སྨྱོན་པ།

འབྲི་མཁན། དཔལ་ལྡན་རྒྱལ། on May 22nd, 2009

ཁོ་རང་སྨྱོན་པ་ཆགས་འདུག་ཟེར་བ་ལ་རྒྱུ་མཚན་མེད་པ་ཞིག་མ་རེད། སྤྱིར་རྡ་རམ་ས་ལའི་གྲོང་གསེབ་ཆུང་ཆུང་འདིའི་ནང་དུ་མིའི་བཤད་ཚུལ་ཚང་མར་ཉན་ན་ཁྱེད་རང་ཡང་སྨྱོན་པ་ཆགས་ངེས་ཡིན། གྲོང་གསེབ་ཆུང་ཆུང་འདིའི་ནང་སེམས་རྒྱ་ནམ་མཁའ་ལས་ཡངས་བའི་མི་ཞིག་ཡིན་པ་དང༌། འཆལ་གཏམ་གྱི་སྤྲི་ནག་འཁྲིགས་པ་ལ་སྙིགས་དོར་བཅུད་ལེན་བྱེད་ཐུབ་པའི་རྣམ་དཔྱོད་མེད་ཚེ་མི་སུ་ཡིན་ཀྱང་སྨྱོན་པ་མི་ཆགས་པའི་ངེས་པ་མེད།

ཁོང་གི་གདོང་ལ་འཛུམ་མདངས་རྒྱས་བཞིན་ཁོང་ལ་བདག་པའི་ཁྱི་ཕྲུག་ཆུང་ཆུང་དེའི་རྒྱབ་ལ་བྱུགས་བྱུགས་བྱེད་བཞིན རྐྱཁྱེད་ཀྱིས་སྐྱེས་བ་སྔོན་མར་ཚོགས་བསགས་པ་ལ་བརྟེན་ནས་ཁྱི་ལུས་ལངས་ཡོད་པ་འདི་ཅི་འདྲའི་རླབས་ཆེ་བ་ཞིག་རེད། མི་ལས་ཁྱི་ལེགས།རྒྱ ཟེར་བཞིན་སྣ་གཉེར་གཉེར་དང་མཆུ་གཅུས་གཅུས་མཛད།

ཁྱི་ཕྲུག་ཆུང་ཆུང་དེའི་ཁོང་གི་གདོང་ལ་ཅེར་ཏེ་རྣ་ཅོག་གཉིས་ཡར་ལངས་ཏེ “ཨའོ། ཨའོ། ཨའོ”ཞེས་སྐད་ཅོར་རྒྱབ།    

ཁོ་རང་ཁོང་དགོད་ཞིག་བྱས་ཏེ།  “རྒྱུ་མཚན་ཨེ། ཨ་ལེ་ཁྱི་འདིས་མི་སྐད་ལབ་སོང༌། ང་ལ་རྒྱུ་མཚན་མེད་ན་ངས་ཁྱེད་ལ་ལབ་ཀྱི་མ་རེད།” ཟེར་བཞིན་ཁྱི་ཆུང་ཆུང་འདིའི་གདོང་ལ་ཐལ་ལྕག་ཡང་མོ་ཞིག་བཞུས།

ཁོང་གིས་ཁྱི་ཆུང་ཆུང་དེའི་སྐེ་ལ་ཐིག་གུ་ཁྲ་ཁྲ་འདོམ་གང་བསྐོན་ཏེ་གངས་ཅན་སྐྱིད་གཤོངས་་ཀྱི་ལམ་ཕྲན་དེའི་སྟེང་དུ་ཕར་འགྲོ་ཚུར་འགྲོ་བྱེད།  “མིར་ངོ་ཚ་མེད་ན་ཁྱི།  ཁྱི་ལ་རྔ་མ་མེད་ན་འདྲེ་ཟེར་བ་་བཞིན་དེང་སང་གི་མི་མང་པོ་ཁྱི་ལས་ཀྱང་སྡུག “ཟེར་བཞིན་མིག་གཉིས་དལ་འདུག་མེད་གཡས་གཡོན་དུ་བལྟས།   

ཁོང་གིས་ལམ་ཟུར་དུ་འགྲོ་བའི་མི་ཞིག་མཐོང་བ་དེ་ལ། “ཁྱོད་རང་ཡང་ཁྱི་ལས་སྡུག”ཞེས་བརྗོད་རྗེས་ ཁོང་གིས་མི་དེ་དྲུང་ཆེ་ཞིག་ཡིན་པ་ཤེས་རྗེས། ལག་པ་གཡོན་པས་རྐུབ་ལ་བྱུགས་པ་དང་ལག་གཡས་པས་མགོ་རུ་ཕུར་ཕུར་བྱེད་བཞིན་ལྕེ་ཁ་ཡི་ཕྱི་ལ་བསྣར་ཏེ། “སྐུ་ངོ། དགོངས་དག མི་རྗེ་ལྷ་ཡི་སྲས་མཆོག་དྲུང་ཆེ་རིན་པོ་ཆེ།  དགོངས་འགལ་རྩ་བ་ནས་མེད་པར་ཞུ།” ཟེར་བ་དང་མི་དེ་ཐག་རིང་དུ་ཕྱིན་རྗེས་ “ཁྱེད་ནི་ཁྱི་ཡི་རིགས་སུ་མི་གཏོགས་ཀྱང༌།། ང་ཡི་ཁྱི་འདི་ཁྱེད་ལས་ལེགས་པར་ངེས།།” ཟེར་བཞིན་ལམ་འགྲམ་དུ་ཡོད་པའི་རྒྱ་གར་སྤྲང་པོ་དེ་ལ་རྡོག་རྒྱག་གཅིག་གཞུས།  ཁོང་གི་ཁྱི་དེ་པང་ཁར་གཉེར་ཏེ་འོ་ཞིག་བྱས་ཏེ “དེང་གི་མི་ནི་ཁྱི་ལས་སྡུག་པས་ངས་ཁྱེད་རང་གཉེར་བ་ཡིན།”ཟེར་བཞིན “རྡ་རམ་ས་ལའི་ནང་དུ། ང་ལ་སྨྱོན་པ་ཟེར་ཀི། ང་རང་སྨྱོན་པ་ཡིན་ནམ།  རྡ་ས་སྨྱོན་པ་ཡིན་ནམ། གང་ལྟར་སྨྱོ་ནི་སྨྱོས་བཞག” ཞེས་གཞས་ཞིག་གཏོང་བཞིན་ཕྱིན་སོང༌།
ཁོང་སྨྱོན་པ་ཆགས་ཏེ་སྨྱོན་གཏམ་ལབ་གྱིན་འདུག་ཟེར་བ་ལ་རྒྱུ་མཚན་མེད་ཞིག་མ་རེད། ཁོང་དངོས་གནས་སྨྱོན་པ་ཆགས་ཡོད་པ་འདྲ།

༡༩༩ ལོར་ཟླ ༥ ཚེས ༢༢ ཉིན་བྲིས།  ནོར་ལྡེ་སྐྱེས་འཕྲིན་འདོན་ཐེངས་ ༦ ཐོག་ཏུ་ཐོན།



བསམ་ཚུལ་འབྲི་རོགས།





*