ཤར་ཏི་མོར་ཡི་རང་བཙན་དང་བོད་ཀྱི་རང་སྐྱོང༌།

འབྲི་མཁན། དཔལ་ལྡན་རྒྱལ། on May 25th, 2009

ཟླ་བ་༥ ཚེས་༢༠་ཉིན་འཛམ་གླིང་འདིའི་སྒང་ལ་རྒྱལ་ཁབ་གསར་བ་ཞིག་འཁྲུངས་ཡོད་པ་ནི།ཤར་ཏི་མོ་ལོ་ངོ་༥༠༠ ཙམ་གྱི་རིང་ཕྱིའི་རྒྱལ་ཁབ་ཀྱི་བཙན་འཛུལ་དབང་བསྒྱུར་འོག་ནས་རང་བཙན་ཐོབ་སྟེ། དུས་རབས་༢༡་ནང་རྒྱལ་ཁབ་གསར་བ་ཞིག་འཁྲུངས་ཡོད་པ་དེ་རེད། བོད་མི་རྣམས་ཀྱིས་ཀྱང་བོད་རྒྱལ་ཁབ་བསྐྱར་གསོ་བྱེད་པའི་རྨི་ལམ་མུ་མཐུད་གཏོང་བཞིན་ཡོད་པ་དང༌། ཤར་ཏི་མོར་རང་བཙན་ཐོབ་པར་ཡིད་སྨོན་དང་འབྲེལ་བོད་ལ་རང་བཙན་ཐོབ་པའི་རྨི་ལམ་དེ་མངོན་འགྱུར་ཐུབ་པའི་རེ་བ་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་མ་ཟད།བོད་ཀྱི་མ་འོངས་པའི་ལས་དབང་དེ་རྒྱ་ནག་དབུས་གཞུང་གི་མངའ་ཁོངས་སུ་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་ཞིག་ལ་རེ་བལྟོས་བྱེད་བཞིན་ཡོད།  ཤར་ཏི་མོ་རྒྱལ་ཁབ་འཁྲུངས་པ་དེ་ནི།   ཡུལ་དེའི་མི་མང་གིས་རང་བཙན་གྱི་བསམ་བློ་མ་དོར་བར་མིའི་ཚེ་སྲོག་གི་འགྲོ་གྲོན་བཏང་ནས།  གཏོར་ཕམ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་ནས་ལོ་ངོ་༥༠༠་རྗེས་སུ་རང་བཙན་ཐོབ་ཡོད་པ་རེད། ཏི་མོ་ཞེས་པ་ནི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གླིང་ཕྲན་ཆུང་ཆུང་ཞིག་ཡིན་པ་དང༌། དུས་རབས་བཅུ་དྲུག་པའི་སྟོད་དུ་ཏི་མོ་གླིང་ཕྲན་གྱི་ཤར་ཕྱོགས་མངའ་ཁུལ་ཕོར་ཅི་སྒལ་རྒྱལ་ཁབ་ཀྱིས་བཙན་འཛུལ་དབང་བསྒྱུར་བྱས་པ་དང༌། གླིང་ཕྲན་དེའི་ནུབ་ཕྱོགས་མངའ་ཁུལ་ཧོ་ལན་གྱིས་བཙན་འཛུལ་བྱས་རྗེས་ཨིན་རྡུ་ནེ་ཤི་ཡས་བཙན་འཛུལ་དབང་བསྒྱུར་བྱས་ནས་བཟུང་དེང་སྐབས་ཀྱང་མུ་མཐུད་དུ་ནུབ་ཏེ་མོ་ཨིན་རྡུ་ནེ་ཤི་ཡས་དབང་བསྒྱུར་འོག་གནས་ཡོད་པ་རེད།  ༡༩༧༥  ལོར་ཨིན་རྡུ་ནེ་ཤི་ཡས་ཤར་ཏི་མོར་དྲག་པོའི་བཙན་འཛུལ་དབང་བསྒྱུར་བྱས་པ་ནས་བཟུང་ ༡༩༧༩ ལོའི་བར་དུ་ཤར་ཏི་མོ་ཡི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་ཡུལ་མི་༡༢༠༠༠༠གྱི་ཚེ་སྲོག་ཤོར་ཡོད་པ་དེ་ནི།   ཤར་ཏི་མོ་ཡི་སྤྱིའི་མི་འབོར་གྱི་ལྔ་ཆའི་གཅིག་ཙམ་ཟིན་ཡོད།   ༡༩༩༨  ལོར་ཨིན་རྡུ་ནེ་ཤི་ཡ་ནང་ཡུན་རིང་དབང་ཆ་གཅིག་སྡུད་བྱས་པའི་དམག་དཔོན་སུ་ཧར་ཏོ་Suharto ལ་ཕམ་ཉེས་བྱུང་ཏེ་སྲིད་འཛིན་གསར་བ B.J Habibie ཡིས་ཤར་ཏེ་མོར་དམིགས་བསལ་གྱི་གནས་བབ་ཞིག་སྤྲོད་རྒྱུའི་གྲོས་གཞི་བཏོན་ཡོད་པ་དང༌།  ༡༩༩༩ལོར་འཛམ་་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་ཤར་ཏེ་མོའི་མི་མང་གིས་འོས་ཤོག་འཕངས་བའི་འབྲས་བུར་རང་བཙན་གྱི་དགོས་འདུན་ལ་རྒྱལ་ཁ་ཆེན་པོ་ཐོབ་ནས།   ཡུལ་དེའི་རང་བཙན་འཐབ་རྩོད་ཀྱི་དབུ་ཁྲིད་སྒོ་སི་མོ་ Gusmaoབཙོན་ཁང་ནས་གློད་འགྲོལ་བཏང་པ་དང༌།  ཨིན་རྡུ་ནེ་ཤི་ཡའི་དམག་དཔུང་མཐར་སྐྲོད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་འཛིན་སྐྱོང་བྱས་ཡོད་པ་དང༌།  ད་ལོ་ཟླ་བ་བཞི་བའི་ཚེས་༡༧ཉིན་མི་མང་གིས་འོས་ཤོགས་འཕངས་ནས་རང་བཙན་འཐབ་རྩོད་ཀྱི་དབུ་ཁྲིད་སྒོ་སི་མོ Gusmao ཡུལ་དེའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ནས་ཟླ་བ་ལྔ་བའི་ཚེས་༢༠་ཉིན་ཤར་ཏི་མོ་རང་བཙན་ཐོབ་པར་གསལ་བསྒྲགས་བྱས་ཡོད་པ་རེད། 
ཤར་ཏེ་མོའིགནས་སྟངས་ནི་བོད་ཀྱི་གནས་སྟངས་དང་འདྲ་ས་མང་པོ་ཡོད་ནའང༌།  ས་དབྱིབས་ཆགས་སྟངས།  ལོ་རྒྱུས་ཀྱི་རྒྱབ་ལྗོངས། རྒྱལ་སྤྱིའི་སྲིད་དོན་གྱི་འགྱུར་འགྲོས་སོགས་མི་འདྲ་སའང་མང་པོ་ཡོད་པའི་ནང་ནས།   གལ་གནད་ཆེ་བའི་གནས་སྟངས་མི་འདྲ་ཆུང་ཚགས་ཁག་ཅིག་ཡོད་པ་ནི། ཤར་ཏི་མོའི་གནད་དོན་དེ་བོད་ཀྱི་གནད་དོན་ལྟར་རྒྱལ་སྤྱིའི་སྟེང་གི་སྤྱིར་བཏང་མི་མང་གིས་ཤེས་རྟོགས་དང་དོ་སྣང་ཆེན་པོ་རག་མེད་ནའང༌།    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནད་དོན་འདི་ལ་མཐོང་ཆེན་བྱས་ནས་ལས་དོན་སྤེལ་ཡོད་པ་དེ་ཡིན།  བོད་གྱི་གནད་དོན་དེ་རྒྱལ་སྤྱིའི་སྟེང་གི་མི་མང་གིས་ཤར་ཏེ་མོའི་གནད་དོན་ལས་ཤེས་རྟོགས་མང་པོ་ཡོད་ནའང༌།     མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་ཕྱིའི་རྒྱལ་ཁབ་གྱི་སྲིད་གཞུང་གང་འདྲ་ཞིག་གིས་ཀྱང་བོད་དེ་རང་བཙན་ཡིན་པའི་རྩ་བའི་རྩ་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་་མེད་པ་རེད།  གཞན་ཞིག་ནི། ཤར་ཏེ་མོའི་མི་མང་གིས་རང་བཙན་ལ་ཡིད་ཆེས་བརྟན་པོ་བྱས་ནས་རང་སྲོག་བློས་བཏང་གིས་རང་ཉིད་ཀྱི་ཐོབ་ཐང་བརྩོན་ལེན་བྱས་ཡོད་ལ། བོད་མི་རྣམས་ཀྱིས་བོད་རང་བཙན་བློས་བཏང་ནས་ཆེས་མཐོའི་རང་སྐྱོང་ཀྱི་གནས་བབ་ཞིག་གི་དགོས་འདུན་བཏོན་བཞིན་ཡོད། གོང་ས་རྒྱལ་བ་རིན་པོ་ཆེའི་གཙོས་པའི་བཙན་བྱོལ་བོད་གཞུང་གིས་མཉམ་
འབྲེལ་རྒྱལ་ཚོགས་ཀྱིས་ལྟ་རྟོག་འོག་བོད་ནང་གི་མི་མང་ཚོས་རང་དབང་ལྡན་པའི་ངང་རང་ཉིད་ཀྱི་དགོས་འདུན་ལ་འོས་ཤོག་འཕེན་རྒྱུའི་རེ་བ་བཏོན་ཡོད་ནའང། རྒྱལ་ཚོགས་ཀྱིས་དེར་ཡ་ལན་སྤྲད་མེད། བཙན་བྱོལ་བོད་གཞུང་གིས་བཙན་བྱོལ་ཁྲོད་ཡོད་པའི་མི་མང་གི་བསམ་ཚུལ་བསྡུ་ལེན་བྱེད་རྒྱུར། གོང་ས་མཆོག་གི་དབུ་མའི་ལམ་དང༌།  ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གྱི་བདེན་པའི་ཨུ་ཚུགས།དེ་བཞིན་རང་ཐག་རང་གཅོད་དང༌།   རང་བཙན་བཅས་ཀྱི་ཐོག་ལ་འོས་ཤོག་འཕེན་རྒྱུའི་སྟ་གོན་བྱས་ཡོད་ནའང།   གོང་ས་རྒྱལ་བ་རིན་པོཆེ་མཆོག་གི་མཛད་རྗེས་དང༌།   འཕྲིན་ལས་རླབས་ཆེན་གྱི་གཟི་བརྗིད་ཀྱིས་མི་མང་གི་བློ་ཡིད་བཀུག་པའམ།   ཡང་ན་མི་མང་གི་རང་ཉིད་ཀྱི་བསམ་བློ་ཕྱིར་མངོན་མ་ཐུབ་གང་ཡིན་ཡང༌།  མི་མང་ཡོངས་ཀྱིས་སྤྱི་མོས་བྱུང་ཞེས་བོད་རང་བཙན་གྱི་བསམ་བློ་དོར་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།  ཡིན་ནའང་རྒྱ་ནག་གཞུང་གིས་དབུ་མའི་ལམ་ཞེས་པ་ནི་རང་བཙན་གྱི་གོམས་སྟོབས་ཞིག་ཡིན་པར་སྐྱོན་བརྗོད་བྱས་ནས་ཡ་ལན་ཙམ་ཡང་སྤྲོད་ཀྱི་མེད། དེང་སྐབས་བཀའ་བློན་ཁྲི་བ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གིས་བོད་མི་མང་གི་ངོས་ནས་རྒྱ་ནག་གཞུང་དང་མཉམ་དུ་ཞི་མོལ་ཡོང་བའི་ཁོར་ཡུག་ཅིག་བསྐྲུན་ཐུབ་མེད་ཚུལ་གསུངས་ཡོད་པ་དེ་ནི་བོད་མི་མང་གིས་དོན་དངོས་སུ་རང་བཙན་གྱི་བསམ་བློ་ཤུགས་ཆེན་པོ་བཟུང་ཡོད་པ་དེ་ཡིན།  དེ་བས་བོད་མི་མང་ཚང་མ་མཐུན་སྒྲིལ་ངང་བོད་རང་བཙན་གྱི་བསམ་བློ་དོར་ན་རྒྱ་ནག་གཞུང་དང་མཉམ་དུ་ཞི་མོལ་ཡོང་བའི་རེ་བ་ཡོད་པ་ཤུགས་སུ་བསྟན་ཡོད་པ་རེད། རྒྱ་ནག་གི་གནས་སྟངས་ལ་ཞིབ་འཇུག་ལེགས་པོ་ཞིག་བྱས་པ་ཡིན་ན་ཁོང་གི་དགོངས་པ་ལྟར་སྒྲུབ་ཐུབ་རྒྱུའི་རེ་བ་ཆེན་པོ་མེད་པ་མངོན་གསལ་ཡིན།ཤར་ཏེ་མོ་དང་བོད་ཀྱི་གནས་སྟངས་མི་འདྲ་ས་གཞན་ཞིག་ནི།  ཤར་ཏེ་མོའི་དབུ་ཁྲིད་རྣམས་ཀྱིས་རང་ཉིད་ཀྱི་ས་ཐོག་ཏུ་རང་
བཙན་བརྩོན་ལེན་གྱི་ལས་འགུལ་ལ་དབུ་ཁྲིད་ནས་མི་མང་དང་མཉམ་དུ་ལག་གདང་སྒྲིལ་ནས་བཙོན་ཁང་དུ་མཉམ་བསྐྱོད་བྱས་ཏེ། དབུ་ཁྲིད་ཀྱི་འགན་འཁུར་རྒྱུར་འདོད་པ་དང་བློ་སྟོབས་ཆེན་པོ་ཡོད་པ་དེ་ཡིན། བོད་རང་སྐྱོང་བརྩོནལེན་ཀྱི་དབུ་ཁྲིད་ཚོས་མི་ཡུལ་གཞན་གྱི་ལུང་བ་རུ་རང་ཉིད་ལ་འདོད་པ་མེད་བཞིན་དུ་མི་མང་གིས་ཨུ་ཚུགས་དང་གསོལ་འདེབས་བྱས་པ་བརྟེན་ནས་དབུ་ཁྲིད་བྱེད་དགོས་པ་དེ་ཡིན། ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་བཀའ་བློན་ཁྲི་བར་མི་མང་གིས་འོས་འདེམས་བྱེད་སྐབས་རང་ཉིད་ལ་འདོད་པ་མེད་ནའང།  མི་མང་གི་ཡིད་ཆེས་དང་རེ་བར་ངོ་ལྡོག་མ་ཐུབ་པར་ལས་འགན་ཁུར་བ་ཡིན་ཚུལ་གསུངས་ཡོད་ལ༌།  ཁོང་བཀའ་བློན་ཁྲི་བ་མ་ཕེབས་་གོང་བདེན་པའི་ཨུ་ཚུགས་ཀྱི་ལྟ་བ་གཞིར་བཞག་ནས་བོད་ནང་དུ་ལས་འགུལ་སྤེལ་རྒྱུའི་སྐོར་གླེང་སློང་ཙམ་བྱས་ཡོད།   ཁོང་གིས་མཛད་པའི་བདེན་པའི་ཨུ་ཚུགས།  ཞེས་པའི་ཆེད་རྩོམ་དེའི་ནངབཀོད་དོན།   གལ་སྲིད་རྒྱ་ནག་མང་གཙོ་ཅན་ཏུ་གྱུར་ཏེ་ལྷིང་འཇགས་པ་ཡིན་ནའང།  བོད་རང་དབང་བསྐྱར་གསོའི་ལས་དོན་དཀའ་རུ་འགྲོ་སྲིད།   རྒྱུ་མཚན་འདི་དག་ལ་བརྟེན་ནས་ང་ཚོས་རང་དབང་བསྐྱར་གསོའི་སྒྲུབ་པ་
ཉམས་ལེན་འདི་ཕྱི་ལོ་ ༡༩༩༧  ༩༨ ནས་མ་འགྱངས་པར་གསལ་ཁ་ཐོན་པའི་གྲུབ་འབྲས་ཡོང་ཐབས་དམིགས་ཡུལ་དུ་བཞག་ནས་བདེན་པའི་ཨུ་ཚུགས་གྱི་ལས་འགུལ་དུ་ཞུགས་དགོས་པ་ཡིན། ཞེས་དང༌། ཡང་ཁོང་གི་ཆེད་རྩོམ་དེའི་ནང༌།  མང་ཚོགས་ཀྱི་བདེན་པའི་ཨུ་ཚུགས་ནི་སྔོན་ཚུད་ཐག་ཆོད་གསལ་བསྒྲགས་ལྟར་གྱི་དུས་ཚོད་ངེས་ཅན་ནས་བཟུང་བཙན་བྱོལ་དུ་ཡོད་པའི་བོད་མི་བདེན་པའི་ལས་འགུལ་ལ་ཞུགས་འདོད་ཡོད་ཅིང༌།      འོས་ཆོས་ཚང་བ་རྣམས་བདེན་པའི་ལས་འགུལ་ཆེད་བོད་དུ་ཕྱིར་ལོག་བྱ་རྒྱུ།   ཞེས་གསུངས་ཡོད་པ་བཞིན་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ཁྲོད་ཞུགས་རྒྱུར་མི་གྲངས་བཅུ་ལྷག་གིས་ཐོ་འགོད་བྱས་ནས་དབུ་ཁྲིད་རྒྱུར་རེ་སྒུག་བྱས་ཡོད་པ་རེད། ཡིད་སྐྱོ་བ་ཞིག་ལ།  ལས་འགུལ་འདི་རྩོམ་རྒྱུར་དུས་ཆད་ལས་བརྒལ་ནས་ལོ་ངོ་ལྔ་ལྷག་འགོར་ཡོད་ནའང་གོ་ཚོར་མེད་པར་གྱུར་ཏེ།  དོན་སྙིང་ཆེ་ཞིང་གཟི་བརྗིད་ལྡན་པའི་ལས་འགུལ་དེར་བགེགས་རྐྱེན་གང་ཞིག་ལ་འཕྲད་པ་གསལ་རྟོགས་མེད་པར་འཇའ་ཡལ་བ་ལྟར་གྱུར། ཡང་ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པད་མ་འབྱུང་གནས་མཆོག་གིས་ཀྱང་སྤྱི་འཐུས་ཚོགས་གཙོའི་འགན་ཁུར་འདོད་མེད་ནའང༌།  སྤྱི་འཐུས་རྣམ་པའི་ཡིད་ཆེས་དང་རེ་བ་ལྡོག་མ་ཐུབ་ཚུལ་གསུངས་ཡོད། ཕྲན་གྱིས་བལྟས་ན་བྱེད་སྟངས་འདི་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲིད་དོན་འཁྲབ་སྟངས་ཞིག་རེད། གལ་ཏེ་བྱེད་སྟངས་འདི་སྲིད་དོན་འཁྲབ་པ་མ་ཡིན་་པར་བདེན་པ་ཡིན་ཚེ། སེམས་སྟེང་ནས་འཁུར་འདོད་མེད་པའི་ལས་འགན་ཞིག་འཁུར་ནས་ལས་དོན་སྒྲུབ་ན་དགོས་ངེས་ཀྱི་ནུས་པ་ཞིག་ཐོན་ཐུབ་མིན་ཆ་མ་འཚལ།  སྤྱིར་བཀའ་བློན་ཁྲི་བ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་མཁྱེན་རྒྱ་ཆེ་ཞིང༌།  བློ་རིག་རྣོ་བའི་གང་ཟག་ཁྱད་འཕགས་ཅན་ཞིག་ཡིན་ནའང༌། ཁོང་ལ་འཛམ་གླིང་གི་སྲིད་དོན་པ་གཞན་ལས་ཀྱང་ལས་འགན་ཧ་ཅང་ལྗིད་མོ་ཡོད། དེ་ནི་ཁོང་གི་བཀའ་བློན་ཁྲི་བའི་གོ་གནས་སྲུང་དགོས་ལ༌། རིན་པོ་ཆེ་ཞེས་པའི་ཆོས་ཕྱོགས་ཀྱི་མཚན་གནས་དེ་ལའང་བདག་པོ་རྒྱག་དགོས་པ་མ་ཟད། མཁས་དབང་ཞེས་མཚན་གནས་དེ་ཡང་ཉར་དགོས། ཆེས་མཐོ་བའི་མཚན་གནས་འདི་གསུམ་ཁུར་ནས་ལས་དོན་སྒྲུབ་དགོས་ཚེ་ལས་འགན་ལྗིད་མོ་ཡོད་པ་མ་ཟད།  མི་མང་གིས་ཀྱང་རེ་ལྟོས་ཆེན་པོ་བྱེད་བཞིན་ཡོད། བཙན་བྱོལ་བོད་གཞུང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་ལངས་ཕྱོགས་ནི་དབུ་མའི་ལམ་ཡིན་ལ། དེ་ནི་བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་དོན་དངོས་ཀྱི་རང་སྐྱོང་ཞེས་གོང་ས་མཆོག་གིས་བཏོན་པའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་རྨང་གཞིར་འཛིན་བཞིན་ཡོད།  གང་ལྟར་ཤར་ཏེ་མོར་རང་བཙན་ཐོབ་པ་གསལ་བསྒྲགས་བྱས་ཡོད་ནའང༌། བོད་ཀྱི་ཆེས་མཐོའི་རང་སྐྱོང་དེ་མངོན་འགྱུར་བྱེད་ཐུབ་མིན་ད་དུང་མུན་པའི་རབ་རིབ་ཁྲོད་ལུས་ཡོད་པ་རེད།  

 དུས་བབ་ཀྱི་དུས་བབ་༢༠༠༢  ཟླ་བ་༥་ཚེས ༣༡ ཉིན



2 Comments so far ↓

  1. དོན་གྲུབ་ཆོས་འཕེལ། says:

    སྐུ་ཉིད་ཀྱི་ཟིན་བྲིས་དེ་རིང་མཐོང་བྱུང་། བཀྲིས་བདེ་ལེགས་ཞུ་བ་ཡིན། རིམ་བཞིན་ཟིན་བྲིས་ནང་བསམ་ཚུལ་བཀོད་ངེས།་ཐུགས་རྗེ་ཆེ།

  2. ཕེབས་པར་དགའ་བསུ་ཞུ།

བསམ་ཚུལ་འབྲི་རོགས།





*