མཁས་དབང་འདས་གྲོངས་དང་རིག་གཞུང་ལ་སྐྱོན་འཛུགས་བྱས་པ།

འབྲི་མཁན། དཔལ་ལྡན་རྒྱལ། on May 21st, 2009
dungkar

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག

dung

ཤོག་གྲངས་༢༣༨༨ཡོད་པའི་དུང་དཀར་ཚིག་མཛོད་ཆེན་མོ།

དེང་རབས་བོད་ཀྱི་རིག་གཞུང་མཁས་ཅན། རྒྱ་ནག་གི་རྒྱལ་ཁབ་རིམ་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོགམཆོག་དགུང་གྲངས ༧༡ སོན་པ། འདི་ལོའི་  ༡༩༩༧  ཟླ ༧ ཚེས ༢༡ ཉིན་ཨ་རིའི་ལོ་སན་ཅི་ལི་སུ་ཡི་སྨན་ཁང་ཞིག་གི་ནང་དུ་དགོངས་པ་རྫོགས་འདུག རིན་པོ ཆེམཆོག་ལ་བོད་ཀྱི་ཤེས་ཡོན་ཅན་རྣམས་ཀྱིས་གདེང་འཇོག་ཆེན་པོ་དང༌། ཁོང་ནི་དོན་དང་མཐུན་པའི་མཁས་པའི་དབང་པོ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ཁོང་ཉིད་དགོངས་པ་མ་རྫོགས་པའི་ཉིན་བཅུའི་སྔོན་དུ་རྒྱ་ནག་དབང་འཛིན་པས་ཁོང་གི་བསམ་ཚུལ་དང་ལྟ་བར་མ་དགའ་བའི་རྣམ་འགྱུར་བསྟན་འདུགཕྱི་ཟླ་ ༧ ཚེས ༡༦ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་མིང་གསལ་བོར་

བརྗོད་མེད་པའི་བོད་ལྗོངས་སློབ་གྲ་ཆེན་མོའི་ལོ་རྒྱུས་ཞིབ་འཇུག་པར་སྐྱོན་འཛུགས་བྱས་འདུག དུང་དཀར་རིན་པོ་ཆེ་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཡིན་པ་རེད། ཚགས་པར་དེས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཧྲུའི་ཅི་ཁྲེན་ཁུན་ཡོན་གྱིསབརྗོད་དོན།“མི་ལ་ལས་སློབ་གྲྭ་ཆེན་མོའི་བསླབ་གཞི་ཁྲོད་ནང་ཆོས་ཀྱི་སློབ་སྦྱོང་མ་སྤྲད་ཚེ་དོན་སྙིང་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་གྱི་རིག་གཞུང་ལ་ཉམས་ཞིབ་བྱེད་མཁན་རྣམས་ཀྱི་སྐད་ཆ་དེ་རིགས་ལ་ཁོང་ཁྲོ་སྐྱེ་དགོས་པ་ཞིག་རེད།”ཞེས་སློབ་གསོའི་ལས་དོན་ནང་དུ་ཆོས་ཀྱི་སློབ་ཚན་འཇོག་འདོད་མེད་པར་སྐྱོན་བརྗོད་བྱས་རེད། ཁོང་གི་མུ་མཐུད་དུ “མི་ལ་ལས་མཁས་དབང་ཡིན་ཁུལ་གྱིས་སློབ་གསོའི་ནང་ཆོས་ཀྱི་སློབ་ཚན་འཇུག་དགོས་པ་རེད་ཟེར་མཁན་དེ་ཚོ། ཁ་བྲལ་རིང་ལུགས་པས་སྐད་ཡིག་དང་རིག་གཞུང་བེད་སྤྱད་བཏང་ནས་མི་རིགས་བར་འགལ་བ་དང་རྩོད་གླེང་བཟོ་གི་ཡོད་པ་གཅིག་མཚུངས་རེད།”ཅེསབརྗོད་པ་རེད། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བོད་ཀྱི་སློབ་གསོ་གོང་འཕེལ་ལ་མཐོང་ཆེན་དང༌། བོད་ཀྱི་སྐད་ཡིག་ཐོག་ཤེས་བྱ་འདྲ་མིན་མང་པོ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་ཡིན་པར་དགོངས་ཏེ། ཁོང་གིས ༡༩༩༣  བོད་ལྗོངས་སློབ་གྲྭ་ཆེན་མོའི་དུས་དེབ་གཉིས་པའི་སྟེང་འཁོད་དོན། “སློབ་གསོ་བྱ་ཡུལ་གྱི་མིས་གོ་བརྡ་ལེགས་པོ་འཕྲོད་ཐུབ་པའི་མི་རིགས་རང་སོ་སོའི་སྐད་དང་ཡི་གེ་ལ་བརྟེན་ན་མ་གཏོགས། སློབ་གསོ་བྱ་ཡུལ་གྱི་མི་རིགས་སོ་སོའི་ཤེས་པའི་སྐད་ཡིག་དང་ཁ་བྲལ་ཏེ་མི་རིགས་གཞན་གྱི་སྐད་ཡིག་ལ་བརྟེན་ནས་སློབ་གསོ་གཉེར་བའི་འབྲས་བུར་ཐོག་མར་སྐད་ཡིག་གི་འགག་སྒོ་ནས་གྲོལ་མ་ཐུབ་པར་དུས་ཚོད་རིང་པོ་ཞིག་བརྒྱུད་དགོས་ཐོག  སློབ་ཚན་ཁག་ཀྱང་འཛིན་གྲྭ་རིམ་པ་ཇི་ཙམ་མཐོ་རུ་ཕྱིན་ན་དེ་ཙམ་གྱིས་རྗེས་ལུས་ཐེབས་ཚད་ཆེ་རུ་སོང་སྟེ་མཐར་མིང་ཙམ་གྱི་ཐོག་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཐོན་པའི་ལག་འཁྱེར་བྱུང་ན་ཡང་ངོ་མའི་ཚད་གཞི་ལོན་པ་ཞིག་ཡོང་གི་མེད་པ་རེད།” ཞེས་བོད་རང་གི་སྐད་ཡིག་ཐོག་སློབ་ཁྲིད་བྱེད་དགོས་པའི་གལ་ཆེའི་རང་བཞིན་ནན་གྱིས་བསྟན་ཡོད། ཁོང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་གནང་མྱོང་ཡོད་ལ།  ༡༩༨༧ ལོའི་རྒྱལ་ཁབ་རིམ་པའི་མཁས་དབང་གི་གོ་མིངཐོབ། བོད་དང་རྒྱ་ནག་ཙམ་མ་ཡིན་པར་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱིས་རིན་པོ་ཆེ་མཆོག་ ལ་བརྩི་མཐོང་དང༌། ཁོང་གི་ཕྱག་ལས་ལ་གདེང་འཇོག་ཆེན་པོས་ ༡༩༩༢ སྐུ་ཉིད་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་འགན་འཛིན་ཚོགས་མིར་འདེམས་ཐོན་བྱུང་ཡོད། ཁོང་གི་བརྩམས་ཆོས་ནི་ ཆོས་སྲིད་ཟུང་འབྲེལ་དང༌།”སྙན་ངག་ཚིག་རྒྱན་རིག་པའི་སྒོ་འབྱེད། ཚལ་བའི་དེབ་ཐེར་དམར་པོའི་མཆན་འགྲེལ།  བོད་རྒྱ་ལོ་རྒྱུས་ཚིག་མཛོད༌། བཅས་ཀྱིས་གཙོས་པའི་ལྗགས་རྩོམ་གྲངས་ཀྱི་མི་ལངས་པ་བརྩམས་བྲིས་མཛད་ཡོད།  རིག་གནས་གསར་བརྗེ་ཆེན་པོའི་རྗེས་སུ་བོད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་ལ་མཛད་རྗེ་ཆེ་ཤོས་མི་གསུམ་བྱུང་བ་ནི། མཁས་དབང་ཚེ་ཏན་ཞབས་དྲུང་དང༌།  དམུ་དགེ་བསམ་གཏན། དུང་དཀར་བློ་བཟང་འཕྲིན་ལས་བཅས་ཡིན་པ་དང༌། སྐབས་ཞིག་རིང་ཁོང་གསུམ་ལ་བོད་ཀྱི་མཁས་བ་མི་གསུམ་ཅེས་ཀྱང་གྲགས་མྱོང༌། རིག་གནས་གསར་བརྗེ་ཆེན་པོའི་རྗེས་སུ་དུང་དཀར་རིན་པོ་ཆེ་མཆོག་གིས་བོད་ཀྱི་ནང་དོན་རིག་པའི་བསམ་བློ་དང་མ་ཁེ་རིང་རིང་ལུགས་གི་ཉམས་ཞིབ་བྱེད་སྟངས་གཉིས་ཟུང་འབྲེལ་གྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་གསོ་དར་སྤེལ་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད། ཁོང་གིས་བོད་ཡིག་ཐོག་དེང་དུས་སློབ་གསོ་མ་ལག་ཆ་ཚང་བ་ཞིག་སྤྲོད་རྒྱུ་དེ་བོད་ཀྱི་རིག་གཞུང་དང༌།  དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ལྡེ་མིག་ལྟ་བུར་བརྩིས་ཏེ ༡༩༨༥  ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་གསར་འཛུགས་གནང་བ་དང་འབྲེལ༌།  བོད་ཡིག་ཐོག་དེང་དུས་དང་སྲོལ་རྒྱུན་གྱི་རིག་གནས་སློབ་རྒྱུར་ནུས་ཤུགས་གང་ཡོད་བཏོན་ཡོད་པ་རེད།  ཡིན་ནའང་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་དུ་བོད་ཀྱི་སྐད་ཡིག་བརྒྱུུད་དེ་དེང་དུས་ཀྱི་རིག་གནས་སློབ་སྦྱོང་བྱེད་རྒྱུའི་མཐུན་རྐྱེན་ད་དུང་ཡང་སྦྱར་ཐུབ་ཡོད་པ་མ་རེད།ལོ་རབས་བདུན་ཅུའི་ནང་ཁོང་ཉིད་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་གནང་སྐབས་ཏུང་ཧོང་གི་ཡིག་ཆར་ཞིབ་འཇུག་དང་འབྲེལ་་སློབ་ཕྲུག་མང་པོར་བོད་ཀྱི་ཆོས་དང༌།  རིག་གནས་་སློབ་ཁྲིད་གནང་སྟེ། དེང་རབས་རྩོམ་པ་པོ་གྲགས་ཅན་དོན་གྲུབ་རྒྱལ་གཙོས་་བོད་ཀྱི་ཤེས་ལྡན་མི་སྣའི་མི་རབས་གསར་བ་ཞིག་གསོ་སྐྱོང་གནང་སྟེ་བོད་ཀྱི་རྩོམ་རིག་ཉམས་གསོའི་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད།  

writing-by-dankar2

དུང་དཀར་རིན་པོ་ཆེའི་ཕྱག་བྲིས།

 ༡༡༩༨༤ ལོར་ཁོང་ལྷ་སར་ཕེབས་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་ལོ་རྒྱུས་ཀྱི་སློབ་དཔོན་ཆེན་མོ་གནང་སྐབས་སློབ་གྲྭའི་དབང་འཛིན་པ་རྣམས་དང་ཐུགས་འགལ་གྱིས་སློབ་ཁྲིད་རྒྱུན་རིང་གནང་མ་ཐུབ་ཀྱང༌། སྐུ་་སྒེར་ཀྱི་ངོས་ནས་་སློབ་མ་མང་པོར་དཔེ་ཁྲིད་གནང་ཡོད་པའི་ཁྲོད་དུ་འབོ་མེ་རིན་པོ་ཆེ་དང་དགེ་བཤེས་ཡི་ཤེས་དབང་ཕྱུག་སོགས་ཕེབས་ཀྱི་ཡོད་པ་རེད།ཁོང་གི་བོད་ཀྱི་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་གཏོང་ཆེད་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱབ་སྟེ།  ཞིང་ཆེན་དང་ལྗོངས་ལྔའི་ཉིན་ཧྲིལ་བོའི་ལུགས་སློབ་དེབ་་རྩོམ་བསྒྲིགས་ཕྱག་ལས་གནང་པ་དང༌། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གཅིག་གྱུར་ཡོང་བའི་་དམིགས་ཡུལ་བཟུང་བ་རེད། གཞན་ཡང ༡༩༩༢ ལོར་ལོན་ཌོན་སློབ་གྲྭ་ཆེན་མོ་རུ་བཀའ་སློབ་གནང་དོན། དེང་དུས་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་གཞིགས་ཏེ་བོད་ཕྲུག་ཚོར་བོད་ཡིག་གཙོ་བཟུང་གིས་རྒྱ་སྐད་ཀྱང་སློབ་རྒྱུ་གལ་ཆེན་རེད། ཅེས་གསུངས་གནང་ཡོས་པ་རེད།ལོ་རབས་བརྒྱད་ཅུའི་ལོ་དཀྱིལ་དུ་ཁོང་གི་བསམ་ཚུལ་སྤས་གསང་མེད་པར་གསུང་འགོ་ཚུགས་ཏེ།    བོད་ཀྱི་རིག་གནས་ཞིབ་འཇུག་གནང་མཁན་ཁ་ཤས་ཀྱི་དངོས་གཙོ་རིང་ལུགས་གཞུང་ལུགས་ལྟར་ཉམས་ཞིབ་བྱེད་སྟངས་ལ་སྐྱོན་བརྗོད་དང་འབྲེལ། བོད་ཀྱི་རིག་གནས་ཞིབ་འཇུག་གནང་དུས་བོད་རང་གི་བསམ་བློ་ལྟ་ཚུལ་འཁྱེར་ནས་ཞིབ་འཇུག་གནང་རྒྱུ་གལ་ཆེན་ཡིན་པའི་སྐོར་གསུངས་མྱོང༌།ལོ་རབས་དྲུག་ཅུའི་ནང་རིན་པོ་ཆེ་མཆོག་སྟོད་ལུང་ས་ཁུལ་དུ་ལོ་ངོ་དགུའི་རིང་ངལ་རྩོལ་བསྒྱུར་བཀོད་ནང་ཞུགས་སྐབས་ལས་རོགས་ཞིག་གིས་བརྗོད་གསལ་ལྟར་ན། ཿཿང་ཚོསཁོ་ནི་རྒྱ་མི་དང་ངན་པ་ལག་སྤྲེལ་བྱེད་མཁན་ཡིན་པར་དོགས་ནས་ཡིད་ཆེས་བྱེད་ཐུབ་གི་མེད། ཁོང་གིས་གྲལ་རིམ་འཐབ་རྩོད་སྐབས་རང་ཉིད་ནི་ཏང་ལ་ཕན་པའི་ལས་ཀ་སྣེ་མང་བྱས་པའི་བྱས་རྗེས་ཞིག་དང༌།   གཞན་ཚོར་དེ་ལྟར་བྱས་མེད་པའི་ཉེས་འཛུགས་བྱས་་པ་རེད།ཿཿ  ཟེར།ལོ་རབས་བདུན་བཅུ་་ནང་ལྷ་སའི་མི་མང་རྣམས་དེབ་ཚོང་་ཁང་དུ་སོང་ཏེ།   རིན་པོ་ཆེའི་བརྩམས་པའི  ཆོས་སྲིད་ཟུང་འབྲེལ༌། ཞེས་པའི་དཔེ་དེབ་ཉོས་རྗེས་སྲང་ལམ་དུ་རུལ་བ་སོགས་མཐོང་ཡོད་པ་དང༌། དེབ་དེ་ནི་མར་ཁེ་སིས་གཞུང་ལུགས་གིས་སྟེང་ནས་དགོན་པའི་ལམ་ལུགས་ཀྱིས་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་ཡོད་པའི་སྐོར་ལ་སྐྱོན་བརྗོད་བྱས་ཡོད་པ་དང༌། ལོ་བཅུ་ཡི་རྗེས་སུ་བཙན་བྱོལ་དུ་ཡོད་པའི་རྡ་རམ་ས་ལའི་དཔེ་མཛོད་ཁང་གིས་རིན་པོ་ཆེའི་དེབ་དེ་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ལ་ངོས་འཛིན་གྱིསབསྐྱར་དུ་པར་བསྐྲུན་བྱས་ཡོད་པ་རེད།  

༡༩༩༧ལོའི་ཟླ་བ་༨་ནང་བྲིས༌།

dangkar3

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་དཔལ་ལྡན་རྒྱལ་གཉིས།

 སློབ་དཔོན་དམ་པ་དུང་དཀར་རིན་པོ་ཆེ་མཆོག་ལ་མྱ་ངན་ཞུ་ཚིག་བུ་ཆུང་སེམས་
པའི་འཁུན་སྒྲ།

 གངས་ཅན་མཁས་པའི་ཁྱུ་མཆོག་ཞིག།
 མི་མངོན་ཞིང་ལ་ཕེབས་སོང་ཞེས།།
 མི་སྙན་ཚིག་གི་ཐོགས་མདའ་ཡིས།།
 བདག་སྙིང་ཚལ་བ་དགུ་རུ་གཏོར།།

 ཀྱེ་ཧོ་བདག་སེམས་རྒྱ་མཚོའི་རྦ་རླབས་དམིགས་མེད་གང་སར་འཕྱོ་ཞིང་ལྡིང༌།།
 ཁྱེད་ཀྱི་ཞལ་རས་འཛུམ་མདངས་དང་བཅས་ང་ཡི་མིག་གི་རྒྱན་ཏུ་ཆེ།།
 འདི་ནི་ཡིད་ཀྱི་འཕྲུལ་སྣང་ཡིན་པས་བདག་སེམས་མི་སྐྱོ་རང་དབང་ཅི།།
 ཡིན་ཡང་ཁྱེད་ཀྱི་མཛད་རྗེས་འོད་ཟེར་བདག་གི་ཡིད་དུ་མངོན་པར་བཀྲ།།

 ཀྱེ་ཀྱེ་སློབ་དཔོན་རིན་པོ་ཆེ།།
 ཞི་བའི་དབྱིངས་སུ་བཞུགས་སུ་གསོལ།།
 ཐུགས་སེམས་འོད་སྣང་འབུམ་ཕྲག་ཀྱིས།།
 རྟག་ཏུ་ང་ལ་འཁྱུད་རོགས་མཛོད།།

 རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།།
 བདག་གི་ཁྱེད་ལ་མཆོད་པ་ཕུལ་ཡོད་ན།།
 ཡུལ་འཁྱར་བདག་ལ་བྱམས་བརྩེའི་ཐུགས་རྗེ་ཡིས།།
 སློབ་དཔོན་ཉིད་ཀྱིས་མཆོད་པ་བཞེས་སུ་གསོལ།།

 གངས་རིའི་ཡུལ་གྱི་གངས་ལྷ་མེ་ཏོག་ཡིད་སེམས་དཀར་བའི་དན་རྟགས་དང༌།།
 སེང་གེ་དཀར་མོའི་འོ་མས་གང་བའི་གསེར་སྐྱེམས་ཉིད་ལ་ཕུལ་ཡོད་ན།།
 བདག་ཅག་མྱ་ངམ་ཐང་ན་རྒྱུ་བའི་སློབ་དཔོན་ཉིད་ཀྱི་རྗེས་འཇུག་དག།
 ཐུགས་རྗེ་བརྩེ་བའི་ཀློང་དུ་བཟུང་ཏེ་ཉིད་ཀྱིས་མཆོད་པ་བཞེས་སུ་གསོལ།།

 དུང་ཆེན་སྒྲ་དབྱངས་སྙན་མོའི་གདངས་འདི་གངས་ཅན་ཡུལ་དུ་ཁྱེད་ཀྱིས་བསྒྲགས།
 དཀར་པོ་ཁ་བཏགས་དྲི་མེད་ཐུགས་ཀྱིས་ཤེས་བྱའི་བདུད་རྩི་ཉིང་ཁུའི་བཅུད།།
 བློ་ལྡན་སློབ་འབངས་ཉམས་ཆུང་དག་གི་སེམས་ཀྱི་རྒྱུད་ལ་ཁྱེད་ཀྱིས་གནང༌།།
 བཟང་ཕྱོགས་དགེ་བའི་ལས་ལ་རྔམ་པའི་ཉིད་ཀྱི་སྐུ་ཚེའི་མཛད་རླབས་ཀྱི།།
 འཕྲིན་ལས་བ་དན་ཕྱོགས་མེད་གཡོ་བ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་མཐོང༌།།
 ཁྱེད་ཀྱི་རྣམ་དཔྱོད་བློ་གྲོས་ལས།།
 “ཚིག་རྒྱན་རིག་པའི་སྒོ་འབྱེད་”འཁྲུངས།།
 གངས་ཅན་སྙན་ངག་ཞིང་ས་རུ།།
 གསེར་གྱི་སྡོང་བོ་འདི་ནས་སྐྱེས།།

 “ཆོས་སྲིད་ཟུང་འབྲེལ་”གླེགས་བམ་ཀྱིས།།
  དངོས་ཉམས་དབྱེ་བ་གསལ་ལེར་ཕྱེ།།
 རྒྱལ་རབས་ལོ་རྒྱུས་་བདེན་ཚིག་དག།།
 བསིལ་ལྡན་ཡུལ་ལ་སྐྱེས་སུ་ཕུལ།།

 རྒྱལ་སྤྱིའི་བོད་ཀྱི་རིག་པའི་ཞིབ་འཇུག་ཚོགས་ཆེན་ཕྱོགས་ཀུན་འཚོགས་པ་ན།།
 ང་ཡིན་ཞེས་པའི་ང་འོ་སྙམ་པའི་མཁས་བརྒྱ་དུ་མའི་མདུན་གྲལ་དུ།།
 ཁྱེད་ཀྱིས་རིག་པའི་གད་རྒྱངས་བསྒྲགས་ཚེ་རྒྱུ་སྐར་དབུས་སུ་ཟླ་བ་བཞིན།།
 དཀར་གསལ་འོད་སྣང་ལྷམ་མེར་བཀྲ་བས་གངས་ཅན་ཡུལ་གྱི་རྒྱན་གཅིག་པུ།།

 ཁྱེད་ཀྱི་ལྗགས་རྩོམ་བཅུད་ལྡན་སྤྲང་ཆར་ཐུགས་ཀློང་ནམ་མཁའི་ཆུ་འཛིན་ལས།།
 གངས་ཅན་ཨ་མའི་ལྟོ་བར་འཁྱིལ་བས་སློབ་འབངས་དགའ་བའི་སྤུ་ལོང་རྒྱས།།
 ཀྱེ་ཧོ་བདག་གི་བཤེས་གཉེན་ཆེན་པོ་མི་མངོན་དབྱིངས་ནས་གཤེགས་སུ་གསོལ།།
 ལག་པའི་ཐལ་མོ་བྲང་ལ་སྦྱར་ཏེ་གུས་པའི་ཕྱག་གསུམ་ཁྱེད་ལ་འབུལ།།

དཔལ་ལྡན་རྒྱལ་གྱིས་ལོན་ཌོན་དུ་ ༡༩༩༧ ལོའི་ཟླ ༧ ཚེས ༢༣ ཉིན་
ལོན་ཌོན་དུ།



བསམ་ཚུལ་འབྲི་རོགས།





*