སྤྲང་པོ་ཞིག

འབྲི་མཁན། དཔལ་ལྡན་རྒྱལ། on May 22nd, 2009

རྡ་རམ་ས་ལར་བཞུགས་མྱོང་མཁན་ཞིག་ཡིན་ཕྱིན་ཁོ་རང་མི་མཁྱེན་པ་ཕལ་ཆེར་ཡོད་རྒྱུ་མ་རེད་སྙམ།   
ཁོང་ནི་རྒྱ་གར་བ་སྤྲང་པོ་ཞིག་སྟེ། རྣམ་རྒྱལ་གྲྭ་ཚང་ནས་མེགལོར་འགྲོ་སའི་ལམ་སྐེད་དུ་ལག་པ་གཡོན་ཕྱོགས་ཀྱི་ལམ་འགྲམ་དུ་མཐོང་ཐུབ།    གུ་དོག་ཅིང་བྲེལ་ཟིང་ཆེ་བའི་ལམ་ཁ་དེར་ས་རྡུལ་འཚུབ་འཚུབ་བྱེད་པ་མཚམས་ཆད་མ་མྱོང་ལ།  ལམ་ཁའི་གད་ཁ་དེ་རུ་ཁོང་གི་གསོན་འདོད་ཀྱི་རེ་བའི་མིག་ཟུང་ཀྱང་སྐད་ཅིག་ཙམ་ལ་ཡང་བཙུམ་མ་མྱོང༌། ཨ་མ་ལགས།  སྦ་སྦུའུ༌།  ཨོཾ་མ་ཎི་པཕྲྀཾ་ཧཱུྂ།  བཀྲ་ཤིས་བདེ་ལེགས།  ཞེས་ཁོང་གིས་ལན་གྲངས་ག་ཚོད་བརྗོད་ཡོད་མེད་སུས་ཀྱང་རྟོགས་དཀའ༌། འདི་ལྟར་ཁོང་གིས་འཇིག་རྟེན་འདིའི་སྟེང་དུ་འཚོ་འདོད་ཀྱི་རེ་བ་དང་བཅས་འཚོ་ཐབས་འཚོལ་བཞིན་ཡོད།

སྟོན་པའི་ན་བཟའ་མཆོད་ཀྱང་འཇིག་རྟེན་མི་ཆོས་ལ་བྲེལ་བའི་དགེ་སློང་དང༌། ཕྱག་འཚལ་ཏེ་དཔྲལ་བར་འབུར་རྡོག་ཐོན་ཅིང་ལུས་པོ་གཞུ་ལྟར་གུག་པའི་རྒན་རྒོན།     རང་རློམ་གྱི་མགོ་བོ་མཐོན་པོར་བཏེགས་ཏེ་རང་མདུན་མི་མཐོང་བའི་ཕོ་གསར་དང་མོ་གསར།  བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཁེ་བཟང་འཚོལ་མཁན་ཀྱི་མགོ་སེར་བ་བཅས་ཀྱིས་བསམ་བློ་ཅི་ཞིག་གཏོང་གི་ཡོད་པ་དང༌།   དམིགས་ཡུལ་ཅི་ཞིག་ཡིན་པ་མི་ཤེས་མོད།  འོན་ཀྱང་སྤྲང་བོ་དེའི་མདུན་དུ་ཡོད་པའི་ཧ་ཡངས་སྡེར་མ་དེའི་ནང་དུ་ཨ་ནུ་བརྒྱད་དང་རུའུ་བི་གཅིག གཉིས།  མཚམས་མཚམས་སུ་རུའུ་བི་ལྔ་དང་བཅུ་སོགས་ད་ལྟའི་བར་དུ་མཚམས་ཆད་མ་མྱོང༌།

སྟབས་ལེགས་པ་ཤིག་ལ་ཁོང་གི་སྡོད་གནས་ནི་ཐེག་ཆེན་གཙུག་ལག་ཁང་དང་ཐག་ཉེ་རུ་ཡོད་པའི་འགྲོ་བ་རིགས་དྲུག་དག་པའི་ཞིང་ཁམས་སུ་འདྲེན་པའི་མཐུ་ནུས་དང་ལྡན་པའི་ཆོས་ཀྱི་སྒྲ་དབྱངས་དང༌། མ་ཎི་འཁོར་ལོའོ་དྲིལ་སྒྲ་སོགས་ཁོང་གི་རྣ་ལམ་དུ་སྐད་ཅིག་ཙམ་ཡང་ཆད་མ་མྱོང་བས་སྐྱེ་བ་རྗེས་མ་མི་ལུས་གཙང་མ་ཞིག་ལེན་ཐུབ་པའི་རེ་བ་ཆེན་པོ་ཡོད།

ང་རང་ཡང་རང་གི་ཕ་ཡུལ་དང་བྲལ་ཏེ་མི་ཡུལ་གཞན་གྱི་ལུང་པ་རྡ་རམ་ས་ལར་སླེབས་པའི་ཉིན་དང་པོ་ནས་བཟུང་ཁོང་ལ་དོ་སྣང་བྱུང་མོད།  འོན་ཀྱང་རྡ་སའི་ཕོ་གསར་གཞན་དང་འདྲ་བར་མདོག་ཉེས་མཛེ་་ནད་བྱུང་བའི་ཁོང་གི་གདོང་དང༌།  མཛུ་གུ་གཅིག་ཀྱང་མེད་པར་ཤིང་འཛེར་ཆེན་པོ་ཞིག་དང་འདྲ་བའི་ཁོང་གི་ལག་པར་རྣམ་རྟོག་གམ། ཞེ་མེར་ལངས་པ་གང་ཡིན་མི་ཤེས་མོད། གང་ལྟར་ཁོང་གི་ཉེ་འགྲལ་དུ་བཅར་འདོད་མེད་པར་རྒྱང་རིང་ས་ནས་ལྕགས་ལས་གྲུབ་པའི་རུའུ་བི་གཅིག་དང་གཉིས་ཐེངས་མང་པོར་ཁོང་གི་མདུན་དུ་ཡོད་པའི་ཧ་ཡང་ཀྱི་སྡེར་མའི་ནང་དུ་གཡུགས་མྱོང༌།
ང་འདི་ལྟར་རྡ་སར་ཡུན་རིང་བསྡད་རྗེས་ཁོང་ལ་རྣམ་རྟོག་དང་ཞེ་མེར་ལངས་བའི་བསམ་བློའི་འཁྱེར་ཕྱོགས་དེ་རིམ་བཞིན་ཡལ་བ་དང༌། སེམས་ཀྱི་སྟེང་ནས་ཁོང་ལ་གདུང་སེམས་མཉམ་སྐྱེ་བྱེད་འགོ་ཚུགས་པ་མ་ཟད། ངེད་གཉིས་ལ་ཕྱིའི་དབྱིབས་ཀྱི་བཟོ་ལྟ་ཙམ་ལས་ཁྱད་པར་ཅི་ཞིག་ཡོད་སྙམ་པའི་བསམ་བློ་ཡང་ཡིད་དུ་འཁོར་མྱོང༌།

སེམས་མེད་ཀྱི་དུས་ཚོད་འཁོར་ལོ་ཡིས་སེམས་ལྡན་མི་ཡི་འདོད་པ་དང་མི་བསྟུན་པར་མདུན་ནས་མདུན་དུ་བསྐྱོད་བཞིན་འདུག་ལ།  དུས་ཀྱི་འགྲོས་དང་བསྟུན་ནས་ང་རང་ཡང་རྡ་ས་དང་ཁ་གྱེས་ནས་ལོ་ངོ་གཉིས་ཙམ་འགོར་བའི་རིང་འདིར་ང་རང་ཁེར་རྐྱང་དུ་ལུས་པའི་སྐབས་དང༌།  དལ་དལ་ལྷོད་འཇགས་ཀྱི་གཟའ་སྤེན་པ་དང་ཉི་མར་ངའི་རྣ་ལམ་དུ་ ཨ་མ་ལགས། སྦ་སྦུའུ། ཨོཾ་མ་ཎི་པཕྲེ་ཧཱུྂ། བཀྲ་ཤིས་བདེ་ལེགས།  ཞེས་གསལ་ལ་མི་གསལ་གྱི་སྒྲ་ཞིག་འཁོར་ཡོང་བ་དང༌།  ཁོང་གི་མདོག་ཉེས་ཅན་གྱི་གདོང་དང་མཛུབ་གུ་མེད་པའི་ལག་པ།  རུའུ་བི་ཐ་ཐོར་འགའ་ཡོད་པའི་ཧ་ཡངས་ཀྱི་སྡེར་མ་བཅས་རྐང་འཇབ་ལག་འཇབ་ངང་ངའི་དྲན་འཛིན་གྱི་སྦུགས་སུ་འཛུལ་ཡོང་བས་བག་ཕེབས་ལྷོད་གཡེང་དུ་གནས་པའི་དུས་ཚོད་ཡོངས་རྫོགས་འཕྲོག

ཟླ་བ་སྔོན་མའི་ནང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བོད་ཀྱི་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་ཆེན་དང་པོར་མགྲོན་འབོད་གནང་དོན་བཞིན་རྡ་རམ་ས་ལར་བཅར་སྐབས། ཨ་མ་ལགས། སྦ་སྦུའུ།  ཨོཾ་མ་ཎི་པཕྲྀཾ་ཧཱུྂ།   བཀྲ་ཤིས་བདེ་ལེགས།  ཞེས་ཧ་ཅང་འདྲེས་གོམས་ཆེ་བའི་སྐད་འཛེར་བོ་ཞིག་ངའི་རྣ་ལམ་དུ་སོན་མ་ཐག་གོམ་པའི་སྤོ་མཚམས་འཇོག་དགོས་བྱུང༌། དེ་ནི་སྔོན་མ་ནས་རྒྱུས་མངའ་ཡོད་པའི་སྤྲང་བོ་ཁོང་ཡིན་པ་སེམས་སུ་ཧྲིག་གེར་བབས། ཁོང་གི་སྡོད་གནས་དེ་སྔོན་མ་ལས་གཙུག་ལག་ཁང་དང་ཐག་ཉེ་སར་སྤོར་འདུག  དེ་ནི་ཁོ་རང་སྔོན་མ་འདུག་སའི་ལམ་ཁའི་གཡས་ཕྱོགས་སུ་ཁང་བརྩེགས་ཆེན་པོ་ཞིག་གསར་རྒྱག་བྱས་པས་ལམ་ཁ་དོག་པོ་ཆགས་པ་དང༌། བཙན་བྱོལ་བོད་གཞུང་ཀྱི་སྐུ་ངོ་དང་ལྷ་ལྕམ་རྣམ་པའི་ཕེབས་འཁོར་དང་རྒྱ་གར་བའི་གླ་སླས་མོ་ཏྲ་མང་དུ་ཕྱིན་འདུག་པས་ཁོ་རང་གི་བདེ་འཇགས་ཁོ་ནའི་ཆེད་དུ་ཅུང་གུ་ཡངས་སར་གནས་སྤོར་བ་ལས་རྒྱུ་མཚན་གཞན་ཅི་ཡང་མེད་པར་སྙམ། ཁོང་གི་ཕྱིའི་དབྱིབས་ལ་འགྱུར་བ་ཆེན་པོ་ཕྱིན་མི་འདུག་ཀྱང་ལུས་སྟེང་གི་ས་རྡུལ་ཅུང་ཙམ་མཐུག་རུ་ཕྱིན་ཡོད་པ་མ་ཟད། ཁོང་གི་མདུན་དུ་ཡོད་པའི་ཧ་ཡང་སྡེར་མར་སྔར་ལས་ལྟེབ་གཉེར་མང་པོ་བབས་འདུག

ངས་ལྕགས་ལས་གྲུབ་པའི་རུའུ་བི་འགའ་ཁོང་གི་མདུན་དུ་ཡོད་པའི་ཧ་ཡངས་སྡེར་མའི་ནང་བཞག་པ་ན་ཁོང་གི་ལྐོག་ཏུ་ལྷུང་ཞིང་འོད་མདངས་ཉམས་པའི་མིག་ཟུང་དེ་ངའི་ལག་ཏུ་ཡོད་པའི་རུའུ་བི་ཤོག་སྒོར་ཉི་ཤུ་ཅན་དེར་ལ་གཏད་དེ། ཨོཾ་མ་ཎི་པཕྲྀཾ་ཧཱུྂ།  ཞེས་བརྗོད།  ངས་ ཁོང་ལ ཁྱོད་ཀྱི་མིང་ལ་ག་རེ་ཟེར་གི་ཡོད་དམ། ཞེས་དྲིས་པ་ན།  ཁོང་གི་གདོང་ལ་འཛུམ་་ཞིག་ལངས་ཏེ  རོམ་ཅན་རྡེ་ར  ཞེས་ལན་བཏབ། ཁོང་ལ་ཆ་རྒྱུས་མེད་པའི་མི་ཞིག་ཡིན་ཚེ་ཁོང་གིས་ང་ལ་བསྟན་པའི་གདོང་གི་རྣམ་འགྱུར་དེ་འཛུམ་མདངས་ཞིག་ཡིན་པ་ཡིད་ཆེས་གཏན་ནས་བྱེད་མི་སྲིད། ངས་ལག་གི་རུའུ་བི་ཤོག་སྒོར་ཉི་ཤུ་ཅན་དེ་ཁོང་གི་མདུན་གྱི་སྡེར་མའི་ནང་བཞག་པ་ཡིན།

ཁོང་གི་མཛུ་གུ་གཅིག་ཀྱང་མེད་པའི་ལག་པ་བྲང་ཁར་སྦྱར་དེ་སྒུར་སྒུར་ལན་འགའ་བྱས་རྗེས་རྒྱ་གར་སྐད་གྱིས་མང་ཐག་ཆོད་ཅིག་ང་ལ་ལབ་བྱུང༌།  ཁོང་གི་སྐད་ནི་འཛེར་འཛེར་ཆེ་ཞིང་ང་རང་རྒྱ་གར་སྐད་ལ་བྱང་ཆ་མེད་པས་ཁོང་གིས་ཅི་ཞིག་ལབ་གྱིན་ཡོད་པ་རྟོགས་ཐབས་བྲལ།

ང་རང་རྡ་ས་དང་ཁ་བྲལ་ཏེ་ཡོ་རོབ་ཀྱི་གནའ་བོའི་གྲོང་ཁྱེར་གྲགས་ཅན་ལོན་དོན་དུ་སླེབས་པ་ན།  ས་འོག་མེ་འཁོར་བབས་ཚུགས་གང་མང་དུ  སྐུ་ཞབས་ལགས།     ཁྱེད་ལ་དངུལ་སྒོར་འཐོལ་བ་ཡོད་དམ། ཞེས་ལོ་གཞོན་དར་མ་རྣམས་ཀྱི་སློང་མོ་བྱེད་སྐབས་ངའི་སེམས་སུ་རང་དབང་མེད་པར་རྡ་སའི་སྤྲང་པོ་ཁོང་འཁོར་ཡོང་བ་མ་ཟད།  ངས་ཁོང་ལ་རུའུ་པིའི་ཉི་ཤུ་སྤྲད་སྐབས་ཁོང་གིས་ང་ལ་ཅི་ཞིག་ལབ་ཡོད་པ་དང༌།  ཁོ་རང་ཡང་འགྲོ་བ་མི་སྤྱི་མཚུངས་བཞིན་འཇིག་རྟེན་འདིའི་སྟེང་དུ་གསོན་འདོད་ཡོད་པ་སྨྲོས་མ་དགོས་ཀྱང༌།  ང་ཚོ་ནང་བཞིན་འཆར་གཞི་མང་པོ་ཞིག་དང་དམིགས་ཡུལ་ཆེན་པོ་ཞིག་ལ་བསམ་བློ་གཏོང་གི་ཡོད་དམ།  ཡང་ན་དེ་རིང་གི་ལྟོ་གོས་འགྲིག་པ་ཙམ་གྱིས་འདོད་བློ་ཁེངས་གི་ཡོད་པ་ཡིན་ནམ།  ཁོང་གིས་ཆ་མི་སྙོམས་པའི་འཇིག་རྟེན་འདི་ལ་འཁང་ར་བྱེད་ཀྱི་ཡོད་དམ། ཡང་ན་ལས་དབང་གིས་གནང་བའི་མི་ཚེ་འདིར་བཅོས་ཐབས་ཅི་ཡང་མེད་པ་བསམ་གི་ཡོད་དམ། འདི་དང་འདི་འདྲ་བའི་དྲི་བ་མང་པོ་ཞིག་ངའི་བསམ་བློའི་ནང་འཚང་ཁ་རྒྱག་བཞིན་སླེབས་ཡོང༌།
ང་རང་ཁོང་ལ་སླར་དུ་ཐེངས་གཅིག་མཇལ་ཐུབ་པར་སྨོན།
༡༩༩༥ ལོའི་ཟླ ༤ ཚེས ༢༩ ཉིན ལོན དོན་དུ་བྲིས



1 Comments so far ↓

  1. Pema Norbu says:

    Hi,
    I appreciate your attitude and behavior towards a beggar who wanders around the street of Dhasa in search livelihood. That is the human struggle for survival in highly corrupted society. Mere sympathy can not solve the root of problem. As you know, it is better to teach the beggar how to fish rather than give a fish. Like wise I would like to know, how can we solve these social issues? Two years ago, when i visited Tibet after eight years in exile, i was shocked to see child beggars and labors in various streets in Tibet. Most of under age Tibetans work in restaurants and cafes which are own by Chinese people. One day, i asked one of restaurant owners about how much he pay to three children working for him. His answered me that he feeds them.
    ????

བསམ་ཚུལ་འབྲི་རོགས།





*