རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས།

འབྲི་མཁན། དཔལ་ལྡན་རྒྱལ། on March 4th, 2015

འདས་པའི་ཉིན་ཁ་ཤས་རིང་མཁས་གྲུབ་དགེ་ལེགས་དཔལ་བཟང་(༡༣༨༥-༡༤༣༨)གིས་མཛད་པའི ༼རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས།༽བཀླགས་པ་ཡིན། ལོ་ཉེར་བརྒྱད་ཀྱི་སྔོན་ལ་ཐེངས་གཅིག་བཀླགས་པ་ཡིན། ཡིནའང་། ཡིད་ཀྱི་དྲན་འཛིན་དུ་བསྡད་མི་འདུག ད་ཐེངས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཚེས་དང་བསྟུན་ནས། ༼རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དད་པའི་འཇུག༽བསྐྱར་དུ་ཞིབ་ཚགས་བཀླགས་པ་ཡིན། རྗེ་རིན་པོ་ཆེས་༡༤༠༩ ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་སྐབས་ཀྱི་གནས་ཚུལ་ཞིབ་ཏུ་བྲིས་འདུག སྐབས་དེའི་སྨོན་ལམ་ཆེན་མོ་སྐབས་མཆོད་མེ་ལས་ལྷ་སར་མེ་སྐྱོན་བྱུང་འདུག དེའི་སྐོར་ལ་དད་པའི་མཇུག་ངོགས་ལས། “དེའི་ཚེ་ཉམས་སྣང་བཟང་པོ་རང་ཡོད་པའི་ཐུགས་དམ་པ་ཞིག་གི་མནལ་ལམ་དུ། བུད་མེད་ཆེན་མོ་ཞིག་གིས་ལག་པ་གཉིས་ཀྱིས་གཙུག་ལག་ཁང་ལ་འཁྱུད་འདུག །ཅི་བྱེད་བྱས་པས་མེའི་གནོད་པ་བསྲུང་བ་ཡིན་ཟེར་བ་ཞིག་རྨིས་འདུག །དེའི་ཕྱི་དེ་ནུབ། ཀོང་བུ་ཆེན་མོའི་མར་ཕལ་ཆེ་བ་རྫོགས། མར་གསར་པ་མ་བླུགས་པའི་མཚམས་ཤིག་ཏུ། ཀོང་བུའི་ནང་གི་རས་རྡོག་རྡོག་རྣམས་དང་མར་ལྷག་མ་དང་བཅས་པ་ཐམས་ཅད་ལ་མེ་འབར་ནས་ཤིན་ཏུ་ཆེ་བའི་མེའི་ཕུང་པོར་གྱུར་ཏེ། སྐྱེ་བོ་ཐམས་ཅད་འཇིགས་སྐྲག་ཏུ་གྱུར་པ་ལ། རྗེའི་ཞལ་སྔ་ནས་དེ་མ་ཁད་གཟིམ་ཁང་དུ་བྱོན་སོང་ནས་ཐུགས་དམ་ལ་བཞུགས་པས། རླུང་གཅིག་ཀྱང་མེད་ཅིང་ཐབས་རྣམས་ཀྱིས་ཀྱང་བཟློག་ཤིན་ཏུ་སླ་བར་བྱུང་ནས་དེ་མ་ཁད་ཞི་ཞིང་གནོད་པ་ཅུང་ཟད་ཀྱང་མ་བྱུང་ངོ་། །”ཞེས་བཀོད་འདུག

image

རྗེ་རིན་པོ་ཆེ་(༡༣༥༨-༡༤༡༩) དགུང་ལོ་བཅུ་དྲུག་སྟེང་ཕ་ཡུལ་དང་ཞལ་གྱེས་ནས་དབུས་གཙང་ཕྱོགས་སུ་ཕེབས་བ་དང་། ཕྱིར་མདོ་སྨད་དུ་ཕེབས་རྒྱུའི་ཐུགས་ཐག་བཅད་ནས་ལམ་ལ་ཆས་ཡོད་ནའང་། གློ་བུར་དུ་ཐུགས་ལ་འགྱུར་ཐེབས་འདུག དེའི་སྐོར་ལ་དད་པའི་མཇུག་ངོགས་ལས། “གྲོགས་དང་སློབ་འབྲེལ་མང་པོས་བསྐུལ་ཞིང༌། མདོ་སྨད་ནས་ཡུམ་གྱིས་ཀྱང་ཞུ་བ་ནན་ཆེར་བྱུང་བས་རྐྱེན་བྱས་ནས། ལན་ཅིག་མདོ་སྨད་ལ་འབྱོན་པར་བཞེད་པ་འཁྲུངས་ཏེ། མལ་གྲོ་ལྷ་ལུང་དུ་བྱོན། ལག་ལེན་འགའ་ཞིག་ལ་ཐུགས་སྦྱོང་ཡང་མཛད་པར་བརྩམས་པ་ལ་མཚམས་ཤིག་ནས། ཅི་བྱེད་དེ་འདྲ་བ་ལ་དགོས་པ་མི་འདུག །ད་ནི་མདོ་ཁམས་དང་ཡུལ་གྱི་ཕྱོགས་ལ་གཏན་ནས་མི་འགྲོ་བའི་དམ་བཅའ་བར་བྱའོ། །སྙམ་དུ་དགོངས་པ་ཤུགས་དྲག་པོ་སྐྱོ་ཤས་དང་བཅས་པ་ཞིག་འཁྲུངས་ནས་དེ་འཕྲལ་དུ་མདོ་སྨད་ལ་མི་འབྱོན་པའི་ཐུགས་ཐག་བཅད་དོ།”།ཞེས་བཀོད་འདུག



བསམ་ཚུལ་འབྲི་རོགས།





*