སྐུ་དྲག་ཨེལ་གིན་དང་རྡ་རམ་ས་ལ། Lord Elgin James Bruce

འབྲི་མཁན། དཔལ་ལྡན་རྒྱལ། on June 8th, 2009
full

རྡ་སར་ཡོད་པའི་དབྱིན་ཇུའི་དུར་ས།

གལ་ཏེ་ཁྱེད་རང་ལ་དུས་ཁོམ་རེ་བྱུང་ཚེ། མོ་ལོར་ཡི་ཟང་ཟིང་འུར་སྒྲ་ཆེ་བའི་ཁྲོམ་དང༌། ཁ་དལ་འདུག་མེད་པར་གཞན་ལ་འཕྱ་དམོད་བྱེད་པའི་ཚིག་རྩུབ་རྣ་ལ་གཟེར་བ་ལས་གཡོལ་ཆེད། མོ་ལོར་ནས་གོམ་པ་་གཅིག་སྟོང་ཙམ་གྱི་མཚམས་སུ་ཡོད་པའི་ཡི་ཤུའི་ལྷ་ཁང་ཡོད་སར་ཕེབས་ན་ལམ་ཁ་རྒྱ་ཆེ་ཞིང་གཡས་གཡོན་དུ་ཤིང་སྡོང་གིས་མཛེས་པར་བརྒྱན་པས་སེམས་ལྷོད་ལྷོད་ཡོང་པའི་ཚོར་བ་སྐྱེས་ཐུབ༌། ཡི་ཤུའི་ལྷ་ཁང་དེ་ནི་ལམ་ཁའི་འོག་ཏུ་རྡོ་ཆེན་པོ་གཡའ་ཡིས་ཟིན་པ་དང༌། རྩིབས་ངོས་སུ་རྩྭ་ལྡུམ་སྐྱེས་ཡོད་པས་མཆོད་མཇལ་བ་དང༌།ཡང་ན་བལྟ་སྐོར་དུ་བསྐྱོད་མཁན་མེད་པ་གསལ་བོར་རྟོགས་ཐུབ། སྔོན་ཆད་ལྷ་ཁང་འདིའི་ནང་དུ་དྲིལ་བུའི་སྒྲ་ཕྱོགས་ཀུན་ཏུ་ཁྱབ་མྱོང་ན་ཡང༌། དེང་སྐབས་དྲིལ་བུ་དེའི་དྲིལ་ལྕེ་གང་དུ་ཡོད་མེད་སུ་ཞིག་གིས་ཀྱང་རྟོགས་དཀའ། བོད་མི་རྣམས་ཉ་རམ་ས་ལར་སླེབས་ཏེ། མི་ལོ་བཞི་བཅུ་ཙམ་འགྲོ་གི་ཡོད་ནའང་བོད་མི་ཞིག་ལྷ་ཁང་འདིའི་མཁྲིས་སུ་ཡོད་པ་མཐོང་པ་ཧ་ཅང་ཉུང་ཉུང་ཡིན། དེ་ནི་ང་ཚོར་རང་བྱུང་གི་བཀོད་པ་དང༌།  ལོ་རྒྱུས་ཀྱི་དཔང་རྟགས་སོགས་ལ་བལྟ་ཞིབ་དང་ཤེས་འདོད་ཆེན་པོ་དེ་ཙམ་མེད་པའང་ཡིན་སྲིད།  བོད་མི་རྣམས་ཀྱིས་ཡི་ཤུའི་ལྷ་ཁང་དེ་ནི་ཉ་སའི་མཁྲིས་སུ་ཡོད་པ་་ཤེས་ཡོད་ནའང༌། གནས་དེའི་ལོ་རྒྱུས་ཀྱི་རང་བཞིན་དང༌།  ས་དེ་རུ་མི་སུ་ཞིག་དུར་དུ་སྤས་ཡོད་པ་སོགས་ཤེས་མཁན་སུ་ཡང་མེད་ཞེས་ཕལ་ཆེར་བརྗོད་ཆོག 

ང་ཚོ་ལྷ་ཁང་དེར་བལྟ་བསྐོར་དུ་བསྐྱོད་རྒྱུར་ཞེད་སྣང་སྐྱེས་ཀྱི་ཡོད་པ་ནི།  གཅིག་བྱས་ན་ཡི་ཤུའི་ཆོས་ལ་དད་པ་བྱེད་མཁན་ཡིན་པར་ཉེས་འཛུགས་བྱེད་པར་ཞེད་སྣང་དང༌།  ཡང་ན་གདོན་འདྲེ་ལ་ཞེད་ཀྱི་ཡོད་པའང་ཡིན་སྲིད།    གྲོགས་པོ་ལགས། ཞེད་སྣང་སྐྱེས་མི་དགོས། རྒྱུ་མཚན་ནི་གནས་དེའི་ཤིང་ནགས་གསེབ་ཏུ་གྲིབ་ནག་མང་པོ་མཐོང་བ་ནི་གཞོན་ནུ་ཕོ་མོ་རྣམས་གསང་བའི་ཐུག་འཕྲད་བྱེད་ཀྱི་ཡོད་པ་ལས་གདོན་འདྲེ་ག་ལ་ཡིན།

broce1
སྐུ་དྲག་ཨེལ་གིན་Lord Elgin James Bruce་དུས་སའི་མདུན་གྱི་་རྡོ་རིང༌།

church

བེམ་པོ་མང་པོ་སྤས་ཡོད་པའི་དུར་ཁྲོད་དེའི་ནང་དུ་རྒྱ་གར་དབྱིན་ཇུའི་སྤྱི་ཁྱབ་པ་ཨེལ་གིན་གྱི་ཕུང་བོ་ཡང་སྦས་ཡོད་པ་རེད། ང་ཚོ་བོད་མི་རྣམས་ཀྱིས་ཁོང་ཉིད་ཀྱི་དུར་ཁྲོད་ལ་བལྟས་ཏེ། མི་དེ་སུ་ཡིན་པ་ཤེས་རྟོགས་བྱེད་རྒྱུར་དགའ་སྣང་སྐྱེས་སྲིད་པ་ཞིག་ཡིན། ཁོང་གི་བེམ་པོ་དུར་ས་དེའི་ནང་དུ་ངོས་འཛིན་བྱེད་རྒྱུ་ཧ་ཅང་ལས་སླ། དེ་ནི་ཁོང་གི་བེམ་པོ་སྤས་ས་དེ་གཞི་རྒྱ་ཆེ་ཞིང་རྒྱན་གྱིས་སྤྲས་ཡོད་པ་དང༌།  མཐར་བསྐོར་དུ་ལྕགས་ཀྱི་རྭ་བས་བསྐོར་ཡོད་པས་དེ་ནི་དུར་ཁྲོད་དེའི་ནང་གི་མི་སྣ་གལ་ཆེ་ཤོས་དེ་ཡིན་པ་ཡང་རྟོགས་ཐུབ།   

ལས་དབང་དང་རྟེན་འབྲེལ་ཡ་མཚན་ཅན་ཞིག་གིས་ང་ཚོ་བོད་མི་མང་པོ་ཞིག་དབེན་གནས་འདིར་གནས་འཆའ་དགོས་བྱུང༌།  ང་ཚོས་ཨེལ་གན་གྱི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན་ཁོང་ནི་གངས་ཅན་བོད་དང་ཁྱད་མཚར་བའི་འབྲེལ་བ་ཞིག་ཡོད་པ་ཤེས་ཐུབ།   སྤྱི་ལོ་ ༡༨༦༣ ལོར་ཨེལ་གན་གྱི་བེམ་པོ་ཉ་རམ་ས་ལར་འཁྱེར་ཡོང་སྟེ་ཁོང་ཉིད་དུར་ཁྲོད་དེའི་ནང་སྦས་པ་རེད།། དབྱིན་ཇིས་གཞུང་གིས་རྒྱ་གར་དབང་བསྒྱུར་བྱས་པ་ནས་བཟུང༌།  ཁོང་ནི་ལ་ཧོ་ས་ཁུལ་དུ་ཕེབས་ཏེ་བོད་ལ་ཚོང་ལམ་འབྱེད་རྒྱུའི་ཐད་ལ་་བཀའ་མོལ་གནང་ཡོད་པ་དང༌། ཁོང་ཚོས་ཧི་མ་ལ་ཡ་བརྒལ་ཏེ་བོད་ལ་ཚོང་ལམ་འབྱེད་རྒྱུའི་རྨི་ལམ་བཏང་ཡོད་པ་རེད།  ཁྱད་པར་དུ་དབྱིན་ཇུས་ཧི་མ་ལ་ཡའི་ལྷོ་ཕྱོགས་སུ་ཇ་ཤིང་བཏབ་ཏེ་བོད་ནི་ཁོང་ཚོས་ཇ་བཙོང་སའི་ཁྲོམ་རྭ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད།   

ཨེམ་གན་ནི་དབྱིན་ཇུའི་སྐུ་དྲག་གི་མི་རྒྱུད་ཡིན་པ་དང༌། ཁོང་གིས་གོང་མའི་དབང་བསྒྱུར་ཁྱབ་སྤེལ་བྱེད་རྒྱུའི་འཛིན་སྐྱོང་གི་ལས་ཀ་བྱས་ཡོད་པ་མ་ཟད། དགུང་ལོ་སོ་གཅིག་ལ་སླེབས་སྐབས་དབྱིན་ཇུའི་མི་སེར་སྤེལ་ཡུལ་འཇུ་མེ་ Jamaica གླིང་ཕྲན་གྱི་སྲིད་འཛིན་དུ་གྱུར་བ་དང༌།  ལོ་བཞིའི་རྗེས་སུ་དབྱིན་ཇུས་མི་སེར་སྤེལ་ཡུལ་གལ་ཆེ་ཤོས་ཁ་ན་ཏ་ Canadaཡི་སྲིད་འཛིན་ཏུ་བསྐོ་བཞག་བྱས། ཁོང་གི་འཇོན་ཐང་དང་ནུས་པ་ལ་ལོན་ཌོན་དུ་ཡོད་པའི་ཆབ་སྲིད་པ་རྣམས་འདོད་བློ་ཁེངས་ཏེ།  ཁོང་ཉིད་ཤར་ཕྱོགས་སུ་དབྱིན་ཇུའི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་རྒྱ་ནག་ལ་གནས་སྤོར་བྱས།

སྤྱི་ལོ་༡༨༥༨ ལོར་ཨེལ་གིན་དབྱིན་རྒྱའི་གྲོས་མོལ་ཚོགས་པའི་ཚོགས་གཙོར་བསྐོ་བཞག་བྱས་པ་དང༌། རྒྱ་ནག་གི་ཆིན་རྒྱལ་རབས་ངོ་ཚ་བཟོས་པ་དང༌། རྒཉམས་རྒུད་དུ་བཏང་བའི་ རྐྱཐིན་ཅིན་ཆིངས་ཡིགརྒྱལ་མི་རྟགས་བཀོད་པ་རེད།ཆིངས་ཡིག་འདི་བཞག་རྗེས་དབྱིན་ཇུའི་བཙན་ཤུགས་ཀྱིས་ཚོང་རྫས་འབོར་འདྲེན་བྱེད་པའི་གྲུ་གཟིངས་རྒྱ་ནག་གི་གྲུ་ཁར་འཛུལ་བ་དང༌།  པེ་ཅིན་དུ་དབྱིན་ཇུའི་གཏན་བསྡོད་ལས་ཁུངས་ཞིག་ཀྱང་བཙུགས་པ་རེད།   

ལོ་གཉིས་ཀྱི་རྗེས་སུ་དབྱིན་ཇུའི་བཙན་ཤུགས་ཀྱིས་བཞག་པའི་ཆིངས་ཡིག་ལ་རྒྱ་ནག་གིས་ངོས་ལེན་མ་བྱས་པར་ངོ་རྒོལ་བྱས་པ་དང༌།   སྤྱི་ལོ་ ༡༨༦༠ ལོའི་ཟླ་བ་བཅུ་བའི་ཚེས་་བརྒྱད་ཉིན་དབྱིན་ཇུའི་དམག་དཔུང་རྒྱ་ནག་པེ་ཅིན་དུ་བསྐྱོད་པ་སྟེ།  ཨེལ་གན་གྱིས་ངོ་མཚར་རྨད་དུ་བྱུང་བའི་ཡོ་མིན་ཡོན་སྐྱེལ་ཚལ་མི་བསྲེགས་གཏོང་བར་བཀོད་མངགས་བྱས་པ་རེད། སྐྱེལ་ཚལ་དེ་ནི་རྒྱ་ནག་གོང་མ་ཆེན་ལུང་གི་དབྱར་དུས་ཀྱི་ཕོ་བྲང་དུ་བཞེངས་པ་རེད།ཕོ་བྲང་དེ་ནི་རྒྱ་ནག་ཆེས་རྩ་ཆེ་བའི་རྫས་ནོར་ཡིན་པ་མ་ཟད།  རྒྱ་ནག་མི་དམངས་ཀྱྀ་དཀའ་ལས་བརྒྱབ་པའི་ངལ་རྩོལ་གྱི་དངུལ་ཆུའི་འབྲས་བུ་ཡང་ཡིན། 

ཨེལ་གིན་གིས་རྒྱ་ནག་གི་ཆེས་རྩ་ཆེ་བའི་རྫས་ནོར་གཏོར་བཤིག་བཏང་བ་དེས་ཁོང་གི་མིང་ནི་རྒྱ་ནག་གི་མི་རེ་རེའི་སེམས་སུ་རྡོ་ལ་རི་མོ་བརྐོས་བཞིན་གནས་ཡོད་པ་མ་ཟད།ཐ་ན་དེང་སྐབས་ཀྱང་རྒྱ་མི་རྣམས་ཀྱི་ཨེལ་གན་སྐོར་ལ་བཀའ་མོལ་བྱེད་སྐབས་སྙིང་ཁོངས་སུ་ཁོང་ཁྲོ་སྐྱེས་ཀྱི་ཡོད་པ་བཞིན།ང་ཚོ་བོད་རིགས་རྣམས་ཀྱང་རྒྱ་ནག་ལ་སྡང་སེམས་སྐྱེས་པའི་ཉམས་མྱོང་གཅིག་མཚུངས་ངང་ཨེལ་གན་གྱི་བེམ་པོ་སྤས་པའི་གནས་དེར་གཞིས་ཆགས་ཡོད་པ་རེད།  

རྩོམ་ཡིག་འདི་སྐུ་ཞབས་ཚེ་རིང་ཤཀྱས་དབྱིན་ཡིག་ནང་བྲིས་པ་དང༌།   ཕྲན་གྱིས་བོད་ཡིག་ཐོག་ཕབ་བསྒྱུར་གྱིས་སྣོན་འབྲི་ཅུང་ཙམ་བྱས་ཡོད།



བསམ་ཚུལ་འབྲི་རོགས།





*