བཀའ་བློན་ཁྲི་བ།

འབྲི་མཁན། དཔལ་ལྡན་རྒྱལ། on May 24th, 2009

བཙན་བྱོལ་བོད་གཞུང་གི་སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་མཐའ་མའི་སྟེང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུ་གཏན་འབེབས་ཀྱིས༌། བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ཡོད་པ་དེ་མི་སྣ་མང་པོ་ཞིག་གིས་ བཙན་བྱོལ་བོད་གཞུང་གི་འདས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་དམངས་གཙོའི་ལམ་དུ་གོམས་པ་ཆེ་ཤོས་སྤོས་བར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།  འགྱུར་བ་དེ་ཡང་༧གོང་ས་མཆོག་སྤྱི་འཐུས་ལྷན་ཚོགས་ལ་ཆིབས་བསྒྱུར་གནང་ནས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལམ་སྲོལ་འདི་དམངས་གཙོའི་ཕྱོགས་སུ་གོམས་སྟོབས་ཆེན་པོ་ཞིག་སྤོ་དགོས་པའི་བཀའ་སློབ་ནན་མོ་ཞིག་གནང་རྗེས་སྤྱི་འཐུས་གྲོས་ཚོགས་་ཐོག  བཀའ་བློན་ཁྲི་བའི་འོས་གཞི་༧གོང་ས་མཆོག་གིས་གནང་སྟེ། སྤྱི་འཐུས་རྣམ་པས་འོས་ཤོག་འཕངས་ནས་ཐག་གཅོད་བྱེད་རྒྱུ་གཏན་འབེབས་གནང་ཡོད་པ་དེར་འགྱུར་བ་བཏང་ནས། བཀའ་བློན་ཁྲི་བའི་འོས་གཞི་མི་མང་གི་འདོན་རྒྱུ་དང༌། མཐའ་མའི་འོས་ཤོག་ཡང་མི་མང་གིས་འཕངས་ནས་ཐག་གཅོད་བྱེད་རྒྱུར་བཅའ་ཁྲིམས་ནང་གཏན་འབེབས་བྱས་ཡོད་་པ་རེད། འགྱུར་བ་དེ་ནི་སྤྱི་འཐུས་རྣམ་པས་དམངས་གཙོའི་ལམ་སྲོལ་མཁྱེན་རྟོགས་དང་རྒྱུས་ལོན་བྱས་ནས།  བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་མདུན་ལམ་ལ་རྒྱང་བལྟ་ཐུབ་པའི་རྣམ་དཔྱོད་ལས་འགྱུར་བ་བཏང་བ་ཞིག་

མ་ཡིན་པར།  བཙན་བྱོལ་སྤྱི་ཚོགས་ཁྲོད་རྒྱུན་དུ་མ་ཎི་ལྟར་བགྲངས་བཞིན་པ་ལྟར་༧གོང་ས་མཆོག་གིས་མར་གསོལ་རས་གནང་བ་ཞིག་རེད།   

གོང་ས་མཆོག་གིས་བཀའ་སློབ་ནན་མོ་ཞིག་གནང་བ་ལ་བརྟེན་ནས་འགྱུར་བ་བཏང་བ་འདིས་ད་ལྟའི་སྤྱི་འཐུས་དང་བཀའ་བློན་རྣམ་པ་མང་ཆེ་ཤོས་ལ་བོད་ཀྱི་བདེན་མཐའ་སེལ་ཆེད་རང་ཉིད་ཀྱིས་ཕྱོགས་ཡོངས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ཏེ་རང་ཉིད་རང་ལ་ཡིད་ཆེས་པའི་་བལྟ་བ་ཡང་དག་པ་ཞིག་མེད་པའམ།  ཡང་ན་རང་གི་ལྟ་བ་དེ་ཕྱིར་མངོན་ཐུབ་ཀྱི་མེད་པ་མཚོན་ཐུབ། གང་ལ་ཟེར་ན། བཀའ་བློན་ཁྲི་བ་འོས་འདེམས་བྱེད་ཕྱོགས་ལ་འགྱུར་བ་མ་བཏང་བའི་སྔོན་ལ་བསམ་བློ་སྔོན་ཐོན་ཅན་ཁག་གཅིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་བའི་འོས་གཞི་གནང་རྒྱུ་དེ་དམངས་གཙོའི་བལྟ་བ་དང་མཐུན་གྱི་མེད་ཚུལ་འགྲེལ་བརྗོད་བྱས་པར།   ད་ལྟའི་སྤྱི་འཐུས་དང་བཀའ་བློན་མང་ཆེ་ཤོས་ཀྱིས་བལྟ་ཚུལ་དེ་ལ་ངོ་རྒོལ་བྱས་ཡོད་ནའང༧རྒྱལ་བ་རིན་པོ་ཆེ་མཆོག་གིསབཀའ་སློབ་ནན་མོ་ཞིག་གནང་ནས་བཀའ་བློན་ཁྲི་བ་འོས་འདེམས་ཀྱི་བཅའ་ཁྲིམས་ལ་འགྱུར་བ་བཏང་རྗེས།  བསམ་བློ་མཁྲེགས་བཟུང་ཅན་དེ་དག་གི་ཀྱང་འགྱུར་བ་འདི་ལ་ངོས་ལེན་བྱས་ནས༌། འགྱུར་བ་འདི་ནི་དམངས་གཙོ་འི་ཕྱོགས་སུ་གོམས་སྟོབས་ཆེ་ཤོས་ཤིག་སྤོས་པ་རེད་ཅེས་འགྲེལ་བརྗོད་གནང་བཞིན་ཡོད། བཀའ་བློན་ཁྲི་བ་འོས་འདེམས་བྱེད་ཕྱོགས་ཀྱི་བཅའ་ཁྲིམས་ལ་འགྱུར་བ་བཏང་བ་དང་མཉམ་དུ་སྤྱི་ཚོགས་ནང་སེམས་འཚུབ་ཞིག་ཀྱང་སླེབས་བཞིན་ཡོད་པ་རེད། དེ་ལ་སེམས་འཚུབ་ཧ་ཅང་ཆེན་བྱེད་དགོས་པ་ཞིག་མིན། གང་ལ་ཟེར་ན་༧གོང་ས་མཆོག་ང་ཚོ་དང་ལྷན་ཏུ་སྐར་ཚོགས་ཁྲོད་ཀྱི་ཉི་མ་ལྟར་བཞུགས་ཡོད་པ་མ་ཟད།  བཀའ་བློན་ཁྲི་བའི་ལས་དོན་མཛད་ཕྱོགས་སོགས་ནོར་འཁྲུལ་ཚབས་ཆེན་བྱུང་ནས་བོད་མི་མང་ལ་ཕན་མེད་དང༌། བོད་ཀྱི་རྩ་དོན་ལ་གནོད་གཞིའི་ལས་དོན་སྒྲུབ་ན ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཟིགས་རྟོགས་བྱེད་གི་ཡིན་ཞེས་ཐུགས་རྗེས་བརྩེ་བའི་བཟུང་ཡོད་ན།  ཇི་སྲིད་གོང་ས་མཆོག་གི་སྐུ་ཚེ་འཚོ་བཞུགས་དེ་སྲིད་བར་དུ་དམངས་གཙོ་ལམ་ལུགས་ནང་དུ་དངོས་སུ་བསྐྱོད་རྒྱུར་སྦྱོང་བརྡར་གྱི་གོ་སྐབས་ཡག་ཤོས་ཞིག་ཡིན། ད་ལོ་ཕྱི་ཟླ་དང་པོ་ནང་རྡ་ས་ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་དུ་ཚོགས་འདུ་ཞིག་གིས་ཐོག།   ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས།  ཏྭ་ལའི་བླ་མ་གཙོས་པའི་བླ་མའི་བླ་བྲང་ཞིག་གིས་གཞུང་འཛིན་བྱས་པ་ཡིན་ན་དམངས་གཙོའི་ལམ་སྲོལ་དང་མཐུན་གྱི་མེད༌། ང་ཚོ་བོད་ལ་ཕྱིར་ལོག་བྱེད་རྒྱུ་གོ་སྐབས་བྱུང་ན་ངས་ཆབ་སྲིད་འགན་གང་ཡང་འཁུར་གྱི་མིན་ཞེས་གསལ་བོར་གསུངས་ཡོད་ནའང།   ཉེ་ཆར་བོད་རྒྱལ་ཡོངས་ཆོལ་གསུམ་མཉམ་འབྲེལ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བཀའ་བློན་ཁྲི་བའི་འོས་གཞིར་མི་བཅོ་ལྔ་བཏོན་ཡོད་པ་དེའི་ཁོངས་སུ་བླ་སྤྲུལ་དྲུག་གི་མཚན་སླེབས་ཡོད་པ་རེད།

བླ་སྤྲུལ་ཞིག་གི་བླ་བྲང་གིས་གཞུང་འཛིན་མི་སྲིད་ནའང།  དམངས་གཙོའི་ལམ་ལུགས་ལས་ཆོས་སྲིད་གཉིས་མཉམ་བསྲེས་མི་བྱེད་པར༌། ཁ་ཁར་དབྱེ་རྒྱུ་ཕན་ཐོགས་འབྱུང་མི་སྲིད།  གང་ལྟར་བཀའ་བློན་ཁྲི་བ་འོས་འདེམས་བྱེད་སྟངས་ལ་འགྱུར་བ་བཏང་བ་དང་མཉམ་དུ་མི་མང་གི་ཕྲག་པར་འགན་འཁྲི་ལྗིད་མོ་ཞིག་སླེབས་ཡོད་པ་རེད། དེ་བས་མི་མང་གི་ངོས་ནས་རང་གི་བསམ་བློའི་རྣམ་དཔྱོད་ལ་བརྟེན་ནས་བོད་རྒྱལ་ཁབ་དང་མི་མང་ལ་ཕན་ཐོགས་པའི་ལས་ཀ་བྱེད་མཁན་ཤེས་འཇོན་གཉིས་ལྡན་གྱི་མི་ཞིག་འོས་འདེམས་བྱེད་རྒྱུ་གལ་ཆེ། དེ་བས་ཀྱང་གལ་ཆེ་བ་ཞིག་ལ་རྒྱུན་དུ་ཆབ་སྲིད་ཀྱི་ལས་དོན་ཁྲོད་གོ་སྐབས་བཙལ་བཞིན་པ་ཁག་ཅིག་གིས་མི་མང་ལ་མགོ་བསྐོར་གཏོང་རྒྱུའི་ལས་དོན་མི་སྒྲུབ་པར། བོད་རྒྱ་ཆེའི་མི་མང་ཚོའི་རྣམ་དཔྱོད་ཀྱི་བློ་གྲོས་དང༌། ལྷག་བསམ་ལ་ཡིད་ཆེས་དང་བརྩི་བཀུར་བྱེད་རྒྱུ་དེ་རེད། 

བཙན་བྱོལ་བོད་གཞུང་འདི་ཉིད་དམངས་གཙོ་ལམ་དུ་བསྐྱོད་བཞིན་ཡོད་པ་འདི་ང་ཚོའི་སྤོབས་པ་ཆེན་པོས་ངང་དྲིལ་བསྒྲགས་བྱེད་བཞིན་ཡོད།  ཡིན་ནའང་དེང་སང་སྤྱི་ཚོགས་ཁྲོད་མིང་ཚིག་རྙིང་པ་ཁག་ཅིག་གིས་ད་དུང་མིའི་བསམ་བློ་ལ་དབང་བསྒྱུར་བྱེད་བཞིན་ཡོད་པར་སྙམ། དཔེར་ན་སྐུ་ངོ་ཞེས་པའི་ཚིག་འདི་ལ་མཚོན་ན། སྤྱི་ཚོགས་ཁྲོད་ཚིག་འདིའི་གོ་བབས་ཡོད་མཁན་ཞིག་ཡིན་ན་མི་མང་གིས་མགོ་བོ་སྒུར། ལྕེ་བསྣར་ནས་ལགས་སོ་ཟེར་བ་ལས། རང་གི་བསམ་ཚུལ་ངོ་མ་སྟོན་པའི་སྤོབས་པ་ཡོང་ཐུབ་ཀྱི་མེད།  རྒྱུ་མཚན་་ནི་སྐུ་ངོ་ཞེས་པའི་ཚིག་འདི་ལ་ལོ་རྒྱུས་རིང་མོ་ཡོད་པ་མ་ཟད། ཚིག་འདིའི་བོད་མིའི་བསམ་བློའི་ནང་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གོ་གནས་ཞིག་བཟུང་ཡོད་པའི་ཕྱིར། བཀའ་བློན་ཁྲི་བ་ལྟ་བུར་མཚོན་ནའང༌། མིང་ཚིག་འདིས་དམངས་གཙོའི་ལམ་ལུགས་སུ་བསྐྱོད་རྒྱུར་མིའི་བསམ་བློའི་ནང་འགོག་རྐྱེན་བཟོ་བཞིནཡོད། དམངས་གཙོའི་ལམ་ལུགས་ནང་རྒྱལ་ཁབ་གྱི་སྲིད་དབང་འཛིན་པའི་མི་སྣ་གང་རུང་དེ་རྒྱལ་བོ་དང༌། གོང་མའི་བཀས་བརྐོས་པའི་བློན་པོ་མིན་ལ།  ཁྲིའི་སྟེང་དུ་བཞུགས་རྒྱུ་ནི་དེ་བས་ཀྱང་མིན། འདི་ནི་ཞོར་འཕྲོས་ཙམ་ཡིན།

བོད་ཀྱི་དུས་བབ   ༢༠༠༡ ལོའི་ཟླ་བ་ ༤   ཚེས ༢༠   ཉིན་སྤྱིའི་འདོན་ཐེངས    ནང་བཀོད་ཡོད།



བསམ་ཚུལ་འབྲི་རོགས།