རྒྱ་ནག་གི་འབྱུང་འགྱུར་སྲིད་འཛིན་ཧུའུ་ཅིང་ཐའོ་དང་བོད།

འབྲི་མཁན། དཔལ་ལྡན་རྒྱལ། on May 25th, 2009

ད་ལོའི་ ༢༠༠༢ སྟོན་ཁར་རྒྱ་ནག་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཐོག་རྒྱ་ནག་གི་འགོ་ཁྲིད་ཁག་ལ་འཕོ་འགྱུར་བཏང་ནས་མི་རབས་བཞི་བའི་འགོ་ཁྲིད་གཏན་འབེབས་བྱེད་རྒྱུ་ཡིན་པ་དང༌།  སྐབས་དེར་ད་ལྟའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧུའུ་ཅིང་ཐའོ་རྒྱ་ནག་གི་སྲིད་འཛིན་ལ་བསྐོ་བཞག་བྱེད་རྒྱུ་ཡིན་པ་གཏན་འཁེལ་ཡོད་པ་ལྟར།  འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཧུའུ་ཅིང་ཐའོ་ཡི་སྐོར་ལ་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།   ལྷག་པར་དུ་བོད་དོན་ལ་མཚོན་ན།  ཧུའུ་ཅིང་ཐའོ་ཡིས་བོད་རང་སྐྱོང་ལྗོངས་ནང་གུང་ཁྲན་ཏང་གི་སྤྱི་ཁྱབ་དྲུང་ཆེའི་ལས་འགན་འཁུར་མྱོང་ ༡༩༨༨  ༩༢ ཡོད་པས།  བོད་ལ་ཐད་ཀར་འབྲེལ་བ་ཡོད་པ་དང༌།  བོད་ནང་གི་གནས་ཚུལ་དངོས་མཐོང་དང་རྒྱུས་མངའ་ཡོད་པ་ཞིག་པའི་མི་སྣ་ཞིག་རྒྱ་ནག་གི་སྲིད་འཛིན་ཆགས་པ་ཡིན་ན་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་དགེ་སྐྱོན་གང་ཡོང་ཆ་འཚལ་བར།  བཙན་བྱོལ་བོད་གཞུང་གི་ངོས་ནས་རེ་བ་དང༌།  དོགས་པ་ཟུང་འབྲེལ་ངང་དོ་སྣང་ཤུགས་ཆེན་བྱེད་ཡོད་པ་རེད།
ད་ལྟའི་ཆར་ཧུའུ་ཅིང་ཐའོ་ཡི་ནུས་པ་ཆེ་ཤོས་ནི། ད་ལྟའི་བར་ཕྱིའི་རྒྱལ་ཁབ་ཁག་གྱི་སྲིད་གཞུང་དང༌། ཐ་ན་རྒྱ་ནག་ནང་གི་སྲིད་དོན་པ་ཚོས་ཀྱང་ཁོང་གི་ལྟ་བ་དང་བསམ་ཚུལ། མི་གཤིས་གང་འདྲ་ཞིག་ཡིན་པར་རྒྱུས་ལོན་བྱེད་མ་ཐུབ་པར་ཁོང་ལ་སྡོམ་ཚིག་ཅིག་འཇོག་ཐུབ་ཀྱི་མེད་པ་དེ་ཡིན། དེ་བས་ཧུའུ་རྒྱ་ནག་གི་སྲིད་འཛིན་ཆགས་རྗེས་རྒྱ་ནག་གི་སྲིད་དོན་ལམ་ལུགས་ལ་འགྱུར་བ་འགྲོ་རྒྱུ་ཡིན་ནམ། ཡང་ན་གུང་ཁྲན་ཏང་གི་ལམ་ལུགས་མུ་མཐུད་མཁྲེགས་བཟུང་བྱེད་རྒྱུ་གང་ཡིན་རྒྱ་ནག་སྐོར་ལ་ཉམས་ཞིབ་བྱེད་མཁན་རྣམ་པརཚོད་དཔག་བྱེད་རྒྱུའི་གདེང་ཚོད་མེད་པ་རེད། ཡིན་ནའང༌། ཧུའུ་ཅིང་ཐའོ་རྒྱ་ནག་གི་སྲིད་འཛིན་ཆགས་རྗེས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ནུས་པ་གང་འདྲ་ཞིག་ཐོན་མིན་ཐད་གནད་དོན་ཉམས་ཞིབ་བྱེད་མཁན་རྣམས་ཀྱིས་ལྟ་བ་མི་འདྲ་བ་གཉིས་གླེང་བཞིན་ཡོད། རྒྱ་ནག་སྲིད་དོན་ལ་དབྱེ་ཞིབ་བྱེད་མཁན་ཁག་ཅིག་
གིས་མ་འོངས་པའི་ཧུའུ་ཅིང་ཐའོ་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་མཁྲེགས་བཟུང་བྱེད་ངེས་ཡིན་པར་ཡིད་ཆེད་བྱེད་ཀྱི་ཡོད།  དཔེར་ན་ཁོང་གིས་བོད་རང་སྐྱོང་ལྗོངས་ནང་གུང་ཁྲན་ཏང་གིས་སྤྱི་ཁྱབ་དྲུང་ཆེའི་འགན་འཁུར་སྐབས། བོད་ནང་རྔམ་སྟོན་ཁྲོམ་བསྐོར་བྱེད་མཁན་རྣམས་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བཏང་ཡོད་པ་དང༌།  སྐབས་དེར་ཁོང་གིས་བོད་ནང་སྲིད་དབང་གི་གོ་གནས་ཞིག་བཟུང་ཡོད་པ་རེད་མ་གཏོགས་དོན་དངོས་སུ།  བོད་ནང་དུ་བསྡོད་རྒྱུན་ཧ་ཅང་ཐུང་བ་དང༌།  བོད་ཀྱི་གྲོང་གསེབ་ས་ཁུལ་ཁག་ལ་བལྟ་བསྐོར་ཙམ་ཡང་བསྐྱོད་མེད་པས་ཁོང་གིས་བོད་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་མེད་པ་མ་ཟད། རྒྱ་མི་རིགས་རིང་ལུགས་ཆེན་པོའི་ལྟ་བ་འཛིན་མཁན་ཞིག་ཡིན་པས། གལ་ཏེ་བོད་ཀྱི་གནད་དོན་ཐག་གཅོད་བྱས་པ་ཡིན་ན།   ཤར་ཏུ་ཀེར་སི་ཐན་དང་ནང་སོག་གི་དཀའ་རྙོག་ཡང་ཐག་གཅོད་བྱེད་དགོས་པས་རྒྱ་ནག་གི་ས་ཁྲ་ཆག་གྲུམ་གཏོང་བའི་བློ་སྤོབས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད།
ཡང་གནད་དོན་དབྱེ་ཞིབ་བྱེད་མཁན་ཁག་ཅིག་གིས་བོད་དོན་ཐག་གཅོད་བྱེད་པར་ཧུའུ་ཡིས་ནུས་པ་འདོན་་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད༌།  རྒྱུ་མཚན་ནི་ཧུའུ་ཅིང་ཐའོ་ཡིས་གང་ལྟར་བོད་དུ་ལས་དོན་སྒྲུབ་ཡོད་པས། ཁོང་གིས་བོད་ཀྱི་གནས་ཚུལ་ངོ་མ་འམ་ཆ་ཚང་བ་ཞིག་ཤེས་རྟོགས་མེད་ནའང༌། རྒྱ་ནག་གི་འགོ་ཁྲིད་ཚོའི་གྲས་ནས་བོད་ཀྱི་གནས་ཚུལ་རྒྱུས་མངའ་ཆེ་ཤོས་དེ་ཡིན་པས།  བོད་ཀྱི་གནད་དོན་འདི་ཐག་གཅོད་མ་བྱས་པ་ཡིན་ན་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ནམ་ཡང་རྩ་བརླག་ཏུ་མི་འགྲོ་བ་ཁོང་གིས་ངོས་འཛིན་གསལ་བོར་བྱེད་ཐུབ་ཀྱི་ཡོད་པ་དང༌། གཞན་ཞིག་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ནས་རྒྱ་ནག་ནང་ལའང་འགྱུར་བ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་འཛུལ་ཞུགས་བྱས་པ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་འཛུལ་ཐབས་བྱེད་བཞིན་ཡོད་པའི་སྐབས་འདིར།  རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་དང༌།  བོད་གྱི་གནད་དོན་ཐད་གྲོས་མོལ་འགོ་འཛུགས་བྱས་པ་ཡིན་ན།  རྒྱ་ནག་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཞུགས་རྒྱུར་ལས་སླ་རུ་འགྲོ་བ་དང༌།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ཐད་དོ་སྣང་ཤུགས་ཆེན་བྱེད་བཞིན་པར་དགེ་ཕྱོགས་ཀྱི་རྣམ་འགྱུར་སྟོན་ངེས་ཡིན་པ་རྒྱུ་མཚན་དུ་དྲངས་ནས་ཧུའུ་ནི་བོད་ཀྱི་གནད་དོན་ཐད་གྲོས་མོལ་འགོ་འཛུགས་བྱེད་རྒྱུར་ཆ་རྐྱེན་ལྡན་པའི་མི་སྣ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཧུའུ་ཅིང་ཐའོ་ནི ༡༩༩༢་ལོ་ནས་བཟུང་རྒྱ་ནག་གུང་ཁྲན་ཏང་གི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཡིན་པ་དང༌།  ༡༩༩༨ ལོར་རྒྱ་ནག་གི་སྲིད་འཛིན་གཞོན་པར་བསྐོ་བཞག་བྱས་པ།  ༡༩༩༩   རྒྱ་ནག་དམག་དོན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་བསྐོ་བཞག་བྱས་ཡོད་པ་རེད། ཏིང་ཞའོ་ཕིང་དུས་སྐབས་ནས་བཟུང་ཧུའུ་ཅིང་ཐའོ་རྒྱ་ནག་གི་མི་རབས་བཞི་བའི་འགོ་ཁྲིད་འོས་མིའི་གྲས་སུ་བཞག་ནས་གསོ་སྐྱོང་བྱས་ནས་ཆབ་སྲིད་ཀྱི་ཁོར་ཡུག་བརྟན་པོ་ཞིག་བཟོས་ཡོད་པ་རེད། དེ་བས་རྒྱ་ནག་ནང་གནམ་ས་མགོ་སྟིང་སློག་པ་ལྟ་བུའི་འགྱུར་བ་འགྲོ་མི་སྲིད་ནའང༌།  མ་འོངས་པའི་ཧུའུ་ཅིང་ཐའོ་སྲིད་གཞུང་གིས་རྒྱ་ནག་ནང་གི་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པའི་དུས་སྐབས་ཤིག་དང་འཁེལ་ཡོད། དཔེར་ན། རྒྱ་ནག་ནང་གཞུང་གཉེར་ཁེ་ལས་བཟོ་གྲ་ཁག་གི་སྒྲིག་གཞི་ལ་བཅོས་བསྒྱུར་བྱས་ནས་བཟོ་བ་ས་ཡ་མང་པོའི་ལས་ཀ་ཤོར་ཡོད་པ་དང༌། ཉེ་ཆར་རྒྱ་ནག་གི་བྱང་ཤར་ལོ་ཡངས་གྲོང་ཁྱེར་དང༌།  ཧེ་ལུང་ཅང་ཞིང་ཆེན་གྱི་ཏ་ཆིན་གྲོང་ཁྱེར་ནང་བཟོ་བ་སུམ་ཁྲི་ལྷག་གིས་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་བྱས་ཡོད་པ་རེད།  ཧུའུ་ཡིས་རྒྱ་ནག་ནང་གི་མི་འབོར་ས་ཡ་མང་པོའི་ལས་ཀ་ཤོར་བའི་ཛ་དྲག་གནད་དོན་ཆེན་པོ་འདིར་གདོང་ལེན་བྱེད་དགོས་པ་མ་ཟད།  རྒྱ་ནག་ནང་དུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཚབས་ཆེ་རུ་འགྲོ་བཞིནཔ་དེ་ལའང་གདོང་ལེན་བྱེད་དགོས།  རྒྱ་ནག་གཞུང་འབྲེལ་གྱིས་བསྡོམས་རྩིས་བྱས་པ་ཞིག་ལ་གཞིགས་ན།   སྤྱི་ལོ་༢༠༠༡ ལོར་ལྐོག་ཟ་རུལ་སུངས་གྱི་ཉེས་དོན་བཞི་ཁྲི་ལྷག་ལ་ཞིབ་བཤེར་བྱས་ཡོད་པ་དང༌། དེའི་ཁོངས་ནས་ཉེས་དོན་ཉིས་ཁྲི་ལྔ་སྟོང་ཐམ་པ་རྫོང་དང༌།   ཞིང་ཆེན།  བློན་ཆེན་རིམ་པའི་གཞུང་གི་ལས་བྱེད་དང་གུང་ཁྲན་ཏང་གི་ཚོགས་མི་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་ཡོད་པ་རེད། གཞན་ཡང༌།  རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་པ་དང༌།  ༢༠༠༠༨ ལོའི་རྒྱལ་སྤྱིའི་ཨོ་ལེན་ཕི་ཁི་ལུས་རྩལ་འགྲན་ཚོགས་རྒྱ་ནག་དུ་འཚོགས་རྒྱུ་ཡིན་པ་སོགས་ལ་བརྟེན་ནས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསྟུན་མཁས་བྱེད་དགོས།   དེ་བས་རྒྱལ་སྤྱིའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང༌།   ཆོས་དད་རང་དབང༌།  བོད་དང་ཤར་ཏུ་ཀེར་སི་ཐན་གྱི་རང་བཙན་ལས་འགུལ་ཐད་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་པ་དེ་སྣང་མེད་འཇོག་ཐབས་མེད།
རྒྱ་ནག་ནང་མཐོ་རིམ་འགོ་ཁྲིད་དང་སྤྱི་ཚོགས་ཀྱི་རྨང་གཞི་ལ་འགྱུར་བ་ངེས་ཅན་ཞིག་འགྲོ་བཞིན་པའི་སྐབས་འདིར།  བཙན་བྱོལ་་བོད་གཞུང་དང་བོད་མི་རྣམས་ལ་དྲི་བ་སླེབས་པ་ནི།  གོ་སྐབས་འདི་བཟུང་ནས་བོད་དོན་ཐག་གཅོད་ཆེད་ཕན་འབྲས་ལྡན་པའི་ལས་དོན་ཞིག་སྤེལ་ཐུབ་མིན་དེ་ཡིན། དྲི་བ་འདི་ལ་དོན་ཕན་ལྡན་པའི་སྲིད་ཇུས་ཞིག་གཏན་འབེབས་བྱས་ཏེ།  གྲུབ་འབྲས་ལྡན་པའི་ལས་དོན་ཞིག་སྤེལ་ནས་ལན་འདེབས་བྱེད་དགོས།   དེ་མིན་རྒྱ་ནག་གུང་ཁྲན་ཏང་སྲིད་གཞུང་མགོ་གཏིང་སློག་ནས་རྒྱ་ནག་ནང་དམངས་གཙོའི་གཞུང་གསར་བ་ཞིག་བཙུགས་རྗེས་བོད་དོན་ཐག་གཅོད་བྱེད་སྲིད་པའི་བསམ་ཚུལ་བཟུང་བསྡད་ན། འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་བཙན་བྱོལ་བོད་གཞུང་གིས་རེ་བ་རྒྱབ་ནས་རེ་སྒུག་བྱས་བསྡད་པ་བཞིན་ད་དུང་ཡང་མ་འོངས་པའི་ལོ་ཉི་ཤུའི་རིང་རེ་སྒུག་བྱས་ནས་རེ་སྟོང་དུ་མི་འགྱུར་བའི་ངེས་པ་མེད། ཕྲན་གྱིས་བོད་གྱི་དུས་བབ་༡༩༩༨ལོར་     འདོན་ཐེངས་ནང་བཀོད་པའི་ཆེད་རྩོམ་ཁི་ལིན་ཏུང་དང་རྒྱ་ནག  བོད་མིའི་རེ་བ་ཞེས་ནང་གི་་ཚིག་དོན་གཅིག་སྐྱར་དུ་བརྗོད་འདོད་བྱུང༌།ད་ལྟའི་བར་དུ་བཙན་བྱོལ་བོད་གཞུང་དང་བོད་མི་རྣམས་ཀྱིས་སྤེལ་བའི་ལས་འགུལ་མང་ཆེ་ཤོས་ཀྱི་གྲུབ་འབྲས་དང་པོ་དེ་བོད་དོན་དྲིལ་བསྒྲགས་ཡག་པོ་བྱུང་ཟེར་བ་དེ་ཡིན། དེ་ནི་ང་ཚོས་དྲིལ་བསྒྲགས་ཨང་དང་པོར་བརྩི་་བ་ལས་་དམིགས་ཡུལ་སྒྲུབ་རྒྱུ་ཨང་དང་པོར་བརྩིས་མེད། དྲིལ་བསྒྲགས་ཨང་དང་པོར་བརྩིས་ནས་ལས་དོན་སྤེལ་བ་འདིས་ནུས་བ་གལ་ཆེན་ཞིག་ཐིོན་ནས་དེང་སྐབས་རྒྱལ་སྤྱིའི་སྟེང་བོད་དོན་ལ་དོ་སྣང་བྱེད་ཤུགས་ཆེན་བྱེད་བཞིན་ཡོད་པ་དེ་ཡིན། ད་ནི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཅི་ཞིག་སྤེལ་ཀྱང་དྲིལ་བསྒྲགས་ཨང་དང་པོ་མི་བརྩི་བར་དམིགས་ཡུལ་འགྲུབ་རྒྱུ་ཨང་དང་པོ་བརྩི་རྒྱུའི་དུས་སུ་བབས་པ་ཞིག་མཐོང་ངོ༌།

བོད་ཀྱི་དུས་བབ་ ༢༠༠༢ ལོའི་ཟླ་བ་  ༤ ཚེས་ ༡༠སྤྱིའི་འདོན་ཐེངས་༡༩༣ འདོན་ཐེངས་ནང་བཀོད་ཡོད།



བསམ་ཚུལ་འབྲི་རོགས།





*