གངས་རིའི་ཁྲན་རྒྱུན།

འབྲི་མཁན། དཔལ་ལྡན་རྒྱལ། on May 24th, 2009

གངས་རི་ནི་མ་གཞི་ནས་དཀར་པོ་ཞིག་སྟེ།
ཁྲག་མདོག་གི་དམར་ཐིག་ཞིག་ཡོད་དོན་མེད།
འཇིག་རྟེན་གོ་ལྡོག་པ་མ་ཡིན་ནམ།
མ་གཞི་ནས་དཀར་པོ་དེ་ཁྲག་རྒྱུན་གྱི་དམར་མདོག་ཞིག
ངའི་མིག་གི་འཕྲུལ་སྣང་ཡིན་ལས་ཆེ།
ཨོ།   དེ་ནི་གདོན་འདྲེས་གངས་ལ་རྡོག་བརྫིས་བཏང་བའི་ཁྲག་རྒྱུན་ཡིན་ཟེར།
དེ་ཡང་མ་རེད།
ངས་ཁྲག་རྒྱུན་དེད་དེ་གངས་རིའི་རྩེ་ལ་སྙེག་པའི་སྤོབས་པ་ཡིད་ལ་བཅིངས།
གངས་རིའི་སྐེད་དུ་སླེབས་རྗེས།
མིག་མདུན་གྱི་དཀར་པོ་དེ་སྐད་ཅིག་ཏུ་དམར་མདོག་གི་ཁྲག་རྒྱུན་དུ་གྱུར།
ངའི་མིག་གི་མཐོང་ལམ་ནི་དམར་མདོག་གི་རི་བོས་བཀག
ཡིད་ཀྱི་སྤོབས་པའང་ཁྲག་གི་མཚོ་མོས་བཅོམ།
ཁྱེད་ནི་གངས་རི་རྒན་པོ་ཡིན་པ་འདྲ།
དཀར་དམར་འདྲེས་པའི་ཨོག་ཚོམ་ལ་ཁྲག་མདོག་གི་ཆབ་རོལ་ཆགས།
ལག་ཏུ་བཟུང་བའི་འཁར་བ་དེ།
ངའི་བྲང་ཁར་གཙུགས་ནས་ན་རེ།
“ངས་ཞེ་སྡང་གིས་གློ་སྙིང་གས་བཀས་ནས་ཁྲག་མདོག་གི་རིརབ་བརྩིགས།
གངས་ལྗོངས་སུ་མིག་གིས་བལྟས་ནས་སྐྱོ་བའི་མིག་ཆུ་བཏོན།
མིག་ཆུ་ཟད་དེ་ཁྲག་གི་ཐིགས་པ་རེ་རེས་ཁྲག་མཚོ་བསྐྱིལ།
ཁྱེད་ནི་ཁྲེལ་མེད་གྱི་གངས་ཕྲུག་ཅིག”
སྐབས་དེར།   ངའི་ལུས་ཕུང་འདར་ཞིང་གློ་སྙིང་ལྡིང༌།
ལག་ཏུ་ཡོད་པའི་མེ་མདའ་དེ།
གངས་རི་རྒན་པའི་དཔྲལ་བར་ཙུགས་ན་སྙམ།
ཡིད་ཕངས་པ་ཞིག་ལ།
ངའི་ལུས་ཀྱི་རུས་པ་དེའང་ཁྲག་མདོག་གི་རི་བོར་ཐིམ།
ལྷོག་ལྷོག་འབབ་པའི་ལུས་ཀྱི་ཟུངས་ཁྲག་དེའང་ཁྲག་གི་མཚོ་མོར་འདྲེས།
འདི་ནི།   མཐའ་མཇུག་གི་ཚེ་སྲོག
ཚེ་སྲོག་གི་མཇུག་མཐར་ལགས།
དཔལ་ལྡན་རྒྱལ་གྱིས་ ༡༩༩༢ ལོའི ༣ ཚེས ༣༡ ཉིན རྡ་རམ་ས་ལར་བྲིས།



བསམ་ཚུལ་འབྲི་རོགས།





*