རྒྱ་ནག་གཞུང་དང་ཧོང་ཀོང་གི་ལས་དབང༌།

འབྲི་མཁན། དཔལ་ལྡན་རྒྱལ། on May 24th, 2009

དབྱིན་ཇུའི་གཞུང་གིས་དུས་རབས་གཅིག་དང་ཕྱེད་ཀའི་རིང་ཧོང་ཀོང་གི་བདག་དབང་ལ་དབང་བསྒྱུར་བྱསརྗེས། ༡༩༩༧  ཟླ་བ ༧ པའི་ཚེས ༡  ཉིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་གྲོས་མཐུན་འོག་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཡོད་པ་རེད།   རྒྱ་གཞུང་གིས ཿམེ་མདའི་ཁ་ནས་སྲིད་དབང་ཐོབཿ ཅེས་མའོ་ཙེ་ཏུང་གི་བཤད་མྱོང་བ་བཞིན། དེང་སྐབས་རྒྱ་ནག་གི་སྲིད་དབང་འཛིན་མཁན་དཔོན་་རིགས་རྣམས་ཀྱི་བསམ་བློའི་ནང་བདག་དབང་ནི་དམག་ཤུགས་ལ་བརྟེན་ནས་ཉར་དགོས་པའི་འདུ་ཤེས་གནས་ཡོད་པ་དང༌། ཟླ ༧ ཚེས ༡ ཉིན་ཧོང་ཀོང་དུ་ཆར་བ་དྲག་པོ་བརྒྱབ་ཏེ་གནམ་གཤིས་སྐྱོ་བོ་ཡིན་པ་དང༌།  རྒྱ་ནག་མི་མང་བཅིངས་འགྲོལ་དམག་མི་ ༤༠༠༠ སྐམ་མཚོ་གནམ་གསུམ་བརྒྱུད་དེ་ཧོང་ཀོང་ནང་འཛུལ་སྐབས་ཞི་བདེ་ལ་དགའ་བའི་འཛམ་གླིང་མི་མང་རྣམས་དང༌།  ཁྱད་པར་དུ་ཧོང་ཀོང་ནང་གི་མི་རྣམས་ལ། རྒྱ་ནག་གཞུང་གིས་ ༡༩༨༩ ལོའི་མང་གཙོ་་དོན་གཉེར་གྱི་ལས་འགུལ་ལ་པེ་ཅིང་གནམ་བདེའི་སྒོ་མོ་ཆེའི་ཐང་ཆེན་དུ་ཁྲག་དྲི་བྲོ་བའི་དྲག་གནོན་བཏང་བར་དྲན་གསོ་ཐེངས་གཅིག་བཏང་ཡོད་པ་རེད། གཞན་ཡང་མང་གཙོ་དོན་གཉེར་བྱེད་མཁན་ཧོང་ཀོང་དུ་་བཙན་བྱོལ་ལ་འབྱོར་བའི་སློབ་ཕྲུག་རྣམས་ཀྱིས་སེམས་འཚབ་དང་འཇིགས་སྣང་ངང་བསྡད་ཡོད་པ་རེད།
དེང་སྐབས་རྒྱལ་སྤྱིའི་སྟེང་དུ་ཧོང་ཀོང་གི་མདུན་ལམ་ལ་སེམས་ཁྲལ་བྱེད་བཞིན་ཡོད་པའི་སྐབས་འདིར། མི་རྣམས་ཀྱི་བསམ་བློ་འི་ནང་དུ་དྲི་བ་གལ་ཆེན་ཞིག་སླེབས་བཞིན་པ་ནི་རྒྱ་ནག་དམར་གཞུང་གིས་ཧོང་ཀོང་ལ་སྲིད་དབང་སྒེར་སྡོམ་བྱེད་རྒྱུ་ཡིན་ནམ།       ཡང་ན་ཧོང་ཀོང་གིས་རྒྱ་ནག་སྐམ་ས་ཆེན་པོ་འདི་དམངས་གཙོ་ལམ་ལུགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་ཡིན་ནམ་ཞེས་པའི་དྲི་བ་དེ་རེད། ཧོང་ཀོང་ས་ཁུལ་ནི་འཛམ་གླིང་འདིའི་སྟེང་དུ་ཚོང་ར་གལ་ཆེན་ཞིག་དུ་གྱུར་ཡོད་པས་དཔལ་འབྱོར་འདུ་འགོད་འཁྲུག་ཆ་དོད་ཀྱང༌། ཡུལ་མིའི་ཚོའི་འཚོ་བ་འང་རྒྱ་ནག་སྐམ་ས་ཆེན་མོ་དང་བསྡུར་ན་ལྡབ་འགྱུར་གྱིས་ལེགས་ཤིང༌། འགྲོ་བ་མིའི་ཐོབ་ཐང་དང། སྨྲ་བརྗོད་རང་དབང་གི་ཐོབ་ཐང་སོགས་ཡོད་པ་རེད།  
༡༨༤༢ ལོའི་ཟླ་བ་བརྒྱད་པའི་ནང་ཉལ་ཐག་དམག་འཁྲུག་ལས་ཆིང་སྲིད་གཞུང་ལ་ཕམ་ཉེས་བྱུང་ཏེ། ནན་ཅིང་ཆིངས་ཡིག་འཇོག་དགོས་བྱུང་བ་དང་དེ་ནས་བཟུང་ཧོང་ཀོང་གླིང་ཕྲན་འདི་ཉིད་དབྱིན་ཇུའི་དབང་བསྒྱུར་འོག་ཚུད། ཡིན་ནའང་ནན་ཆིངས་ཡིག་གི་མ་ཕྱི་ངོ་མ་དེ་ཐའེ་ཝན་དུ་ཡོད་པས་ཐའེ་ཝན་གཞུང་གིས་རྒྱ་ནག་གི་ཧོང་ཀོང་རྩིས་ལེན་བྱེད་པའི་སྐབས་འདིར་ཐེ་ཝན་གྱི་ཀུའུ་ཀུང་འགྲེམས་སྟོན་ཁང་ནང་དུ་འགྲེམས་སྟོན་བྱས་ཏེ་རྒྱལ་སྤྱིའི་གསར་འགོད་པ་རྣམས་ཀྱི་མདུན་དུ་ཐེ་ཝན་སྲིད་གཞུང་དེ་ནན་ཅིང་ཆིངས་ཡིག་དང་འབྲེལ་བ་ཡོད་པ་སྟོན་གི་ཡོད་པ་དང༌། ཡང་རྒྱ་ནང་སྐམ་ས་ཆེན་མོས་ཧོང་ཀོང་རྩིས་ལེན་བྱས་པར་ཡིད་མ་རངས་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད།  ༡༨༥༨ ལོར་ཉལ་ཐའི་དམག་འཁྲུག་གཉིས་པ་ལངས་ཏེ་ཆིང་སྲིད་གཞུང་དང་དབྱིན་ཇུའི་སྲིད་གཞུང་གཉིས་ཀྱིས་པེ་ཅིང་ཆིངས་ཡིག་བཞག་པ་དང༌།  ༡༨༩༨ལོར་ཧོངཀོང་ས་ཁུལ་ཡོངས་རྫོགས་དབྱིན་ཇུའི་དབང་བསྒྱུར་འོག་ཚུད་དེ་ས་ཁུལདེ་དབྱིན་ཇུ་ལ་ལོ་ངོ་ ༩༩ རིང་གཡར་རྒྱུའི་ཆིངས་ཡིག་བཞག་ཏེ་ལོ་དེའི་ཟླ་ ༧ ཚེས ༡ ནས་ལག་བསྟར་བྱས་ཡོད་རེད།
དབྱིན་ཇུའི་དབང་ཤུགས་ཧོང་ཀོང་དུ་སླེབས་སྐབས་ཧོང་ཀོང་ས་ཁུལ་ནི་ས་རྒྱ་ཆུང་ཞིང་བེད་སྤྱོད་མེད་པའི་ས་ཁུལ་སྐྱོ་བོ་ཞིག་ཡིན་ན་འང༌། དབྱིན་ཇུའི་གཞུང་དང་ས་ཁུལ་དེ་གར་ཡོད་པའི་མི་མང་གིས་འབད་བརྩོན་ལ་བརྟེན་ནས་ དབྱིན་ཇུའི་གཞུང་གི་དབང་འཛིན་ལམ་ལུགས་དང༌། ཁྲིམས་དོན། འཛིན་སྐྱོང་གི་ལམ་ལུགས་ལག་བསྟར་གང་ལེགས་བྱས་ཏེ་མཚོ་ཁའི་་དབོར་འདྲེན་གྱི་ཆ་རྐྱེན་ལ་བརྟེན་ནས་ཉོ་ཚོང་རྒྱག་འགོ་ཚུགས་་པ་དང་མཉམ་དུ་ཧོང་ཀོང་ནི་རྒྱ་ནག་དང་རྒྱལ་སྤྱིའི་བར་གྱི་ཚོང་ལམ་གཙོ་བོ་ཞིག་ཏུ་གྱུར།འཛམ་་གླིང་དམག་ཆེན་གཉིས་པའི་སྐབས་ཧོང་ཀོང་ས་ཁུལ་དེ་དུས་ཡུན་ཐུང་ངུ་ཞིག་གི་རིང་ཉི་ཧོང་གི་བཙན་འཛུལ་འོག་ཏུ་འཚུད་པ་དང༌། དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་ཧོང་ཀོང་གི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཏེ་ཚོང་དོན་སྔར་ལས་ཤུགས་ཆེ་རུ་ཕྱིན་པ་དང༌། རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་མི་མང་པོ་ཧོང་ཀོང་དུ་འབྱོར། ༡༩༨༤ ལོར་རྒྱ་ནག་གཞུང་དང་དབྱིན་ཇུའི་གཞུང་ཀྱིས༌།  ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་ཏུ་འགྱུར་ཏེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུའི་ཆིངས་ཡིག་བཞག༌། ༡༩༩༧ ལོའི་ཟླ་ ༧ ཚེས ༡ ཉིན་ནས་བཟུང་ཧོང་ཀོང་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་ཡོད་མོད༌།  འོན་ཀྱང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང༌།  ཚོགས་པ་དང་མི་སྒེར་བ་ཁག་གི་ཧོང་ཀོང་གི་མདུན་ལམ་ལ་སེམས་ཁྲལ་གྱིས།  རྒྱ་ནག་གཞུང་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་ལག་ལེན་དོན་འཁྱོལ་ཡོང་བར་བལྟ་རྟོག་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་ སྟོན་བཞིན་ཡོད་པ་རེད།  རྒྱ་གཞུང་གིས་ཧོང་ཀོང་རྩིས་ལེན་བྱས་པའི་གོ་སྐབས་འདི་བེད་སྤྱད་དེ་བོད་ནང་དུ་ རྒྱང་རྩེ་གཙོས་བའི་ས་ཁུལ་ཡོངས་སུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གཙོ་ཞེས་པའི་ལས་འགུལ་སྤེལ་བཞིན་ཡོད་པརེད།  ༡༩༠༤དབྱིན་བོད་དམག་འཁྲུག་ནང་ཞུགས་པའི་བོད་དམག་རྣམས་ཀྱིས་བོད་རྒྱལ་ཁབ་ལ་གཅེས་སེམས་བཅངས་ནས་དབྱིན་འགོག་བོད་སྲུང་བྱས་པ་ལས་རྒྱ་ནག་རྒྱལ་ཁབ་ལ་གཅེས་པ་ཞིག་རྩ་བ་ནས་མིན་པ་མ་ཟད། བོད་མི་རྣམས་སེམས་སུ་དབྱིན་བོད་དམག་འཁྲུག་དེ་ནི་ང་ཚོ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་རྒོལ་ལན་སྤྲོད་ཐུབ་པའི་མ་དཔེ་ལྟ་བུར་སེམས་སུཉར་ཡོད་པ་རེད།  

བོད་ཀྱི་དུས་བབ་གསར་ཤོག། ༡༩༩༧ལོའི་ཟླ་བ་༧ཚེས་༡༠ཉིན་གྱི་འདོན་ཐེངས་ནང་བཀོད་ཡོད།



བསམ་ཚུལ་འབྲི་རོགས།





*