༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་མཛད་འཕྲིན་སྙིང་བསྡུས།

འབྲི་མཁན། དཔལ་ལྡན་རྒྱལ། on July 6th, 2015

དཔལ་ལྡན་རྒྱལ་གྱིས་ཕྱོགས་བསྒྲིགས་བྱས།

ད་ལོ་ནི་༧གོང་ས་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ། སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་ཡོད་ལ། བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་། དགུང་གྲངས་བརྒྱད་ཅུར་ཕེབས་ཡོད་པའི་དགའ་སྟོན་ལ་རོལ་བཞིན་ཡོད་པ་རེད། དེ་བཞིན་དུ་མདོ་སྨད་དབུས་རྒྱུན་ལས་ཀྱིས་གོ་སྒྲིག་བྱས་ནས་།   མདོ་སྨད་ཀྱི་ལུགས་སྲོལ་ལྟར ཟླ་འདིའི་ཚེས་ ༢༡ ནས ༢༣ བར་ཉིན་གསུམ་གྱི་རིང་།  བཞུགས་སྒར་རྡ་རམ་ས་ལ་རུ་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་ ༸སྐུའི་གྱ་སྟོན་སྲུང་བརྩི་དང་།  དབུས་བོད་མིའི་སྒྲིག་འཛུགས་དང་།  དགེ་ལུགས་ཡོངས། མདོ་སྨད་བཅས་མཉམ་འབྲེལ་གྱིས་གཏན་བཞུགས་ཕུལ་ཡོད་ཀྱི་ཡོད་པ་རེད།

སྐབས་འདིར་ང་ཚོས་འདི་ནས་གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྗེས་ལ་ཕྱིར་དྲན་ཞིག་བྱས་ན།

184A0435

༡༩༣༣ ལོའི་ཟླ་བ་བཅུ་གཉིས་པའི་ཚེས ༡༧ཉིན། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་དགོངས་པ་རྫོགས།

༡༩༣༥ ལོའི་བོད་ཟླ་བ ༥ བའི་ཚེས ༥ འམ།  སྤྱི་ཟླ ༧ པའི་ཚེས ༦ ཉིན།  ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་ཆེན་པོ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་མདོ་སྨད་སྐུ་འབུམ་དགོན་པའི་ཉེ་འཁྲིས་སྟག་འཚེར་རུ་སྐུ་འཁྲུངས།

སྐབས་དེར་ཨ་མདོ་ས་ཁུལ་གྱི་  གོང་ས་མཆོག་གི་འཁྲུངས་ཡུལ་ས་ཁུལ་གོ་མིན་ཏང་གི་དམག་སྤྱི་མ་ཕུ་ཧྥང་གིས་དབང་བསྒྱུར་བྱས་ཡོད་པས།  སྟག་འཚེར་རུ་སྐུ་འཁྲུངས་པའི་བུ་ལྷ་མོ་དོན་གྲུབ་ནང་དོན་གྱིས་གོང་ས་མཆོག་གི་ཡང་སྲིད་ཡིན་པར་གཏན་འཁེལ་ཡོད་ནའང་།  ལྷ་སར་གདན་འདྲེན་ཞུ་རྒྱུར་དཀའ་ངལ་འཕྲད་སྲིད་པར་དགོངས་ནས་འོས་སྤྲུལ་ཡིན་པ་ལྟ་བུའི་ངང་ལྷ་སར་གདན་འདྲེན་ཞུས།

༡༩༣༩  ལོར་གོང་ས་མཆོག་གི་ཡབ་ཡུམ་སྐུ་འཁོར་རྣམས་ཨ་མདོ་དང་ཞལ་གྱེས་ནས་ཟླ་གསུམ་རིང་ལྷ་སར་བསྐྱོད་པ་དང་།  ལྷ་སར་མ་སླེབས་ཙམ་གྱི་ལམ་བར་དུ་ འབུམ་ཆེན་ཞེས་པའི་གྲོང་སྡེ་དེ་ཕེབས་འབྱོར་བྱུང་སྐབས།  གཞུང་འབྲེལ་གྱིས་༧ གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་ཡིན་པ་གསལ་བསྒྲགས་གནང་།

༡༩༤༠  ཟླ་བ་གཉིས་པའི་ཚེས་ ༢༢ཉིན་ཕོ་བྲང་ཕོ་ཏ་ལ་རུ་གསར་ཁྲིར་མངའ་གསོལ་གནང་།

༡༩༥༠ ལོའི་ཟླ་བ་༡༡ ཚེས ༢༣ ཉིན། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་སོགས་ལ་བརྟེན་ནས་གོང་ས་རྒྱལ་བ་རིན་པོ་ཆེ་ཡིས་དགུང་ལོ་བཅུ་དྲུག་སྟེང་།   ཆོས་སྲིད་གཉིས་ཀྱིས་ཐུགས་འགན་ཡོངས་སུ་བཞེས། ཡིན་ནའང་རྒྱ་ནག་གུང་ཁྲན་གཞུང་གི་དམག་དཔུང་བོད་ལ་སླེབས་པ་དང་། ཆབ་སྲིད་ཀྱི་གནས་བབ་ཟིང་ཟིང་ཅན་ཏུ་གྱུར་ནས་

སྤྱི་ལོ་ ༡༩༥༠ལོའི་ཟླ་བ་བཅུ་གཉིས་པའི་ཚེས ༡༦ ཉིན་ བོད་ཀྱི་རྒྱལ་ས་ལྷ་ས་དང་ཞལ་གྱེས་ནས་བོད་དང་། རྒྱ་གར་གྱི་ས་མཚམས་གྲོ་མོར་ཕེབས་ནས་ཟླ་བ་དྲུག་ཙམ་རིང་ཉེན་ཡོལ་ལྟ་བུར་བཞུགས་དགོས་བྱུང།  སྐབས་དེར ༡༩༥༡ ལོའི་ཟླ་བ་ལྔ་བའི་ཚེས ༡༧ ཉིན།   རྒྱ་ནག་གི་རྒྱལ་ས་པེ་ཅིན་ཏུ། བོད་རྒྱ་གཉིས་བར་ཞི་བའི་ཆིངས་ཡིག་དོན་ཚན་བཅུ་བདུག་བཞག

སྤྱི་ལོ་ ༡༩༥༤ ལོའི་ཟླ་བ་བདུན་པ་ནས།  ༡༩༥༥ལོའི་ཟླ་དྲུག་པའི་བར། ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག   རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་།  ཀྲོའུ་ཨན་ལེན།   ཀྲུའ་ཏེ།   ཏིང་ཞའོ་ཕིན་སོགས་ལ་མཇལ་འཕྲད་གནང་ཡོད་པ་དང་། རྒྱ་ནག་གི་ས་ཁུལ་མང་པོ་ཞིག་ལ་གཟིགས་སྐོར་དུ་ཕེབས་པ་སོགས་རྒྱ་ནག་ཏུ་ལོ་གཅིག་རིང་བཞུགས། སྐབས་དེར་ཀུན་གཟིགས་པན་ཆེན་རིན་པོ་ཆེ་ཀྱང་རྒྱ་ནག་ཏུ་ཕེབས་ཡོད་པ་རེད།

༡༩༥༦  ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་ རྒྱ་གར་དུ་ཕེབས་ནས་   སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་ནས་ལོ་ ༢༥༠༠ འཁོར་བའི་དུས་དྲན་དགའ་སྟོན་ལ་ཞུགས།  སྐབས་དེར་པན་ཆེན་རིན་པོ་ཆེ་ཀྱང་ཕེབས་ཡོད།  རྒྱ་གར་གྱི་སྲིད་བློན་ནེ་རོ་གཙོས་དབུ་ཁྲིད་རྣམས་ལ་མཇལ་འཕྲད་གནང་།

༡༩༥༧ ལོའི་སྤྱི་ཟླ་གསུམ་པའི་ནང་ཕྱིར་བོད་ལ་ཕེབས།

༡༩༥༩ ལོའི་ཟླ་བ་གཉིས་པའི་ནང་།  ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་ ༧གོང་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལྷ་རམས་པའི་དམ་འབུལ་གནང་།

༡༩༥༩ ལོའི་སྤྱི་ཟླ་གསུམ་པའི་ཚེས ༡༠ ཉིན། ༧གོང་སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་ས་རུ་རྒྱའི་དམག་སྒར་དུ་གཟིགས་མོར་ཕེབས་རྒྱུར་བཀག་འགོག་ཆེད།  བོད་མི་མང་གིས་ནོར་བུ་གླིང་ཁའི་མཐའ་བསྐོར་ནས་། བོད་རང་བཙན་ཡིན།  རྒྱ་མིོ་བོད་ནས་མཐར་བསྐྲོད་གཏོང་། ཞེས་སྐད་འབོད་བྱས་ནས་བོད་མི་མང་གི་སྒེར་ལངས་འགོ་ཚུགས་པ་རེད།  དེ་ནས་རྒྱ་ནག་གི་དམག་དཔུང་གིས་བོད་མི་མང་གི་ཐོག་དྲག་གནོན་བྱས།

༡༩༥༩ ལོའི་ཟླ་བ་གསུམ་པའི་ཚེས ༡༧ཉིན། གོང་སྐྱབས་མགོན་ཆེན་པོ་མཆོག་བོད་གྱི་རྒྱལ་ས་ལྷ་ས་དང་ཞལ་གྱེས་ནས་བཙན་བྱོལ་དུ་ཕེབས   འདིའི་ཐད་རང་རྣམ་ ༼ངོས་ཀྱི་ཡུལ་ངོས་ཀྱི་ཡུལ་ངོས་མི་མང་། ༽ ཞེས་པའི་ནང་འདི་ལྟར་བཀོད་འདུག

ངོས་ལ་དམག་མིའི་གྱོན་གོས་ཤིག་དང༌།ཞྭ་མོ་གཅིག་གོ་སྒྲིག་ཡོད་པ་ལྟར་ཆུ་ཚོད་བཅུ་མ་ཟིན་ཙམ་ལ་ངས་ཡིད་སྐྱོ་ལྷང་ལྷང་གིས་བཅོམ་ལྡན་འདས་ཀྱིས་གནང་བའི་གྱོན་པ་གྲྭ་ཆས་ཕུད་དེ་གོང་གི་ཆས་གོས་གྱོན།དེ་ནས་ལྷ་ཁང་དུ་ཕྱིན།རང་གི་གདན་ཁྲིའི་ཐོག་བསྡད་དེ་སངས་རྒྱས་ཀྱི་གསུང་ཤེར་ཕྱིན་བརྒྱད་སྟོང་པ་ཞིག་ཞལ་འབྱེད་ཀྱིས་དབུ་ནས་བཟུངས་ཏེ།ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག་ཅེས་པའི་བར་བཀླགས་ཏེ་སྨོན་ལམ་བཏབ།

 གློག་བཞུ་ཅུང་ཟད་འོད་མདངས་ཆུང་དུ་བཏང༌། སྡོད་ཤག་ནས་ཕྱི་རུ་ཐོན་སྐབས་བསམ་བློའི་ནང་འཇིགས་སྐྱོའི་ཚོར་བ་གང་ཡང་མ་བྱུང་ཞིང༌། ཆུ་ཚོད་ཀྱི་ཚགས་སྒྲ་དང༌། ངོས་རང་གི་རྐང་པ་སྤོས་པའི་སྒྲ་སྐད་མ་གཏོགས་གཞན་ཚང་མ་ཁུ་སིམ་འཇམ་ཐིང་དུ་གནས་པའི་ངང་མར་ཡོང་། ཞེས་བཀོད་ཡོད།

ཟླ་བ་གསུམ་པའི་ཚེས ༣༠ ཉིན་ རྒྱ་གར་ས་ཐོག་ཏུ་ཕེབས་བྱོར་བྱུང་དང་།  ཟླ་བ་བཞི་བའི་ཚེས ༡༨ ཉིན། བོད་རྒྱ་གཉིས་བར་ཞི་བའི་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་རེད། རྩིས་མེད་ཡིན་པ་གསལ་བསྒྲགས་བསྐྱངས།   རྒྱ་གར་མ་སུ་རི་རུ་ལོ་ངོ་གཅིག་ཙམ་བཞུགས། སྐབས་དེར་བཙན་བྱོལ་ཁྲོད་ཀྱི་སློབ་གྲ་དང་པོ་གསར་འཛུགས་གནང་།

༡༩༦༠ལོའི་ཟླ་བ་བཞི་བའི་ཚེས ༣༠ ཉིན།  ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལར་ཕེབས་ནས་ད་ལྟའི་བར་གནས་འདིར་བཞུགས་ཡོད་པ་དང་། དེ་ནས་བཟུང་བཞུག་སྔར་རྡ་རམ་ས་ལ་ནི། བཙན་བྱོལ་བོད་མིའི་ཆོས་དང་།  རིག་གཞུང་། ཆབ་སྲིད་བཅས་ཀྱི་ལྟེ་གནས་ཆགས་ཡོད་པ་རེད

༧གོང་ས་རྒྱལ་བ་རིན་ཆེ་མཆོག་གི་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པའི་ཐུགས་དགོངས་སྔོན་ནས་ཡོད་པ་ལྟར།   ༡༩༦༠ ཟླ་༩ ཚེས་༢ ཉིན།  སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས།

༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་ཟིན་བྲིས་སུ་བཀོད་པ་དང་།  དེ་ནས ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་གཏན་འབེབས་གནང་།

༡༩༦༧ལོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དང་།  ཐའེ་ལན་ནང་ ཆིབས་བསྒྱུར་གནང་།  དེ ནི་གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས་ཕྱི་རྒྱལ་དུ་ཕེབས་པ་ཐེངས་དང་པོ་ཡིན།

༡༩༧༣ ལོར་ཡོ་རོབ་རྒྱལ་ཁབ་དབྱིན་ཡུལ དང་།  སིད་ཝི་སི། ནོར་ཝེལ།  གདན་མ་ཁུ། ཨ་ཏ་ལའི་སོགས་སུ་ཆིབས་བསྒྱུར་གནང་ནས།  ཡི་ཤུའི་བླ་ཆེན་Pope Paul VIམཇལ་འཕྲལ་གནང་།

༡༩༧༩ ལོར་རྒྱ་ནག་གཞུང་དང་མཉམ་བསྐྱར་དུ་འབྲེལ་བྱུང་ནས།  བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད།  གོང་ས་མཆོག་གི་སྐུ་ཚབ་ཚོགས་ཆུང་།  བོད་ནང་ཐེངས་དང་པོར་ཕེབས།

ཡང་ལོ་དེར་གོང་ས་མཆོག་ཨ་མེ་རི་ཀ་ནང་ཆིབས་བསྒྱུར་ཐེངད་དང་པོར་གནང་།

༡༩༨༧ལོའི་སྤྱི་ཟླ་ ༩ ཚེས ༢༡  ཉིན།  ༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཐོག་བོད་དོན་སེལ་ཆེད།   ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་གསལ་བསྒྲགས་གནང་།

༡༩༨༨ ལོའི་སྤྱི་དྲུག་པའི་ཚེས ༢༨ ཉིན། བོད་དོན་སེལ་ཐབས་ཆེད་། སི་ཏྲས་སི་སྦག་ཏུ་ཡོ་རོབ་གྲོས་ཚོགས་ནང་གསུང་འཕྲིན་གནང་། གསུང་འཕྲིན་གྱི་དོན་སྙིང་ནི་ བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་སྲིད་ཇུས་དགོངས་གཞི་ཡིན། 

༡༨༨༩ལོའི་ཟླ་བ་ ༡༢ པའི་ཚེའ ༡༠ ཉིན་ནོར་ཝེལ་ཞི་བདེའི་གཟེངས་རྟགས་བཞེས།

༡༩༩༠ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་དམངས་གཙོ་ཅན་ཏུ་བསྒྱུར་བའི་འཕེལ་རིམ་ཁྲོད་གོམ་སྟབས་ཆེན་པོ་སྤོས།

༡༩༩༢  བཙན་བྱོལ་བོད་གཞུང་དེ་དམངས་གཙོ་ཚད་ལྡན་ཞིག་ཏུ་བསྒྱུར་ཆེད་བཀའ་བློན་རྣམས།  སྤྱི་འཐུས་རྣམ་པས་ཐད་ཀར་འོས་འདེམས་གནང་།  

༢༠༠༡ ལོར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས  བཀའ་སློབ་ལམ་སྟོན་འོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ནས།  ༧གོང་ས་མཆོག་ཆབ་སྲིད་ཀྱི་འགན་དབང་ལས་ཕྱེད་རྒན་ཡོལ་ལྟ་བུར་བཞུགས་།

༢༠༠༧ ལོའི་ཟླ་བ་ ༡༠ ཚེས ༡༧ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་གཟེངས་རྟགས་གསེར་ཀྱི་རྟགས་མ་ཕུལ།

༢༠༡༡ལོའི་ཟླ་བ་གསུམ་པའི་ཚེས ༡༤ ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱུང་བའི་བཀའ་བློན་ཁྲི་བར་རྩིས་སྤྲོད་གནང་ནས། ལོ་ངོ་ ༣༦༨རིང་གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་གྱིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བའི་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་བཟུང་བའི་ལོ་རྒྱུས་མཇུག་བསྡུས། 

༧གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་བར་བགྲོ་གླེང་དང་། ནང་ཆོས་ཀྱིས་དེང་གི་འཁྲུག་ཆ་དོད་ཅིང་།  ཕྱིའི་དངོས་པའི་ཡར་རྒྱས་ཀྱི་སྤྱི་ཚོགས་འདིའི་ལ་ཕན་ཐོགས་ཆེན་པོ་ཡོད་པ་འཛམ་གླིང་མི་མང་ལ་ངོ་སྤྲོད་གནང་ཡོད།  དེ་བཞིན་ཆོས་ལུགས་ཚང་མ་བདེ་སྐྱིད་བསྐྲུན་ཐབས་ཆེད་ཡིན་པའི་དགོངས་དོན་གཞིར་བཞག་ནས།  ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་ཆེད་མཛད་རྗེས་རླབས་ཆེན་བཞག་ཡོད།  དེ་བས་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་དབུ་ཁྲིད་ཚོས། ༧གོང་ས་མཆོག་ལ་གཞན་དང་མི་འདྲ་བའི་ཆེ་མཐོང་དང་། གུས་བརྩི་ཆེན་པོ་གནང་གིན་ཡོད་པ་རེད།  ༧གོང་ས་མཆོག་གིས་འཛམ་གླིང་གང་སར་བྱམས་བརྩེ་དང་།  འགྲོ་བ་མིའི་ཀུན་སྤྱོད་སོགས་ཀྱི་ཐད་བཀའ་སློབ་གནང་སྐབས་མི་ཁྲི་ཕྲག་མང་པོ་བཀའ་སློབ་ལ་ཉན་དུ་ཡོང་གི་ཡོད་ལ།  ༧གོང་ས་མཆོག་ནི་འཛམ་གླིང་མི་མང་གིས་ཡིད་ཆེས་ཡོད་པ་དང་། དགའ་མོས་ཆེ་བའི་དབུ་ཁྲིད་དང་། འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་གྱུར།  

གོང་ས་རྒྱལ་བ་རིན་པོ་ཆེ་ཡིས་བོད་མི་དང་། ནང་བའི་རྗེས་འཇུག་པ་ཚོར་ནང་ཆོས་བཀའ་ཁྲིད་དང་། གསུང་ཆོས་གནང་བ་དང་།   འཛམ་གླིང་མི་མང་ཚོར།  བྱམས་དང་སྙིང་རྗེ།  ཆོས་ལུགས་ལས་བརྒལ་བའི་འགྲོ་བ་མིའི་ཀུན་སྤྱོད་སོགས་ཀྱི་ཐད་བཀའ་སློབ་ལམ་སྟོན་གནང་ནས་། འཛམ་གླིང་ཞི་བདེ་དང་། འགྲོ་བ་རིགས་དྲུག་ལ་བདེ་སྐྱིད་ཡོང་བར་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཉིད་ཀྱི་ཞལ་ནས།  ང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དེ་ཐུགས་བསྐྱེད་དང་པོ་དང༌། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་་ཕན་ཚུན་མཐུན་སྒྲིལ་ཡོང་བའི་འབད་བརྩོན་གནང་རྒྱུ་དེ་ཐུགས་བསྐྱེད་དམ་བཅའ་གཉིས་པ། བོད་མི་ཞིག་ཡིན་པ་དང༌། བོད་པའི་དབུ་འཁྲིད་ྋསྐྱབས་མགོན་རིན་པོ་ཆེ་ཡིན་པའི་ཆ་ནས་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་སྐྱེ་འགྲོའི་བདེ་ཐབས་དང༌། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་གི་འཛིན་སྐྱོང་བྱ་རྒྱུ་སོགས་ཀྱི་ཐོག་ལ་ཐུགས་འགན་བཞེས་པའི་ཐུགས་བསྐྱེད་གསུམ་པ་དེ་ཡིན་ཞེས་བཀའ་གནང་གི་ཡོད



བསམ་ཚུལ་འབྲི་རོགས།





*