཁང་དུ་ལྟ་བསྐོར།

འབྲི་མཁན། དཔལ་ལྡན་རྒྱལ། on April 20th, 2014

ཟླ་ངོ་བརྒྱད་ལ་སོན་པའི་བུ་མོ་དང་། ལོ་ལྔ་ལྷག་ལ་སོན་པའི་བུ་གཉིས་ཁྲིད་ནས་ཡུལ་བསྐོར་དུ་འགྲོ་རྒྱུ་ནི་ལས་སླ་བོ་ཞིག་མ་རེད། ཡིན་ནའང་། འདས་པའི་ཉིན་ཁ་ཤས་རིང་བཟའ་ཟླ་དང་། བུ་ཕྲུག་གཉིས་མཉམ་དུ་ང་རང་ལོ་བཅོ་ལྔའི་རིང་རྒྱལ་ས་ཝ་ཞིན་ཀྲོན་དུ་གནས་སྡོད་བྱས་ཀྱང་། སོང་མ་མྱོང་བའི་གནས་ཆེན་ཁག་ཅིག་ཏུ་ལྟ་བསྐོར་དུ་སོང་བ་ཡིན། ད་ཐེངས་ཉིན་མཚན་གཉིས་ཀྱི་དུས་ཚོད་ཁོང་ཚོ་དང་མཉམ་དུ་བསྐྱལ་བ་འདིས་ང་ལ་ཞི་བདེ་བག་ལྷོད་དང་། སེམས་ཚོར་སྐྱིད་པའི་སྤྲོ་སྣང་ཞིག་སྤྲད་བྱུང་།

image

ཉེ་ལམ་ང་ཚོའི་ནང་མི་ཚང་མ་ཨ་རིའི་གྲོས་ཚོགས་ཁང་དུ་ལྟ་བསྐོར་དུ་སོང་བ་ཡིན། ང་ལ་མཚོན་ན་འདི་ག་རྒྱལ་ས་ཝ་ཤིན་ཀྲོན་ནང་ལོ་བཅོ་ལྔ་ལྷག་བསྡད་པའི་རིང་། ཨ་རིའི་གྲོས་ཚོགས་ནང་གསར་འགོད་ལས་དོན་ཆེད། ཐེངས་མང་བཅར་མྱོང་ཡོད་ནའང་། གྲོས་ཚོགས་ནང་གི་ཡུལ་བསྐོར་སྤྲོ་འཆམ་ལ་འགྲོ་སར་ཁྱོན་ནས་སོང་མྱོང་མེད། ད་ཐེངས་ནང་མི་དང་མཉམ་དུ་ཨ་རིའི་གྲོས་ཚོགས་ཁང་གི་ནང་། ཡུལ་བསྐོར་སྤྲོ་འཆམ་དུ་ཕྱིན་པ་འདི་ང་ལ་མཚོན་ན་དོན་སྙིང་ལྡན་པ་ཞིན་ཡིན། གང་ལ་ཟེར་ན། ལོ་བཅོ་ལྔའི་རིང་རང་ཉིད་བསྡད་ཡོད་སའི་ས་གནས་འདིར་ཡོད་པའི་ཨ་རིའི་གྲོས་ཚོགས་ནང་ལྟ་བསྐོར་དུ་ག་རེ་བྱས་ནས་མ་སོང་རེད། དྲི་བ་འདི་ལ་ང་ལན་འདེབས་རྒྱུ་མི་འདུག འོ་ན་ག་རེ་བྱས་ནས་ལོ་བཅོ་ལྔའི་རྗེས་ནས་དེ་རིང་ལྟ་བསྐོར་དུ་སོང་བ་ཡིན་ནམ། དེ་ནི་ངས་བུ་ཕྲུག་གཉིས་དང་འབྲེལ་བ་དམ་པོ་ཡོད་པ་འདྲ། འཛམ་གླིང་འདིའི་སྟེང་། སྟོབས་འབྱོར་མངའ་ཐང་དང་། དབང་ཤུགས་ཆེ་བའི་རྒྱལ་ཁབ་འདིའི་དམངས་གཙོའི་ལམ་ལུགས་ཀྱི་ཁྲིམས་དང་། སྒྲིག་གཞི་གཏན་འབེབས་བྱེད་སའི་གྲོས་ཚོགས་འདིའི་ནང་ལྟ་བསྐོར་དུ་བསྐྱོད་རྒྱུར་ངས་རང་གི་སྙིང་དང་འདྲ་བའི་བུ་དང་། བུ་མོ་གཉིས་ལ་ད་ལྟའི་བར་དུ་སྒུག་ནས་བསྡད་པ་ཡིན་ནམ། ཡིན་མིན་ང་ལའང་གསལ་བོར་བཤད་རྒྱུ་མེད། གང་ལྟར་ལོ་བཅོ་ལྔའི་རྗེས་ནས་ང་རང་བུ་ཕྲུག་གཉིས་དང་། རང་གི་བཟའ་ཟླའི་མཉམ་དུ་ཨ་རིའི་གྲོས་ཚོགས་ནང་ལྟ་བསྐོར་དུ་བསྐྱོད་པར་སེམས་པ་ཤིན་ཏུ་དགའ།
གྲོས་ཚོགས་ཁང་ལ་ལྟ་བསྐོར་བསྐྱོད་རྒྱུར་རིན་པ་སྤྲོད་མི་དགོས་པ་དང་། བདེ་འཇགས་ཆེད་ལུས་བཤེར་དམ་པོ་བྱེད་ཀྱིན་འདུག ལྟ་བསྐོར་འགོ་འཛུགས་སྐབས་གྲོས་ཚོགས་དང་། གྲོགས་ཚོགས་ཁང་གི་ལོ་རྒྱུས། བྱེད་ནུས། དགོས་དམིགས་སོགས་གསལ་སྟོན་ཐུབ་པའི་བརྙན་ཐུང་སྐར་མ་བཅུ་གསུམ་ཅན་ཞིག་བསྟན་བྱུང་། གྲོས་ཚོགས་འདི་ནི་ཨ་རིའི་མི་གྲངས་ས་ཡ་སུམ་བརྒྱའི་རང་ཉིད་ཀྱི་འཐུས་ཚབ་བརྒྱུད་ནས་བསམ་ཚུལ་བརྗོད་སའི་གླེང་སྟེགས་ཤིག་ཡིན། ཨ་རི་ནི་བསམ་ཚུལ་གཅིག་དང་། འབོད་སྒྲ་གཅིག་གི་ལྟ་བ་འཛིན་མཁན་མ་ཡིན་པར། བསམ་ཚུལ་འདྲ་མིན་དང་། འབོད་སྒྲ་སྣ་ཚོགས་གཞི་གཅིག་ཏུ་སྤུངས་ནས་གྲོས་བསྡུར་བྱས་ཏེ། ཨ་རིའི་མི་མང་ས་ཡ་སུམ་བརྒྱའི་ཐུན་མོང་གི་ཁེ་ཕན་བཙལ་གྱིན་ཡོད། གྲོས་ཚོགས་ཁང་འདི་ནི་ཨ་རིའི་དམངས་གཙོའི་ལམ་ལུགས་ཀྱི་རྨང་གཞིའི་རྩ་བ་དང་། ཨ་རིའི་མི་མང་ས་ཡ་སུམ་བརྒྱའི་ཐུན་མོང་གི་ཁེ་ཕན་བཙལ་སའི་གནས་ཡིན།

image
ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཡོད། གྲོས་ཚོགས་འོག་མའི་ནང་འཐུས་མི་༤༣༥་ཡོད། འཐུས་མིའི་ཡོང་ཁུངས་ནི་མངའ་སྡེ་སོ་སོའི་མི་གྲངས་མང་ཉུང་ལ་གཞིགས་ནས་མངའ་སྡེ་རེ་རེ་ནས་འཐུསས་མིའི་གྲངས་ལ་མང་ཉུང་ཡོད། དཔེར་ན་མི་གྲངས་ཆེས་མང་བའི་ཁ་ལེ་ཧྤེ་ནེ་ཡའི་ནས་གྲོས་ཚོགས་ཀྱི་འཐུས་མི་ ༥༣ ཡོད་ལ། ཨ་ལ་སའེ་ཁ་དང་། མོན་ཀྲ་ན། ཝར་མ་ཀྲི་སོགས་མངའ་སྡེ་བདུན་ནས་གྲོས་ཚོགས་ནང་འཐུས་མི་གཅིག་རེ་ཡོད། གྲོས་ཚོགས་འོག་མའི་འཐུས་མིའི་ལས་ཡུན་ལོ་གཉིས་ཡིན། གྲོས་ཚོགས་གོང་མའི་ནང་འཐུས་མི་བརྒྱ་ཐམ་པ་ཡོད། འཐུས་མིའི་ཡོང་ཁུངས་ཨ་རིའི་མངའ་སྡེ་ལྔ་བཅུ་ཐམ་པའི་ནང་མི་གྲངས་མང་ཉུང་ལ་བལྟས་མེད་ཀྱིས་མངའ་སྡེ་རེ་ནས་འཐུས་མི་གཉིས་རེ་ཡོད། ལས་ཡུན་ལོ་དྲུག་ཡིན། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སུ་རུང་བསྐྱར་དུ་འདེམས་པར་དགག་བྱ་མེད།

གྲོས་ཚོགས་ལ་ཁྲིམས་བཟོ་ལྷན་ཁང་ཡང་ཟེར། གྲོས་ཚོགས་ཀྱིས་དབུས་གཞུང་གི་ཁྲིམས་གཞི་གཏན་འབེབས་བྱེད་ཀྱིན་ཡོད་ལ། གཏན་འབེབས་བྱས་པའི་ཁྲིམས་གཞི་དེ་ཨ་རིའི་མངའ་སྡེ་ལྔ་བཅུ་ཐམ་པ་དང༌། དམིགས་བསལ་ས་ཁུལ་རྒྱལ་ས་ཝ་ཞིན་ཀྲོན། ཨ་རིའི་མི་ཡོངས་ལ་ཁྱབ། ཁྲིམས་ཀྱི་བྱེད་ནུས་ནི། མི་ཡོངས་རྫོགས་ཁྲིམས་ལུགས་ཀྱི་རྗེས་སུ་འབྲངས་དགོས་པ་དང་། སྲིད་གཞུང་དང་དབུ་ཁྲིད་ཀྱིས་ཁྲིམས་ལུགས་ལ་བརྩི་བཀུར་བྱེད་དགོས་པ། མི་སུ་ཡང་ཁྲིམས་ཀྱི་སྒང་ན་མེད་པ་དེ་ཡིན།

image
༢༠༠༨ལོའི་ཟླ་བ་བཅུ་བའི་ཚེས་བཅུ་བདུན་ཉིན། ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་གསེར་གྱི་གཟེངས་རྟགས། ༧གོང་ས་མཆོག་ཕུལ་ཡོད། སྐབས་དེར་གོང་ས་མཆོག་གིས། ༼ང་ལ་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་གནང་བ་འདིས་དོན་དམ་པའི་གཟེངས་བསྟོད་ཆེན་པོ་ཐོབ་བྱུང༌། ངོས་འཛིན་འདིས་ང་ལ་དམིགས་བསལ་འགན་འཁྲི་ཡོད་པའི་བོད་མི་ཚོར་བློ་སྤོབས་དང་། དགའ་སྤྲོ་ཚད་མེད་སྐྲུན་ངེས། ཁོང་ཚོའི་བདེ་དོན་སྒྲུབ་རྒྱུ་ནི་ངའི་རྒྱུན་གྱི་ཀུན་སློང་ཞིག་ཡིན་པ་དང༌། ངས་རྒྱུན་དུ་རང་ཉིད་བོད་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གཟེངས་བསྟོད་འདིས་འཛམ་གླིང་ཞི་བདེ་དང༌། འཚེ་བ་མེད་པ། དེ་བཞིན་དུ་མི་རིགས་ཕན་ཚུན་དང་ཆོས་ལུགས་མཐུན་ལམ་བཅས་ཀྱི་ཆེད་འབད་བརྩོན་གནང་མཁན་རྣམས་ལ་རྒྱབ་སྐྱོར་གྱི་བརྡ་ལན་ཤུགས་ཆེ་གཏོང་བའི་ཡིད་ཆེས་ཡོད།༽ཞེས་གསུངས་ཡོད།
ཡང་༡༩༨༧ལོའི་ཟླ་བ་དགུ་བའི་ཚེས་༢༧ ཉིན་། ༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འདིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་། བོད་

དོན་ཐག་གཅོད་ཆེད། ཞི་བའི་གྲོས་འཆར་དོན་ཚན་ལྔ་གསལ་བསྒྲགས་བྱས་ཡོད། དེ་ནི་དེང་ཀྱི་དབུ་མའི་ལམ་གྱི་རྩ་བའི་རྨང་གཞི་ཡིན། ཡིན་ནའང་། དེང་གི་དབུ་མའི་ལམ་གྱིས་རྩ་བ་དོར་ནས་ཡལ་ག་ལ་འཇུས་ནས་བསྡད་ཡོད། ཕྱོགས་ཡོངས་ཀྱི་འཁོར་བསྐྱོད་ལ་བལྟས་ན། རྗས་ཕྱོགས་ཡལ་ག་དོར་ནས་ལོ་མ་ལ་མི་འཇུ་བའི་ངེས་བ་མི་འདུག

ཨ་རིའི་སྲིད་འཛིན་གཉིས་པ་འཇོན་ཨ་ཀྲེམ(John Adams) གྱིས།“ང་ཚོའི་རྒྱལ་ཁབ་ནི་ཁྲིམས་ཀྱིས་སྐྱོང་བའི་སྲིད་གཞུང་ཅིག་ཡིན་པ་ལས་མིས་སྐྱོང་བའི་གཞུང་ཅིག་མིན།”ཞེས་གསུངས་ཡོད། མི་ཚང་མ་ཁྲིམས་ལུགས་གཅིག་མཚུངས་ཀྱིས་འཛིན་སྐྱོང་བྱས་པ་ཡིན་ན་མི་སྒེར་གྱི་ཐོབ་ཐང་དང་རང་དབང་ལ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ།

image ༡༧༩༣ ལོར་ཨ་རིའི་གྲོས་ཚོགས་ཁང་གི་འཛུགས་སྐྲུན་འགོ་ཚུགས་ཡོད་པ་དང་། ༡༨༠༠ལོར་གྲོས་ཚོགས་ཁང་འདིའི་ནང་གྲོས་ཚོགས་ཀྱི་ཚོགས་འདུ་ཐོག་མར་འཚོགས། ༡༨༡༢ ལོའི་དབྱིན་ཇུ་དང་ཨ་རིའི་དམག་འཁྲུག་བྱུང་དང་། ༡༨༡༤ ལོར་དབྱིན་ཇུའི་དམག་དཔུང་གི་གྲོས་ཚོགས་ཁང་འདི་མེ་བསྲེགས་བཏང་ཡོད་ལ། དེའི་རྗེས་གྲོས་ཚོགས་ཁང་བསྐྱར་གསོ་དང་། རྒྱ་བསྐྱེད་སོགས་འཛུགས་བསྐྲུན་ཐེངས་ཁ་ཤས་བྱས་ནས་བརྗིད་ཉམས་ལྡན་པའི་ད་ལྟའི་ཨ་རིའི་གྲོས་ཚོགས་ཁང་འདི་གྲུབ་པ་རེད།
རྩོམ་ཐུང་འདི་ཀློག་མཁན་གང་ཟག་སུ་རུང་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་ལ་ཡུལ་བསྐོར་དུ་ཕེབས་པའི་གོ་སྐབས་བྱུང་ཚེ། ངེས་བར་དུ་ཨ་རིའི་གྲོས་ཚོགས་ཁང་ལ་ལྟ་བསྐོར་དུ་འགྲོ་རྒྱུར་ལམ་སྟོན་བྱེད་འདོད་བྱུང་།



བསམ་ཚུལ་འབྲི་རོགས།





*