སྟག་སྣ་འཇིགས་མེད་བཟང་པོ། མི་ལོ་སོ་བདུན་རིང་བཙོན་འཇུག

འབྲི་མཁན། དཔལ་ལྡན་རྒྱལ། on May 20th, 2009

 “ང་ནི་ལོ་ངོ་སུམ་ཅུ་སོ་གཉིས་རིང་རྒྱ་ནག་གི་བཙོན་ཁང་ནང་བསྡད་པ་དང༌། ལོ་ལོ་ལྔའི་རིང་ལས་མིའི་རུ་ཁག་ཁོངས་སུ་བསྡད་ནས་ཁྱོན་བསྡོམས་ལོ་ངོ་སུམ་ཅུ་སོ་བདུན་རིང་བཙོན་ཁང་གི་བཙོན་པ་དང་སྤྱི་ཚོགས་སྟེང་གི་བཙོན་པ་བྱས་པའི་མི་ཞིག་ཡིན།”་ཞེས་སྟག་སྣ་འཇིགས་བཟང་པོ་མཆོག་གིས་སྨན་ཁང་གི་ཉལ་ཁྲིའི་སྟེང་གན་རྐྱལ་དུ་ཉལ་ནས་དེ་ལྟར་ང་ལ་གསུངས་དུས༌།  

cimg1428

ཟིན་བྲིས་མཁན་གྱིས་སྟག་སྣ་འཇིགས་མེད་བཟང་པོ་ལ་བཅར་འདྲི་བྱེད་བཞིན་པ།

ངའི་སེམས་་སུ་དགའ་སྡུག་འདྲེས་མའི་ཚོར་བ་ཞིག་དང་མཉམ་དུ་ཁོང་གི་འགྱུར་བ་མེད་པའི་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་དད་སེམས་དང་བཅས་ཁ་བཏགས་སེར་པོ་ཞིག་ཕུལ་ནས་ཕྱག་གཉིས་ལ་འཐམ་རྗེས་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་ཞུས་པ་ཡིན། ཟླ་བ་འདིའི་ཚེས་༢༤་ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་ཟུར་བ་སྟག་སྣ་འཇིགས་མེད་བཟང་མཆོག་བཞུགས་སའི་ཨ་རིའི་རྒྱལ་ས་ཝ་ཤིན་ཏུ་ནང་ཡོད་པའི་ George Townསློབ་གྲྭ་ཆེན་མོའི་སྨན་ཁང་གི་ཛ་དྲག་ནད་པའི་སྡེ་ཚན་གྱི་ཁང་མིགཨང་གྲངས ༦༡༡༦ ནང་ང་རང་ཆེད་དུ་བཅར་ནས་ཉིན་གཅིག་རིང་ཁོང་ལ་ཞབས་ཞུ་དང་འབྲེལ་བཀའ་མོལ་ཡུན་རིང་བྱེད་རྒྱུའི་གོ་སྐབས་བྱུང། སྟག་སྣ་འཇིགས་མེད་བཟང་པོ་མཆོག་ནི་དགུང་གྲངས་༧༤་ལ་ཕེབས་ཡོད་པ་དང༌། སྐུ་གཟུགས་ཐུང་ཞིང་ཕྲ་ལ། དབུ་སྐྲ་དཀར་ནག་འདྲེས་མ་ཡིན་ནའང་ནག་པོ་ཤུགས་ཆེན་ཡོད་པ༌། ཁ་སྤུ་དང་ཨོག་ཚོམ་རིང་པོ་དཀར་ཐིང་ངེར་ཡོད་པ་དང༌། མིག་ཤེལ་མཐུག་པོ་གྱོན་འདུག  ཁོང་ནི་བཀའ་མོལ་བྱེད་བདེ་བ་དང་མཚམས་རེར་ཀུ་རེ་རྩེད་པ་སོགས་མི་ལ་འདྲིས་བདེ་བ་དང༌། འདས་དོན་ལ་ཕྱིར་དྲན་བྱེད་སྐབས་དྲན་འཛིན་བརྟན་པ།  བློ་རིག་གསལ་བ། བཀའ་མོལ་གནང་དུས་ཁ་གསལ་ཞིང་གོ་བདེ་བ་ཞིག་རེད། ཁོང་གིས་ཁྲག་ཚད་མཐོ་བའི་ནད་གཞི་དང༌། གློ་ནད་ཀྱི་སྨན་དང༌། ན་ཟུག་གཅོག་པའི་སྨན་སོགས་ཉིན་ལྟར་སྨན་འདྲ་མིན་མང་པོ་ཞིག་མཆོད་བཞིན་འདུག  ངས་ཁོང་ལ་སྐུ་གཟུགས་ཀྱི་གནས་སྟངས་སྐོར་ལ་བཀའ་འདྲི་ཞུ་སྐབས་ཁོང་གིས་གསུངས་དོན་ལ། གཟུགས་པོ་ན་ཚ་ཆེན་པོ་དང་གཉིད་མི་ཐུབ་པ་སོགས་ཀྱི་དཀའ་ངལ་མི་འདུག       ཡིན་ནའང་ཁྲག་ཚད་མཐོ་བདང༌། རྐེད་པའི་ཟུར་ཅིག་ལ་ན་ཟུག་རྒྱག་པ་སོགས་མི་བདེ་བ་མང་པོ་ཡོད་པ་ཟད། མིག་གཡས་པས་རྩ་བ་ནས་མཐོང་གི་ཡོད་པ་མ་རེད་ཞེས་གསུངས། ཁོང་གིས་ལོ་ངོ་༣༧་རིང་རྒྱ་ནག་གི་བཙོན་ཁང་ནང་དཀའ་སྡུག་མྱོང་བའི་དམིགས་ཡུལ་ནི་བོད་རང་བཙན་ཆེད་ཡིན་ཞེས་བློ་ཐག་ཆོད་པོའི་ངང་གསུངས་དོན། ངའི་ཚེ་སྟོད་ལ་འང་བོད་ནི་རང་བཙན་་གྱི་གྲུབ་ཆ་ཚང་བའི་རྒྱལ་ཁབ་ཅིག་ཡིན་པ་དང༌། ངའི་ཚེ་སྨད་ལའང་སེམས་ལ་རང་བཙན་བཅིངས་ནས་བཙོན་ཁང་དུ་བསྡད་པ་ཡིན།  བོད་ལ་ཆབ་སྲིད་ཀྱི་རང་བཙན་ཞིག་མ་ཐུབ་ཚེ་བོད་ཀྱི་ཆོས་དང༌། རིག་གཞུང༌། སྐད་ཡིག་ལ་སོགས་ཀྱི་གནས་ཐུབ་ཀྱི་དཀའ་མོ་རེད། དེ་བས་རང་ཁྱིམ་རང་བདག་དང༌། རང་ཐག་རང་གཅོད།  རང་བཙན་རྒྱལ་ཁབ་ཞིག་ཐོབ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཞེས་གསུངས་བྱུང༌།  སྐབས་དེར་ངས་ཁོང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ངོས་ནས་བོད་རང་བཙན་རྩོད་ལེན་བྱེད་བཞིན་མེད་པར།  བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའིརང་སྐྱོང་གི་གནས་བབས་ཞིག་རྩོད་ལེན་ཀྱི་ཡོད་པ་དེར་དགོངས་ཚུལ་ཅི་ཡོད་འདྲི་སྐབས། ཁོང་གིས ང་འདིར་མ་སླེབས་བར་དུ་གོང་ས་མཆོག་གི་དགོངས་ཚུལ་དེ་ཤེས་རྟོགས་བྱུང་མེད། གོང་ས་མཆོག་གི་དགོངས་ཚུལ་དེ་འང་དགོས་པ་དམིགས་བསལ་ཅན་ཞིག་ཡོད་ངེས་ཡིན་པ་ངས་ཡིད་ཆེས་བྱེད་གི་ཡོད༌། ཡིན་ནའང་ང་རང་གི་བོད་རང་བཙན་གྱི་བསམ་བློ་ལ་འགྱུར་བ་མེད་ཞེས་དང༌།  ཡང་ཁོང་གིས་བསམ་བློ་རྣལ་མ་ཞིག་བཏང་རྗེས་ང་ལ་ཞིབ་བལྟ་ཞིག་བྱས་ཏེ་མུ་མཐུད་གསུངས་དོན། རྒྱལ་བ་ཡེ་ཤེས་ནོར་བུར་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་ན་ང་ལ་ཞུ་རྒྱུ་ཁ་ཤས་ཡོད། ང་རང་ལོ་འདི་འདྲ་ཞིག་སླེབས་དུས་ནུས་ཤུགས་ཡོད་པ་མ་རེད་དེ  སེམས་ཤུགས་ཆགས་ཀྱི་མེད་ཞེས་གསུངས།  ཡང་ངས་ཁོང་ལ་སྐུ་གཟུགས་སྨན་བཅོས་བྱས་རྗེས་བོད་དུ་ཕྱིར་ཕེབས་འདོད་ཡོད་དམ་ཞེས་དྲིས་པར༌། ཁོང་གིས། ང་རང་ལ་རྒྱ་ནག་གཞུང་གིས་བཙོན་འཇུག་ལོ་ཚད་བཟོས་ཡོད་པ་ནས་ལོ་དགུ་ཚང་ཡོད་པ་མ་རེད།    ད་ནི་ལོ་ན་རྒས་པ་དང་གཟུགས་པོ་བདེ་ཐང་མིན་པས་བཙོན་ཁང་དུ་མུ་མཐུད་དུ་བསྡད་རྒྱུ་དཀའ་ངལ་འདུག རྒྱ་ནག་བཙན་འཛུལ་པས་ཇི་སྲིད་བོད་བཙན་བཟུང་བྱེད་རྒྱུ་མཚམས་འཇོག་མ་བྱས་བར་དུ། དེ་སྲིད་བོད་ལ་ལོག་རྒྱུ་མིན་་ཞེས་གསུངས་སོང༌། སྟག་སྣ་འཇིག་མེད་བཟང་པོ་ལགས་ནི་ད་ལོའི་ཟླ་བ་གསུམ་པའི་ཚེས ༣༡ ཉིན་རྒྱ་ནག་གཞུང་གིས་སྐུ་གཟུགས་སྨན་བཅོས་བྱེད་དགོས་པའི་མིང་ཐོག་ནས་གློད་གྲོལ་བཏང་ཡོད་པ་རེད། དེའི་སྐོར་ལ་སྟག་སྣ་འཇིགས་མེད་བཟང་པོ་མཆོག་གི་གསུངས་དོན་ལ༌།    ད་ལོའི་ཟླ་བ་གཉིས་པའི་ཟླ་མཇུག་ཏུ་བཙོན་ཁང་གི་འགོ་ཁྲིད་བློ་བཟང་དང༌། ལོ་པོ་ཟེར་བ་གཉིས་ངའི་སར་ཡོང་ནས། ཨ་རིས་ཁྱེད་རང་སྨན་བཅོས་ཆེད་ལེན་གི་ཡིན་ཟེར་གྱི་འདུག   ཁྱེད་རང་འགྲོ་འདོད་ཡོད་ཚེ་ཨ་རིར་ཕྱིན་ཚར་རྗེས་ཕྱིར་བོད་ལ་ལོག་གི་མིན་ཞེས་པའི་ཡི་གེ་ཞིག་འབྲི་དགོས་ཟེར། དེའི་ལན་དུ། ང་རང་ལ་སྨན་བཅོས་བྱེད་དུ་ཤོག་ཟེར་ས་དེ་འགྲོ་འདོད་ཆེན་པོ་ཡོད། འདིར་བསྡད་ནས་སྨན་བཅོས་བྱེད་རྒྱུར་དཀའ་ངལ་ཆེན་པོ་འདུག ཡིན་ནའང་བོད་མི་བོད་ལ་ཡོང་གི་མིན་ཞེས་པའི་ཡི་གེ་དེ་འབྲི་ཐུབ་ཀྱི་མི་འདུག་བཤད་པ་ཡིན། དེ་ནས་བདུན་ཕྲག་ཁ་ཤས་རྗེས་འགོ་ཁྲིད་བློ་བཟང་ཡོང་ནས་ཁྱེད་རང་སྨན་བཅོས་ཆེད་ཨ་རིར་གཏོང་གི་ཡིན། ཡིན་ནའང་ཨ་རིར་སྨན་བཅོས་བྱེད་དུ་འགྲོ་འདོད་ཡོད་པ་དང༌། བོད་རང་བཙན་སྐོར་ལ་བཤད་ཀྱི་མིན་ཞེས་པའི་ཡི་གེ་ཞིག་འབྲི་དགོས་ཟེར། ངས་ཀྱང་ཡི་གེ་ཐིག་ཕྲེང་ཁ་ཤས་བྲིསཡོད༌།  དེའི་ནང་ང་རང་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་འགྲོ་འདོད་ཡོད། གང་ལ་ཟེར་ན་ང་རང་ལ་སྨན་བཅོས་བྱེད་རྒྱུའི་དཔལ་འབྱོར་ཀྱི་ཆ་རྐྱེན་མེད་ལ༌།  སྤུན་མཆེད་ཚོ་འང་དཔལ་འབྱོར་ཁག་པོ་རེད། དེ་བས་སྨན་བཅོས་བྱེད་དུ་ཤོག་ཟེར་ས་དེར་འགྲོ་འདོད་ཡོད༌། བོད་རང་བཙན་སྐོར་ལ་སྐད་ཆ་མང་པོ་བཤད་ཀྱི་མིན་ཞེས་པའི་ཡི་གེ་ཞིག་བྲིས་པ་ཡིན།  བློ་བཟང་གིས་ཡི་གེ་ལ་བལྟས་རྗེས་ཕྱི་རྒྱལ་ཞེས་པའི་ཚབ་ཏུ་ཨ་རི་འབྲི་དགོས་ཟེར་བས། ངས་ཕྱི་རྒྱལ་གྱི་ཚབ་ཏུ་ཨ་རིའི་ཞེས་བྲིས་ནས་ཡི་གེ་དེ་བཞག་པ་ཡིན  ཞེས་འགྲེལ་བརྗོད་གནང་བྱུང༌། སྟག་སྣ་འཇིགས་མེད་བཟང་པོ་མཆོག་གིས་རང་ཉིད་མི་ཚེ་ཁྲོད་ཀྱི་དགུང་ལོ་༣༦ ནས ༧༤ སོན་རག་བར་དུ་དུས་ཡུན་མང་ཆེ་ཤོས་རྒྱ་ནག་གི་བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་གཅར་རྡུང་དང༌།  བཙན་གནོན་འོག་བསྐྱལ་དགོས་བྱུང་ཡོད་པས་ཁོང་གི་ཨོག་ཚོམ་གྱི་སྤུ་ཉག་རེ་རེའི་ནང་དུ་ལོ་རྒྱུས་ཀྱི་བདེན་དོན་དང༌། དཀའ་སྡུག་མཆི་མ་རེ་རེ་ཡོད་པ་གོར་མ་ཆག། ཁོང་མི་ངོ་སོ་བདུན་རིང་རྒྱ་ནག་གི་བཙོན་ཁང་ནང་བཞུགས་རིང་དཀའ་ངལ་ཆེ་ཤོས་དེ་ལོ་རབས་བདུན་བཅུ་ནང་བྱུང་ཡོད་པའི་སྐོར་ཁོང་གིས་གསུངས་དོན་ལ།   ༡༩༧༠ ལོར་ང་བསྐྱར་དུ་འཛིན་བཟུང་བྱེད་སྐབས་ལྕགས་སྒྲོག་རྒྱབ་པ་དང་གཅར་རྡུང་ཚད་མེད་བཏང་པ། མི་སྤྱོད་ལས་འདས་པའི་ལས་ཀ་བཀོལ་པ་སོགས་ཀྱིས་གཟུགས་པོ་རྨ་ཁ་བཟོས་ནས་དཀའ་ངལ་བྱུང་ལ། ལྷག་པར་དུ་༡༩༧༥ ལོའི་ནས་ ༡༩༨༠ ལོའི་བར་བཙོན་ཁང་ནང་མི་གཉིས་ལོང་བར་གྱུར་ནས་ཅི་ཡང་མི་མཐོང་བར་གྱུར་བས་དཀའ་ངལ་ཆེན་པོ་བྱུང༌ ཞེས་གསུངས། བཙོན་ཁང་ནང་ཏུ་གཅར་རྡུང་ཚད་མེད་བཏང་བ་དེས་སྟག་སྣ་འཇིགས་མེད་བཟང་པོ་མཆོག་གི་བོད་རང་བཙན་འཐབ་རྩོད་ཀྱི་་སེམས་ཤུགས་ལ་འགྱུར་བ་སྤུ་ཙམ་ཡང་གཏོང་ཐུབ་མེད་ལ༌། བཙོན་ཁང་ནང་ཁོང་ལ་འདྲི་རྩད་གྲངས་མེད་བྱེད་སྐབས་ཁོང་གིས། བོད་ནི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང༌།  རྒྱ་ནག་ནི་བཙན་འཛུལ་བ་རེད། ཞེས་ལན་འདེབས་གྲངས་མེད་བྱས་ཡོད་པ་རེད། ལྷག་པར་དུ་ལོ་ངོ་ལྔའི་རིང་མིག་གཉིས་ལོང་བར་གྱུར་ནས་ཅི་ཡང་མི་མཐོང་བའི་དཀའ་ངལ་ཆེན་པོར་འཕྲད་ཡོད་ནའང། ཁོང་གི་རླབས་ཆེན་གྱི་མཛད་རྗེས་དང༌། ཞུམ་མེད་ཀྱི་སྙིང་སྟོབས་ལགཞིགས་ན། མིག་ལོང་བར་གྱུར་བའི་ལོ་ངོ་ལྔའི་རིང་བོད་ཀྱི་བདེན་དོན་དེ་་མུ་མཐུད་དུ་གསལ་བོར་མཐོང་ཡོད་ངེས་ཡོད།
སྟག་སྣ་འཇིགས་མེད་བཟང་པོ་ལགས་ནི་༡༩༦༥ ལོ་ཟླ་བ ༨ པའི་ཚེས ༡༥ཉིན་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོགས་བྱས་ནས་ཕྲུ་གུ་རྣམས་ལ་ཉེས་རྡུང་གཏོང་གི་ཡོད་པདང༌།   སློབ་གསོ་ངན་པ་སྤྲོད་ཀྱི་ཡོད་པར་ཉེས་འཛུགས་བྱས་ཏེ་འཛིན་བཟུང་་བཙོན་འཇུག་བྱས་ཡོད་པ་རེད། དོན་དངོས་སུ།   ༡༩༦༤ལོ་ནས་རྒྱ་ནག་གཞུང་གིས་པན་ཆེན་རིན་པོ་ཆེ་ནི་ལོག་སྤྱོད་པ་ཡིན་པ་དང༌། ཏཱ་ལའི་དང་འབྲེལ་བ་ཡོད་པ  བོད་རང་བཙན་གྱི་ལས་འགུལ་སྤེལ་འཆར་ཡོད་པ་སོགས་ཉེས་འཛུགས་བྱས་ནས། ལྷ་སའི་ནང་པན་ཆེན་གྱི་ལོག་སྤྱོད་བྱ་དངོས་ཞེས་འགྲེམས་སྟོན་བྱས་ནས་མི་མང་ལ་ངོ་རྒོལ་བྱེད་དུ་འཇུག་ཡོད་པ་རེད།སྟག་སྣ་འཇིགས་མེད་བཟང་པོ་མཆོག་རྒྱ་ནག་གཞུང་གི་འཛིན་བཟུང་བྱས་པ་དེ་པན་ཆེན་རིན་པོ་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག ཁོང་གིས་གསུངས་དོན། ༡༩༦༥ལོའི་བཅོ་ལྔའི་མཆོད་པའི་སྐབས་སུ་པན་ཆེན་རིན་པོ་ཆེའི་སྐུ་པར་གཉིས་བྲིས་ཡོད་པ་དེ་ནི་ཕྱག་ཏུ་གྲི་བཟུང་ཡོད་པ་དང༌། ཉེ་འདབས་སུ་མི་ཤི་བའི་མགོ་བོ་མང་པོ་བཀྲམས་ཡོད་པ་ཞིག་འགྲེམས་སྟོན་བྱས་ཡོད་པ་མཐོང་རྗེས། ངའི་སེམས་ཀྱིས་མི་བཟོད་བ་བྱུང༌། དེ་་ནས་པན་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་པའི་ཚོགས་འདུ་ཞིག་ཐོག། ངས་སྔོན་ཆད་ཡིན་ན་པན་ཆེན་རིན་པོ་ཆེ་ལ་ཆབ་སྲིད་གྱི་གོ་གནས་སྤྲད་པ་དང༌། ཏང་གི་སྲིད་ཇུས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་སོགས་བརྗོད་ཀྱི་ཡོད་པ་རེད། ད་ཆ་ངོ་རྒོལ་བྱེད་པ་འདི་བོད་རིགས་རྣམས་རྒྱ་རིགས་ཀྱི་རྐུབ་འོག་ཏུ་མནོན་གྱི་ཡོད་པ་རེད་ཟེར་ནས་སྐད་ཆ་བྱེད་པ་ཡིན། རྒྱུ་རྐྱེན་དེ་ལ་བརྟེན་ནས་ང་རང་བཙོན་་འཇུག་བྱས་པ་རེད། ཞེས་འགྲེལ་བརྗོད་གནང་བྱུང༌། ༡༩༧༠ ལོར་རྒྱ་ནག་གིས་སྟག་སྣ་འཇིགས་མེད་བཟང་པོ་མཆོག་ལ་ཁོང་གི་་སྤུན་མཆེད་ཞིག་རྒྱ་གར་ལ་བཏང་ནས་ཏ་ལའི་ལོག་སྤྱོད་ལ་འབྲེལ་བྱེད་ཀྱི་ཡོད་པར་ཉེས་འཛུགས་བྱས་ནས་ལོ་བཅུ་རིང་བཙོན་འཇུག་བྱས་ཡོད་པ་དང༌། དེ་ནས་བཙོན་གྲོལ་བཏང་རྗེས་༡༩༨༣ ལོའི་ཟླ་བ་ ༧་པའི་ཚེས་༡༢་ཉིན་གཙུག་ལག་ཁང་གི་སྒོ་ཆེན་སྟེང་བོད་རང་བཙན་ཡིན། རྒྱ་མི་བཙན་འཛུལ་བ་ཡིན་སོགས་ཀྱི་སྦྱར་ཡིག་སྦྱར་ལ་བརྟེན་ཁོང་བསྐྱར་དུ་བཙོན་འཇུག་བྱས་པ་དང༌། དེ་ནས་ཁོང་གིས་བཙོན་ཁང་ནང་དུ་རྒྱ་ནག་གཞུང་ལ་་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།  ཕྱི་རྒྱལ་མི་སྣ་བཙོན་ཁང་ནང་གཟིགས་བསྐོར་དུ་ཡོང་སྐབས། བོད་རང་བཙན་ཡིན།  རྒྱ་ནག་བཙན་འཛུལ་པ་རེད། གོང་ཆ་མཆོག་སྐུ་ཚེ་བརྟན་པར་ཤོག་ཞེས་སྐད་འབོད་བྱས་པ་ལ་བརྟེན་ནས་ཁྱོན་བསྡོམས་བཙོན་ཁང་དུ་ལོ་ངོ་སུམ་ཅུ་སོ་བདུན་བསྡད་ཡོད་པ་རེད། ཁོང་གི་མཚན་ལ་རྟ་ནག་མ་ཡིནཔར་སྟག་སྣ་ཡིན་ཚུལ་གསུངས་དོན་ལ། སྟག་སྣ་ཞེས་པ་ནི་ངའི་ཡབ་མྱེས་ཀྱི་གཞིས་ཀ་་ཡོད་པའི་གནས་ཡུལ་དེ་རེད། དེང་སྐབས་ལྷ་རྩེ་རྫོང་ཁོངས་སུ་ཡོད་པའི་གཞིས་ཆེན་སྟག་སྣ་ཟེར་བ་དེ་ང་ཚོའི་མི་ཚང་གི་མིང་ཡིན།  ཡིན་ནའང་ངའི་ཕ་དམ་པ་དེ་བོད་གཞུང་གིས་རྫ་ཡུལ་ལ་ལས་དོན་ཆེད་གཏོང་བས་ང་སྐྱེས་ས་རྫ་ཡུལ་ཡིན། ལོ་ན་གཉིས་སྟེང་ཆུ་ཤུར་རྫོང་དུ་སྤོར་པ་དང༌། ང་ལོ་ན་བཅུགསུམ་ལ་སོན་སྐབས་ལྷ་སའི་ནང་གནས་སྤོར་བྱས་བ་ཡིན། དེ་བས་ང་རང་གཞིས་ཆེན་སྟག་སྣ་རུ་འཚོ་བ་རོལ་རྒྱུའི་གོ་སྐབས་བྱུང་མེད།  ཞེས་འགྲེལ་བརྗོདགནང་བྱུང༌། སྟག་སྣ་འཇིགས་མེད་བཟང་པོ་མཆོག་ཟླ་བ་བདུན་པའི་ཚེས ༡༣ ཉིནཨ་རིར་ཕེབས་མ་ཐག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་དང༌།   གོང་ས་མཆོག་གི་དམིགས་བསལ་སྐུ་་ཚབ་རྒྱ་རི་བློ་གྲོས་མཚན་མཆོག་གཉིས་ཨ་རིའི་ནུབ་ཕྱོགས་མི་ནེ་སོ་ཀྲ་རུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུར་ཞུགས་ཡོད་པའི་སྐབས་ཁ་པར་བརྒྱུད་ནས་་སྟག་སྣ་མེད་བཟང་པོ་ཨ་རིར་ཕེབས་ཐུབ་པར་དགའ་བསུ་ཞུས་ཡོད་པ་རེད།ཚེས་༡༥་ཉིན་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་སྟག་སྣ་འཇིགས་མེད་བཟང་པོ་མཆོག་ལ་མཇལ་འཕྲད་གནང་ནས་གོང་ས་མཆོག་གི་ཚབ་བྱསཏེ་ཁོང་ལ་དགའ་བསུ་ཞུས་ཡོད་པ་རེད།  ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་་ཇོན་ཨ་ཀར་ལི་ཡིས་སྨན་བཅོས་ཀྱི་མཐུན་འགྱུར་རོགས་རམ་གནང་རྒྱུ་ཁས་ལེན་བྱས་ནས་སྨན་བཅོས་ཀྱི་འགྲོ་གྲོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བཏང་་ཡོད་པ་རེད།  ཟླ་བ་བདུན་པའི་ཚེས་༡༦་ཉིན་ནས་༢༤་བརསྟག་འཇིགས་མེད་བཟང་པོ་མཆོག་GeorgeTown སློབ་གྲྭ་ཆེན་པོའི་སྨན་ཁང་ཞནང་བཞུགས་ནས་སྐུ་གཟུགས་ལ་བརྟག་དཔྱད་བྱས་རྗེས་ཝ་ཤིན་ཏུང་གི་ཉེ་མཁྲིས་སུ་ཡོད་པའི་ཝེ་རྗེ་ནི་ནའི་མངའ་སྡེའི་ནང་ཁོང་གི་ཚ་མོའི་སྐལ་བཟང་ལྷ་མོའི་ནང་བཞུགས་མུ་མཐུད་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
༢༠༠༢ ཟླ་བ་༧་་ནང་བྲིས།ཟུར་མཆན། དེང་སྐབས་སྟག་སྣ་ཇིགས་མེད་བཟང་པོ་ལགས་སིད་ཝེ་སི་རྒྱལ་ཁབ་ནང་བཞུགས་བྱས་ཡོད།



བསམ་ཚུལ་འབྲི་རོགས།





*