པན་ཆེན་རིན་པོ་ཆེ་མཆོག་གི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།

འབྲི་མཁན། དཔལ་ལྡན་རྒྱལ། on May 25th, 2009

41wrctrn3xl_sl500_aa240_1རྒྱ་ནག་གུང་ཁྲན་ཏང་གིས་ནམ་ཡིན་རུང་པན་ཆེན་སྐུ་ཕྲེང་བཅུ་པ་མཚན་གནས་ཞིག་ཕུལ་པ་དེ་ནི་རླབས་ཆེན་གྱི་རྒྱལ་གཅེས་པ་དང ། ལྷག་བསམ་རྣམ་དག་གི་གུང་ཁྲན་ཏང་གི་གྲོགས་པོ།ཞེས་ཁ་མདངས་པ་ཙམ་གྱིས་པན་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གི་སྲིད་ཇུས་ལ་འདོད་བློ་ཁེངས་ཡོད་པ་སོགས་བརྗོད་ཡོད་པ་མ་ཟད༌། ༡༩༨༩ ལོར་ཀུན་གཟིགས་པན་ཆེན་ཆོས་ཀྱི་རྒྱལ་མཚན་ ༡༩༣༨  ༡༩༨༩  མཆོག་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ་དགོངས་པ་རྫོགས་རྗེས་རྒྱ་གཞུང་གིས་སྲིད་དོན་ཀྱི་དགོས་མཁོ་ལ་དམིགས་ཏེ་བོད་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་རྣམས་ལ་རྡོག་བརྫིས་བཏང་ནས།  ༧གོང་ས་མཆོག་གིས་ངོས་འཛིན་བྱས་པའི་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་འཀོར་བཅས་རྒྱ་ནག་ལ་ཁྲིད་དེ་ད་ལྟ་ཡང་གར་ཡོད་མི་ཤེས་པ་དང༌།  པན་ཆེན་ཡང་སྲིད་འཚོལ་ཞིབ་ཚོགས་པའི་དབུ་འཛིན་བྱ་བྲལ་རིན་པོ་མཆོག་ཀྱང་གར་ཡོད་མི་ཤེས་པའི་གནས་སུ་གྱུར་ཡོད་པ་རེད། རྒྱ་གཞུང་གི་སྟངས་འཛིན་འོག་རྒྱལ་མཚན་ནོར་བུ་ཞེས་པའི་བྱིས་པ་ཞིག་པན་ཆེན་ཡང་སྲིད་དུ་ངོས་འཛིན་གྱིས་བཀྲ་ཤིས་ལྷུན་པོར་ཁྲི་ས་བཀོད་པ་ཡོད་པ་དང༌། དེང་སྐབས་བོད་ཀྱི་སྤྱི་ཚོགས་ནང་དུ་རྒྱ་མིའི་པན་ཆེན་དང བོད་ཀྱི་པན་ཆེན་ཞེས་པན་ཆེན་གཉིས་ཆགས་བསྡད་ཡོད་པ་རེད།  དེ་དང་དུས་མཚུངས་བོད་ས་གནས་གང་སར་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་ཡང་སྲིད་ངོས་ལེན་མེད་པའི་སྦྱར་ཡིག་འགྲེམས་སྤེལ་བྱས་ཡོད་པ་རེད། དཔེར་ན་སྐུ་འབུམ་དགོན་པར་བོད་སྐྱོབ་གཞོན་ནུ་ཚོགས་པ་ཞེས་པའི་མིང་ཐོག་ཏུ་པན་ཆེན་ཡང་སྲིད་སྐོར་ལ་སྦྱར་ཡིག་འགྲེམས་སྤེལ་བྱས་པར་ཉེས་འགེལ་གྱིས་གྲ་བ་བཞི་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། གཞན་ཡང་བོད་ས་ཁུལ་གང་མང་ནས་བོད་མི་མང་གིས་་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པན་ཆེན་ཡང་སྲིད་ལས་རྒྱ་གཞུང་གིས་ངོས་འཛིན་བྱས་པ་དེར་ཁས་ལེན་མ་བྱས་པར།  ཁོང་ཚོའི་རེ་འདོད་ལ་འཛམ་གླིང་གི་རྒྱལ་ཁབ་ཁག་དང༌། ཚོགས་པ།་སྒེར་བ་ཁག་གིས་རྒྱབ་སྐྱོར་ཡོང་བའིརེ་འབོད་
ཡི་གེ་འབོར་ཆེན་འཛམ་གླིང་གང་སར་འབྱོར་ཡོད་པ་རེད།
པན་ཆེན་སྐུ་ཕྲེང་གོང་མས་རྒྱ་གཞུང་ལ་སྐྱོན་འཛུགས་བྱས་ཡིག་པའི་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ལོན་དོན་བོད་གནས་ཁྱབ་སྤེལཁང་་དུ་ལག་སོན་བྱུང་བ་ཡོད་པ་དང།     སྙན་ཞུ་དེ་ནི་པན་ཆེན་སྐུ་ཕྲེང་གོང་མའི་༡༩༦༢་ལོའི་ཟླ ༥ ཚེས་༡༨ ཉིན་སྐབས་དེའི་རྒྱ་ནག་གི་སྲིད་བློན་ཀྲིག་ཨན་ལན་གྱི་མིང་ཐོག་ལ་གནང་ཡོད་པ་དང ། སྙན་ཞུ་དེ་ནི་པན་ཆེན་སྐུ་ཕྲེང་གོང་མས་བོད་ཡིག་ནང་བྲིས་རྗེས་རྒྱ་ཡིག་ཐོག་ཕབ་བསྒྱུར་བྱས་ཏེ་ཀྲིག་ཨན་ལན་ལ་གནང་ཡོད་པ་རེད། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ནི་ད་ལྟའི་བར་དུ་གསང་ཉར་གྱིས་གུང་ཁྲན་ཏང་ནང་ཁུལ་ཙམ་ལས་ཕྱིར་རུ་ཐོན་མེད།  བཤད་རྒྱུན་ཞིག་ལ། པན་ཆེན་ཆོས་ཀྱརྒྱལ་མཚན་མཆོག་་༡༩༦༡ལོར་ཁོང་གི་ཕ་ཡུལ་ཨ་མདོར་བལྟ་བསྐོར་དུ་ཕེབས་སྐབས་རྒན་པོ་སྐྱོ་བོ་ཞིག་མཇལ་ཁ་ཞུ་བར་བཅར་ཏེ ། ཁྱེད་ཀྱིས་སངས་རྒྱས་ཀྱི་བསྟན་པ་གཏོར་དུ་མ་འཇུག  བོད་གངས་ཅན་གྱི་ཡུལ་འདི་བརླག་དུ་མ་འཇུག  མི་རྣམས་ལྟོགས་སུ་མ་འཇུག་ཞེས་སྐྱབས་འཇུག་ཞུ་བ་གསན་རྗེས་ཁོང་གིས་དགོངས་པར་བོད་མི་རྣམས་ཀྱིས་རེ་བ་ཐམས་ཅད་ཁོང་ལ་བཅོལ་ཡོད་པ་གསལ་བོར་མཁྱེན་ཏེ་རང་འགན་འཁུར་ལེན་གྱིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་བྲིས་པ་རེད་ཟེར་སྲོལ་འདུག སྙན་ཞུ་དེ་ནི་རྒྱ་ཡིག་ནང་ཤོག་ངོས་༡༢༣ ཡོད་པ་དང༌། ནང་ཚན་དོན་ཚན་བརྒྱད་དུ་བགོས་ཏེ་པན་ཆེན་རིན་པོ་ཆེ་མཆོག ༡༩༦༡་ལོའི་ལོ་སྨད་དང༌།  ༡༩༦༢་ལོའི་ལོ་སྟོད་དུ་བོད་ཀྱི་ས་ཁུལ་གང་སར་གཟིགས་སྐོར་དུ་ཕེབས་སྐབས་དངོས་སུ་
མཐོང་ཐོས་བྱུང་བའི་གནས་ཚུལ་ཞིབ་དུ་བཀོད་འདུག། སྐྱོན་བརྗོད་ཤུགས་ཆེ་ཤོས་ནི་༡༩༥༩ལོར་བོད་རང་བཙན་གྱེན་ལངས་བྱས་པར་རྒྱ་གཞུང་གིས་དྲག་གནོན་དང་ཉེས་ཆད་བཙན་འགེལ་བྱས་ཡོད་དེ་རེད། སྙན་ཞུ་དེའི་ནང་བཀོད་དོན།་བོད་མི་ག་ཚོད་ཅིག་འཛིན་བཟུང་བྱས་ཡོད་པའི་གྲངས་ཚད་ནི་དཔག་དཀའ་བ་དང ། ས་ཁུལ་རེ་རེར་མི་ཡག་སྡུག་དང་ཉེས་པ་ཡོད་མེད་ལ་མ་བལྟོས་པར་མི་གྲངས ༡༠༠༠༠ ལྷག་འཛིན་བཟུང་བྱས་ཡོད་པ་རེད། མི་དཀར་ནག་གཉིས་ཀ་ཁྱད་མེད་པར་འཛིན་བཟུང་བྱ་རྒྱུ་ནི་འཛམ་གླིང་ཐོག་གི་དྲང་བདེན་གྱི་ཁྲིམས་ལུགས་ཡོངས་དང་འགལ་ཡོད་པ་རེད། ས་ཁུལ་ཁ་ཤས་སུ་སྐྱེས་པ་ཚང་མ་འཛིན་བཟུང་བཙོན་འཇུག་བྱས་པས་བུད་མེད་དང༌། རྒན་རྒོན། བྱིས་པ་རྣམས་ཀྱིས་ལས་ཀ་བྱེད་དགོས་བྱུང་ཡོད་པ་རེད།  རྒོལ་གསུམ་རྩིས་གསུམ་  དགོན་པའི་ནང་གི་དམངས་གཙོ་བཅོས་བསྒྱུར་ལ་ཟེར། ནི་ཉེས་ཅན་སྤྱང་ཁུ་གསོད་པ་ལས་ཉེས་མེད་ལུག་གསོད་པར་རྔམས་པའི་རང་བཞིན་དུ་རྒྱུར་ཡོད། ཞེས་བཀོད་ཡོད་པ་རེད།
ཡང་སྙན་ཞུ་དེའི་ནང་དུ་དམངས་གཙོ་བཅོས་བསྒྱུར་ཞེས་མིང་སྙན་པོ་ཞིག་བཏགས་ཏེ་བོད་ས་ཡོངས་སུ་བོད་མི་གསོད་རྡུང་དང། རིགདངོས་གཏོར་བཤིག མི་དམངས་སྤྱི་ཁང་ཞེས་པ་བཙུགས་ཏེ་མི་རྣམས་ལྟོ་གོས་མ་འགྲེངས་པ་སོགས་ཀྱགནས་ཚུལ་སྙན་ཞུ་དེའི་ནང་བཀོད་དོན། དམངས་གཙོ་བཅོས་བསྒྱུར་ལས་འགུལ་ཆེན་པོ་དེའི་ལས་དོན་རྣམས་ལ་ད་དུང་དགའ་བ་དྲུག་ཡོད་དེ། འཁྲུགས་པོ་ལ་དགའ་བ། ཡུག་ཆོད་ལ་དགའབ། སྤེལ་ལད་ལ་དགའ་བ། སྤྲོ་བཏགས་ལ་དགའ་བ། རྙོག་བཟོ་ལ་དགའ་བ། ལེབ་རྡུང་ལ་དགའ་བ་བཅས་ཡིན་ཞེས་དང། ཡང་གསར་བརྗེ་བྱེད་པ་ལ་ཆེན་པོ་གསུམ་བྱེད་དགོས་བྱས་པ་ལས་རྙིང་བ་ཡིན་ཚད་དངོས་དོན་ཐོག་དགོས་དང་མ་དགོས་ཀྱི་རྣམ་དབྱེ་མེད་པར་ཚང་མ་ཉ་ཉུང་མཉམ་བསྲེས་ཀྱིས་གཏོར་བཤིག་བྱེད་པའི་རླུང་དམར་དྲག་ཏུ་རྒྱབ་ཀྱི་ཡོད། མི་དམངས་སྤྱི་ཁང་གི་མི་གཅིག་ལ་གོན་པ་ལུས་གང་གཅིག།     མལ་སྟན་གཅིག  ཕོར་བ་་ཟ་ཐུར་གཅིག་བཅས་སྒེར་དངོས་གསུམ་ལས་མེད་པ་རེད་ཞེས་འཁོད་ཡོད་པ་རེད།
པནཆེན་རིན་པོ་ཆེ་མཆོག་གིས་སྐབས་དེར་མི་མང་ལྟོགས་ཤི་ཐེབས་པའི་སྐོར་སྙན་ཞུ་དེའི་ནང་འཁོད་དོན། བོད་ཀྱི་ས་ཁུལ་གང་མང་ཞིག་ཏུ་ཧ་ཅང་མ་འོས་པའི་གནས་ཚུལ་ཚབས་ཆེན་ཞིག་བྱུང་ཡོད་པ་མི་མང་པོ་ལྟོགས་ཤི་ཐེབས་ཀྱི་ཡོད་པ་དེ་རེད། འདས་པའི་བོད་ཀྱི་ལམ་ལུགས་ནི་མུག་ནག་དང། སྡུག་རྩུབ། བྲན་གཡོག་གི་ལམ་ལུགས་ཡིན་ནའང་ལྟོགས་ཤི་ཐེབས་པའི་གནས་ཚུལ་བྱུང་མྱོང་ཡོད་པ་མ་རེད་ཞེས་དང། ཁོང་གིས་མུ་མཐུད་དུ་འཁོད་དོན། མི་རྣམས་ཀྱིས་བརྗོད་གསལ། ང་ཚོ་ཤི་རྒྱུ་ཕྱི་དྲགས་སོང༌། གལ་ཏེ་སྔ་བོ་ནས་ཤི་ཡོད་ན་ཤི་མཆོད་དང་སྨོན་ལམ་ཐོབ་ཐུབ་པ་རེད།  དེང་སྐབས་ཤི་ན་ཁྱི་ཤི་བ་ནང་བཞིན དབུགས་ཆད་མ་ཐག་སྒོའི་ཕྱི་ལོགས་སུ་གཡུགས་ཀྱི་ཡོད་པ་རེད། ཞེས་འཁོད་འདུག།ཁོང་གིས་བོད་ས་ཁུལ་མང་པོར་གཟིགས་ཞིབ་ཏུ་ཕེབས་ཏེ་མི་དམངས་ཀྱིས་ཁོང་ལ་རེ་བ་བཅོལ་ཡོད་པའི་སྐོར་ལ་སྙན་ཞུ་དེའི་ནང་འཁོད་དོན། བོད ཀྱི་ས་ཁུལ་གང་སར་ཕོ་མོ་རྒན་གཞོན་ཚང་མ་ང་དང་འདྲ་བའི་བོད་མིའི་འགོ་ཁྲིད་སུ་ལ་ཐུག་ཀྱང་མིག་ཆུ་རང་དབང་མེད་པར་བཞུར་ཏེ་སེམས་ནང་གི་སྡུག་གཏམ་བརྗོད་པ་མ་ཟད།  མིག་ཆུ་ཕྱིར་རུ་འདོན་ནས་སེམས་ཀྱི་སྡུག་བསྔལ་སེལ་རྒྱུར་རེ་བ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་བོད་མི་རིགས་ཀྱི་འཚོ་བར་ཐུགས་ཁུར་མི་ཆུང་གནང་རྒྱུ་དང༌། ལྷག་པར་ཏུ་བོད་མི་རྣམས་ལྟོགས་ཤི་མི་ཐེབས་པའི་འགན་ལེན་ཡོད་པ་ཞུ། ཞེས་འཁོད་འདུག སྙན་ཞུ་དེའི་མཇུག་ཏུ་འཁོད་དོན། གོང་གསལ་རྣམས་ངའི་སེམས་སྟེང་ཀྱི་སྐད་ཆ་ཡིན་པ་མ་ཟད།  བོད་མི་དམངས་ས་ཡ་གསུམ་གྱི་སེམས་སྟེང་གི་རེ་བ་ཡིན་པས་ང་རང་གི་མིང་ཐོག་དུ་བོད་རིགས་མི་དམངས་ཀྱི་རེ་བ་ཡིག་ཐོག་ཏུ་བཀོད་པ་ཡིན། ཞེས་འཁོད་ཡོད། ལོ་ངོ་སུམ་བཅུ་ལྷག་ལ་གསང་ཉར་བྱས་པའི་པན་ཆེན་སྐུ་ཕྲེང་གོང་མས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེས་དམ་པ་གང་ཉིད་ཀྱིས་བོད་ཀྱི་མི་རིགས་དང༌། ནང་ཆོས། རིག་གཞུང་ལ་སོགས་སྲུང་སྐྱོབ་ཆེད་ཉེན་ཁར་མ་འཛེམས་པར་བྲིས་པའི་ཁོང་དང་བོད་མི་དམངས་ཀྱི་རེ་བ་མཚོན་པའི་སྙན་ཞུ་དེ་ལ་རྒྱ་གཞུང་གིས་པན་ཆེན་གིས་གསར་བརྗེར་ངོ་རྒོལ་བྱེད་པའི་ཡིག་འབྲུ་ཁྲི་བདུན་གི་སྙན་ཞུ་ཞེས་བརྗོད་ཀྱི་ཡོད་པ་རེད།  

ད་ཀྱི་དུས་བབ།    ༡༩༩༦་ལོའི་ཟླ་བ་༡༠་ཚེས་༡༥་ཉིན་གསར་ཤོག་སྟེང་བཀོད་ཡོད།



བསམ་ཚུལ་འབྲི་རོགས།





*