རག་ར་རིན་པོ་ཆེ་ལ་དགེ་ཆོས་སྐོར་བཅར་འདྲི།

འབྲི་མཁན། དཔལ་ལྡན་རྒྱལ། on June 8th, 2009

བོད་ཀྱི་སྤྱི་ཚོགས་ཁྲོད་དུས་རབས་༢༠བའི་ནང་གསར་གཏོད་རང་བཞིན་ལྡན་ཞིང་སོ་སོའི་ལྟ་བ་དང༌། དགོངས་ཚུལ་འཇིགས་ཞུམ་མེད་པར་བརྗོད་ཐུབ་མཁན་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁོང་གི་བརྩམས་ཆོས་སྐོར་ལ་སིད་སིར་གནས་བཞུགས་རག་ར་རིན་པོ་ཆེ་ལ་བཅར་འདྲི་ཞུས་པ་ཡིན།

ragra3
ཟིན་བྲིས་མཁན་གྱིས་རག་ར་རིན་པོ་ཆེར་བཅར་འདྲི་ཞུ་བཞིན་པ།དཔལ་ལྡན་རྒྱལ།   མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁོང་གི་བརྩམས་ཆོས་སྐོར་ལ་རག་ར་རིན་པོ་ཆེ་མཆོག་གིས་ང་དང་མཉམ་དུ་བཀའ་མོལ་གནང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ།  མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསུང་རྩོམ་དང་ལྟ་བ

་སོགས་གང་ཅིའི་ཐད་མཁས་པ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཞིག་ཐོན་ཡོད་སྟབས་མི་མང་པོ་ཞིག་གིས་དགེ་ཆོས་མཆོག་དང་ཁོང་གི་བརྩམམ་ཆོས་སྐོར་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། དྲི་བ་དང་པོ་དེ་ལ་རག་ར་རིན་པོ་ཆེ་དང་དགེ་ཆོས་གཉིས་བར་ཐོག་མར་འབྲེལ་བ་བྱུང་སྟངས་སྐོར་ལ་གསུངས་རོགས་གནང༌།
རིན་པོ་ཆེ།   འདིའི་སྐོར་ལ་ཞུ་དགོས་བྱུང་ན། ང་དགོན་པར་འཛུལ་དུས་དགེ་འདུན་ཆོས་འཕེལ་ལགས་འབྲས་སྤུངས་ལ་ཕེབས་འདུག  དེའི་སྒང་ལ་དབུ་མ་རྙིང་བ་བར་དུ་འབྲས་སྤུངས་ལ་བཞུགས་འདུག་ལ༌། ཁོང་རིག་པ་ཡག་པོ་ཡོད་པ་དང༌།  འཛིན་གྲྭ་ནང་རྩོད་པའི་ཕྱོགས་ལ་ཁོང་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད།    སྐབས་དེར་དགེ་འདུན་ཆོས་འཕེལ་ལགས་ཀྱི་མཛད་པ་རྣམ་གསུམ་མང་ཤོས་ནང་ནས་ང་ཁོང་ལ་མཇལ་རྒྱུའི་རྒྱུ་མཚནརྩ་བ་དེ་ནི།    ང་རྒྱ་གརདུ་བསྡད་དུས་ཁོང་གིས་བྲིས་པའི་རྒྱ་གར་གྱི་གནས་ཡིག་ལ་མཇལ་དུས་ང་རང་དགེ་འདུན་ཆོས་འཕེལ་ལགས་ལ་མཇལ་འདོད་ཆེན་པོ་བྱུང༌།
དཔལ་ལྡན།   དགེ་འདུན་ཆོས་འཕེལ་འབྲས་སྤུངས་དགོན་པར་བཞུགས་དུས་ཁོང་ལ་སྙན་གྲགས་ག་འདྲ་ཡོད་པ་རེད།
རིན་པོ་ཆེ།  སྐབས་དེར་དགེ་འདུན་ཆོས་འཕེལ་ལགས་ལ་སྙན་གྲགས་གཉིས་འདུག    རིག་ལམ་ཐོག་ལ་ཧ་ལས་པའི་རིག་པ་ཡག་པོ་ཡིན་པ་གཅིག་དང༌།   གཉིས་པ་དེ་རི་མོ་ཕྱོགས་ལ་མཁས་པ་ཡིན་པ་དེ་གཉིས་ང་རང་དགོན་པ་ཡོད་དུས་སྐད་གྲགས་ཆེན་པོ་འདུག།     ངས་དེ་དུས་དགེ་འདུན་ཆོས་འཕེལ་ལགས་ཀྱི་མིང་གོ་ཡོད་པ་རེད་མ་གཏོགས་ང་ཁོང་ལ་མཇལ་གྱི་རེད་བསམ་པ་དང༌།དཔེ་ཆ་ཁྲིད་ཀྱི་རེད་ཁྱོན་ནས་བསམ་མེད།
དཔལ་ལྡན།  རིན་པོ་ཆེ་དགེ་འདུན་ཆོས་འཕེལ་ལ་ཐེངས་དང་པོ་ཇི་ལྟར་འཇལ་བ་དང༌།   དེ་ནས་རིན་པོ་ཆེ་ཡིསདགེ་ཆོས་མདུན་དུ་དཔེ་ཆ་ཁྲིད་པའི་གོ་སྐབས་བྱུང་ཡོད་པ་བཞིན་ཁྱེད་གཉིས་བར་ལ་དགེ་སློབ་ཀྱི་འབྲེལ་བ་བྱུང་སྟངས་སྐོར་ཅིག་གསུངས་རོགས།
རིན་པོ་ཆེ། ལོ་མང་པོ་ཞིག་གི་རྗེས་ནས་ང་རྒྱ་གར་ལ་ཕྱིན་ནས་ཕྱིར་ཡོང༌།    དེ་ནས་ང་རང་རིག་གནས་ལ་དོ་སྣང་ སླེབས་པ་རེད། སྐབས་དེར་ཧོར་ཁང་དགེ་བཤེས་ལགས ཀྱིད་སྐད་གཉིས་ཤན་སྦྱར་རྩོམ་གྱི་ཡོད་པ་དང༌།   ཁོང་གིས་དགེ་འདུན་ཆོས་འཕེལ་གྱི་ཁྱདཆོས་མང་པོ་གསུངས་ཀྱི་འདུག།    ང་རང་ཡང་དགེ་འདུན་ཆོས་འཕེལ་ལ་མཇལ་འདོད་ཆེནཔོ་བྱུང༌།  དེ་ནས་དགེ་འདུན་ཆོས་འཕེལ་འབྲུག་ཡུལ་བརྒྱུད་ནས་ལྷ་སར་ཕེབས་པ་རེད། དེ་དུས་ང་རང་ཧ་ཅང་དགའ་བོ་བྱུང༌།  ང་རང་ཁོང་གི་ཁྱིམ་ལ་མཇལ་དུ་སོང་བ་ཡིན།  ལྷ་ས་དབང་འདུས་སྤེན་པ་ཟེར་བ་དེ་རེད།ངས་ཁོང་རིག་གནས་མཁས་པ་ཡིན་པ་དང་ཁོང་གི་མཁྱེན་ཡོན་མང་པོ་འཇལ་ནས་དེ་དུས་ངེད་གཉིས་འགོ་བཙུགས་ཡག་པོ་བྱུང་སོང༌།     སྐབས་དེར་དགེ་འདུན་ཆོས་འཕེལ་རིག་གནས་མཁས་པ་ཡིན་པ་སྐད་གྲགས་ཆེན་པོ་འདུག    དེ་ནས་ངས་འདི་ཞུས་པ་ཡིན།    ལྷ་སར་ཕེབས་པ་དང་ལམ་སེང་ང་ལ་རིག་གནས་སྐོར་དེ་འདྲ་མང་པོ་ཞིག་ཁྲིད་རོགས་གནང༌།   དེ་ཁོ་རང་གིས་ལམ་སེང་དགའ་བོ་གནང་ནས་དེ་ལྟར་བྱེད་དགོས་གསུངས་སོང༌།   དེ་ནས་བཟུང་ང་ཚོ་ཕན་ཚུན་ངོ་ཤེས་པ་རེད།
དཔལ་ལྡན་རྒྱལ།     དགེ་འདུན་ཆོས་འཕེལ་མཆོག་གིས་མཁས་པ་གཞན་དང་མི་འདྲ་བའི་བརྩམས་ཆོས་ཐུན་མོང་མ་ཡིན་མང་པོ་ཞིག་ང་ཚོ་ལ་བཞག་ཡོད་པ་རེད།  དེར་བརྟེན་དེང་སྐབས་འཛམ་གླིང་འདིའི་སྒང་དུ་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་མཁན་རྣམས་ཀྱིས་དགེ་འདུན་ཆོས་
འཕེལ་མཆོག་གི་བརྩམས་ཆོས་དང༌།    སྐུ་ཚེའི་ལོ་རྒྱུས་སྐོར་ལ་དོ་སྣང་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་རེད། རིན་པོ་ཆེའི་དགོངས་ཚུལ་ལ་དགེ་འདུན་ཆོས་འཕེལ་གྱི་བརྩམས་ཆོས་ལ་དམིགས་བསལ་གྱི་ཁྱད་ཆོས་ག་འདྲ་ཞིག་ཡོད་པ་རེད།
རིན་པོ་ཆེ།    དཔེ་ན་ཆ་བཞག་ན།    དགེ་འདུན་ཆོས་འཕེལ་གཞན་དང་མི་འདྲ་བའི་ཡར་ཐོན་ཞིག་ལ་ཆ་འཇོག་གི་ཡོད་པ་རེད།  དེ་ཧ་ལམ་ང་ཚོ་བོད་ཀྱི་རིག་གནས་ཡོད་ན་མེད་ན།     བོད་ཀྱི་རིག་གནས་དང་པོ་སང་་སི་སྐད་ནས་བོད་ཡིག་ནང་བསྒྱུར་དགོས་ཡོད་པ་དེ་རེད།   དེ་འདྲའི་
ང་ཚོའི་བོད་ཡིག་དང་སམསྐྲ་སྐད་བར་ལ་འབྲེལ་བ་ཡོད་པའི་རྗེས་སུ་མི་རབས་མང་པོ་ཞིག་གི་ནང་དགེ་འདུན་ཆོས་འཕེལ་ལགས་དལ་པཎི་ར་ཧུ་ལ་གཉིས་ཀྱི་ལས་ཀ་བྱས་པ་ནང་བཞིན་བྱུང་བ་ཞིག་ང་ཚོའི་མི་རབས་གསུམ་བཞིའི་ནང་སུ་གཅིག་གིསཀྱང་བྱས་མི་འདུག    ང་རྒྱ་གར་དུ་བསྡད་དུས་རྒྱ་གར་གྱི་རིག་གནས་དང་དགེ་འདུན་ཆོས་འཕེལ་ལགས་ཀྱི་དེ་དག་ལ་བལྟས་ནས་ང་ཚོའི་སྔ་མོའི་ལོ་ཙྭ་བ་རྣམས་ཀྱི་གནང་སྟངས་དང་དགེ་འདུན་ཆོས་འཕེལ་གྱི་གནང་སྟངས་རྣམས་འདྲ་བོ་མཐོང་ནས་ང་རང་དེ་ལ་ཧ་ཅང་རྗེས་སུ་ཡི་རངས་བྱུང་ནས་ང་ཁོང་གི་ཞབས་ལ་གཏུགས་པའི་རྒྱུ་མཚན་དེ་ལ་ཐུག་ཡོད།
དཔལ་ལྡན་རྒྱལ།     དགེ་འདུན་ཆོས་འཕེལ་མཆོག་ང་ཚོའི་བོད་གངས་ཅན་གྱི་རིག་གནས་གཅིག་བུར་མགོ་འཁོར་ནས་མ་བསྡད་པར་འཛམ་གླིང་མི་རིགས་གཞན་གྱི་རིག་གནས་ལ་དོ་སྣང་བྱས་ནས་ཁོང་གི་བརྩམས་ཆོས་ལ་བོད་ཀྱི་མཁས་པ་གཞན་དང་མ་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཞིག་སླེབས་ཡོད་པ་རེད།     རིན་པོ་ཆེའི་དགོངས་ཚུལ་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་ཁོང་གི་སྐུ་ཚེ་དང་འབྲེལ་བའི་སྒང་ནས་གསུང་རོགས་གནང་དང༌། 
རིན་པོ་ཆེ།    ཁོང་གིས་དཀའ་ལས་མང་པོ་བསྐྱོན་ནས་རྒྱ་གར་དུ་བཞུགས་པ་རེད།   དཀའ་ལས་བསྐྱོན་ནས་བཞུགས་པ་དེ་ཕལ་ཆེར་མི་རབས་མང་པོ་ཞིག་ལ་བོད་དང་རྒྱ་གར་བར་གྱི་རིག་ལམ་དེ་ལ་ཞིབ་འཇུག་བྱེད་མཁན་ཁྱོན་ནས་མ་བྱུང་བ་དང༌།  ཁོང་གི་ས་ཞིབ་འཇུག་གནང་ཏེ།   བོད་ལ་བསྐྱར་དུ་ཕན་མི་ཡོང་ངམ་དགོངས་འདུག   རྒྱུ་མཚན་དེ་ལ་བརྟེན་ནས།   དཔེར་ན།  ཁྱེད་རང་གིས་གཟིགས་ཡོད་རྒྱུ་རེད།   ལོ་རྒྱུས་གསེར་གྱི་ཐང་མ།   ར་མ་ན།   བོད་དང་རྒྱ་གར་བར་གྱི་འབྲེལ་བ་ཡོད་པའི་སྤྱོད་འཇུག་མདོ་སྔགས་མང་པོ་ནང་གི་རྩ་བ་དེ་དག་གནང་འདུག      ཕལ་ཆེར་དེ་འདྲ་གནང་མཁན་སུ་ཡང་མ་བྱུང་སྟབས།   བོད་ནང་གི་བོད་པ་རྣམས་མི་རབས་མང་
པོ་ཤིག་ལ་ཕྱི་རོལ་ལ་འབྲེལ་བ་མ་བྱུང་བར་བོད་ནང་གི་རིག་གནས་རྐྱང་རྐྱང་ལ་གཟིགས་པ་རེད།   དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཧོབ་ཏེ་ང་ཚོར་འདི་འདྲའི་འབྲེལ་བནའདུག་ཟེར་དུས།   ཁོང་ཚོ་འདྲོགས་པ་ལྟར་བྱུང་བ་རེད་མ་གཏོགས།   དགེ་འདུན་ཆོས་འཕེལ་ལགས་ཀྱིས་སྔ་མོ་དེ་དག་མ་འགྲིགས་པ་རེད་གསུངས་ཀྱི་ཡོད་པ་མ་རེད།    ཧ་ལམ་ང་ཚོར་དེ་འདྲའི་གོ་ལོག་ཐེབས་ཡོད་པ་རེད།  ང་རང་རྩ་བའི་དགེ་འདུན་ཆོས་འཕེལ་ལགས་ལ་ཡིད་ཆེས་གནང་བ་དེ་ག་རེ་ཐོག་ནས་བྱུང་བ་རེད་ཟེར་ན།   དགེ་འདུན་ཆོས་འཕེལ་རིག་གནས་ཐོག་ལ་སྐད་གྲགས་ཆེན་པོ་ཡོད་པ་རེད།   ང་རང་ངོས་ནས་རིག་གནས་ཐོག་སྐྱབས་འཇུག་ཞུས་པ་ཡིན།    རིག་གནས་
སྙན་སུམ་ཐོག་ལ་བཀའ་ཁྲིད་གནང་རོགས་ཞུས་དུས།   ཁོང་གི་ཧོབ་ཏེ་སྙན་སུམ་ཁྲིད་ནས་རིག་གནས་ཤེས་པ་ཡོད་པ་མ་རེད།   ང་ཚོ་བོད་ཀྱི་རིག་ལ་རིགས་མང་པོ་ཡོད་པ་རེད།   རྒྱལ་རབས་དང༌།  རྟོགས་བརྗོད་སོགས་བསླབ་དེ་ནས་གཞི་ནས་རིག་གནས་ཁྲིད་དགོས་འདུག་ཅེས་གསུངས་ནས་ང་རང་ལ་རིག་གནས་སློབ་པའི་བསམ་བློ་དེ་ལྟར་འཁོར་བ་རེད།
དཔལ་ལྡན་རྒྱལ།      རིན་པོ་ཆེ་དགེ་འདུན་ཆོས་འཕེལ་རྒྱ་གར་ལ་ཕེབས་ཏེ་ཕྱི་རྒྱལ་མཁས་པ་མང་པོ་ཞིག་ལ་འབྲེལ་བ་བྱུང་ཡོད་པ་འདྲ།    དེ་འདྲའི་འབྲེལ་བ་བྱུང་དུས་ལས་ཀ་དང་ཁོང་ཚོས་བྱེད་སྟངས་ལ་ཕལ་ཆེར་བློ་ཕམ་བྱུང་ཡོད་པ་འདྲ།   དཔེར་ན་ཁོང་གིས་སྙན་རྩོམ་ཞིག་གི་འདི་ལྟར་བྲིས་འདུག།     གཞན་ཕན་སྙིང་རྗེ་སྣུམ་དང་བྲལ་ན་ཡང༌།   རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས། །  དྲང་པོ་མི་ལ་འཁྱོག་པའི་ལམ་སྟོན་པ།།   སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་མཛོད།    ཞེས་པ་དེ་ལ་བལྟ་དུས་ཕལ་ཆེར་ཕྱི་རྒྱལ་གྱི་མཁས་པ་གཞན་དག་དང་མཉམ་དུས་ཁོང་ལ་འདོད་བློ་མ་ཁེངས་དང་དྲང་པོ་མ་བྱས་འདྲ་བོའི་དགོངས་ཚུལ་ཞིག་ཐོན་འདུག།   དེའི་སྐོར་རིན་པོ་ཆེས་གསུང་རོགས།
  རིན་པོ་ཆེ་   དེ་ཕལ་ཆེར་ལམ་སེང་བཤད་ཁག་པོ་འདྲ་བོ་འདུག   ཡིན་ནའང༌།   ཕྱི་རྒྱལ་གྱིས་མི་རྣམས་ཀྱིས་དགེ་འདུན་ཆོས་འཕེལ་ལགས་ཡོན་ཏན་ཅན་ཡིན་པ་ཤེས།    དེ་ནས་དགེ་འདུན་ཆོས་འཕེལ་ལགས་ལ་གནས་ཚུལ་མང་པོ་བཀའ་འདྲི་བྱས་འདུག།   དགེ་འདུན་ཆོས་འཕེལ་ལགས་གྱིས་གང་ཤེས་པ་དེ་མར་ལབ་འདུག།    ཁོང་གིས་དེ་ལྟར་ལབ་དགོས་པ་ནི་ཁོང་ལ་ཕྱག་རོགས་བྱས་ནས་རང་གིས་བོད་ཀྱི་རིག་གནས་སྐོར་ལ་ཕྱག་ལས་གནང་པར་རོགས་རམ་ཞིག་ཨེ་ཡོང་བསམ་ཡོད་པ་འདྲ།    རོགས་རམ་ཟེར་དུས་དགེ་འདུན་ཆོས་འཕེལ་ལགས་ལ་རིག་པ་དང༌།    བསམ་བློའི་རོགས་པ་དགོས་པ་མ་རེད།  ཕྲན་ཙམ་དཔལ་འབྱོར་གྱི་རོགས་པ་ཡོང་བ་ལ་དགོངས་པ་བཞེས་པ་མིན་ནམ།   དེ་ལ་ཁོང་ཚོས་གང་ཡང་བྱས་མི་འདུག    ཁོང་ནས་ཉན་ཡ་དེ་ཉན།     ཐོ་རྒྱག་དགོས་པ་དེ་ཚོ་ཐོ་རྒྱབ།    དགེ་འདུན་ཆོས་འཕེལ་ལགས་ཀྱིས་གནང་འདོད་ཡོད་པ་དེ་ལ་ཕྱི་རྒྱལ་མི་ཡིས་རཽགས་པ་བྱེད་མ་ཐུབ་དང༌།  དགེ་འདུན་ཆོས་འཕེལ་གྱི་སྐུ་ཡོན་དེ་ལ་ཡོན་ཏན་རང་གཤིས་ཡོད་པ་དེ་ཧ་མ་གོ      དེ་འདྲའི་ཅིག་གིས་ཕྱོགས་གཉིས་ཆ་ནས་ལུས་བསྡད་ཡོད་པ་མ་གཏོགས༌།   ཕྱི་རྒྱལ་ཁྱད་མཚར་ཨེ་ཡིན་བསམ་གྱི་འདུག
དཔལ་ལྡན་རྒྱལ།   འཛམ་གླིང་སྒང་སྤྱི་ཚོགས་གང་འདྲ་ཞིག་ཡིན་ནའང༌།   རྩོམ་པ་པོ་དང་བསམ་བློ་གསར་བ་གཏོང་ཐུབ་མཁན་བྱུང་བ་ཡིན་ན།    ག་དུས་ཡིནཡང་སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་མ་ཐུབ་པའི་དཀའ་ངལ་ཞིག་ཡོང་གི་ཡོད་པ་བཞིན།   དགེ་འདུན་ཆོས་འཕེལ་ལ་ཡང་དེ་འདྲ་དཀའ་ངལ་འཕྲད་དེ།   བོད་ཀྱི་སྤྱི་ཚོགས་ཀྱིས་ཁོང་གི་བསམ་བློ་དང་ལྟ་བ་བློ་ངོར་མ་གཤོངས་བའམ།   ཡང་ན་དང་ལེན་བྱེད་མ་ཐུབ་པའི་དབང་གིས་ཁོང་ལ་ཁེར་རྐྱང་ཡིན་པའི་སྣང་བ་ཞིག་བྱུང་ཡོད་པ་འདྲ།   དཔེར་ན་ཁོང་གི་སྙན་རྩོམ་ཐོར་བུ་ཞིག་ཏུ།ཕྲག་དོག་ཁྲག་གིས་མྱོས་པའི་ཨུ་ཚུགས་སྟག།    འཇིགས་པའི་ང་རོ་སྒྲོགས་པའི་ཚང་ཚང་ནང༌།།    གཅིག་པུར་ལུས་པའི་བདེན་པའི་བུ་ཆུང་ང༌།     ཤེས་རབ་ཅན་གྱི་སྙིང་རྗེ་ཡུལ་ཏུ་དགོངས།།    ཞེས་པ་དེ་བལྟ་དུས་ཁོང་ལ་ཁེར་རྐྱང་ཡིན་པའི་ཚོར་བ་ཤུགས་དྲག་པོ་འབྱུང་ཡོད་པ་བསམ་གྱི་
འདུག།       སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་འོག་དེ་འདྲའི་ཚོར་བ་སྐྱེས་དགོས་པའི་སྐོར་ལ་རིན་པོ་ཆེས་གསུང་རོགས་གནང༌།
རིན་པོ་ཆེ།        དེ་ངས་གསལ་བོར་ཞུ་ཐུབ་གྱི་འདུག།     གངཡིན་ཟེར་ན།   ཁོང་གིས་ལོ་བཅུ་གཉིས་རིང་སྐུ་ལས་བསྐྱོན་པ་དེ།    བར་སྐབས་ཤིག་ལ་བོད་དང་རྒྱ་གར་བར་ལ་འབྲེལ་བ་ཁྱོན་ནས་མ་བྱུང་བ་རེད།    དེ་ལྟར་རྒྱ་གར་གྱི་གནས་ཚུལ་དང༌།   མཁས་པ་བཅས་ལ་གོ་རྟོགས་དང་ངོ་ཤེས་འདྲ་འབྱུང་ཨེ་ཐུབ།    དེ་འདྲའི་དགེ་འདུན་ཆོས་འཕེལ་ལགས་ལ་མཐོང་ཚུལ་བྱུང་འདུག    ཡིན་ནའང་དགེ་འདུན་ཆོས་འཕེལ་གྱི་ལོ་ངོ་བཅུ་གཉིས་རིང་ཕྱག་ལས་གནང་པ་དེ་ད་ལྟ་བོད་ནས་འདོན་པའི་དེབ་དེ་ཚོ་ལགཟིགས་ན།      དེ་ཚོས་ཁ་གྲགས་ཡོང་གི་རེད།   ཕྱག་ལས་དེ་འདྲ་གནང་ཐུབ་མཁན་དེང་སང་སུ་གང་ཡང་བྱུང་ཡོད་པ་མ་རེད།   དགེ་འདུན་ཆོས་འཕེལ་
ཀྱིས་དཀའ་ལས་དེ་འདྲ་ཞིག་བསྐྱོན།  བཙོན་ཁང་ནང་ནས་དཀའ་ལས་མྱོང༌།     དེ་ནས་བཙོན་ཁང་ནས་ཐོན་ཡོང་དུས།   དགེ་འདུན་ཆོས་འཕེལ་ལགས་ཀྱིས་བརྩམས་གནང་བ་དེ་དག་སུས་ལག་པར་ཡོད།   སུས་ཉར་ཡོད་ཁྱོན་ནས་ཧ་གོ་ཡོད་པ་མ་རེད།    ངས་བསམ་པར་དེ་དག་ཚང་མ་མེད་པར་ཆགས་པ་རེད་བསམས་ནས་མ་དགའ་བ་ཆེན་པོ་དང༌།   སྡུག་བསྔལ་ཆེན་པོ་བྱུང་སོང༌།   ངས་ལོ་འདི་དག་ལ་ད ཀའ་ལས་རྒྱབ་པ་ཚང་མ་མེད་པར་ཆགས་སོང་དགོངས་པ་བྱུང་ཡོད།     གང་ལྟར་ཉིན་ཁ་ཤས་རྗེས་ང་ཁོང་ལ་མཇལ་དུས་ངས་འདི་ཞུས་པ་ཡིན།   ཁྱེད་རང་དཀའ་ལས་དེ་འདར་བསྐྱོན་པ་རེད།   བཙོན་ཁང་ནང་དུ་ཕེབས་ནས་དཀའ་ལས་འདི་འདྲ་ཞིག་
གནང་བ་རེད།      ང་རང་ཧ་ཅང་བློ་ཕམ་བྱུང་ཟེར་དུས།   ཁོང་མཁས་པ་ནི་མཁས་པ་རང་རེད།   ང་ལ་འདི་གསུངས་ཀྱི་འདུག།    ཁྱེད་རང་གིས་སེམས་ཁྲེལ་མ་བྱེད།   ལུང་བ་ཁ་བྱང་བལྟ་ཞིག་གི་ནང་མེ་ཏོག་སྙིང་རྗེ་བོ་ཞིག་སྐྱེས་པ་རེད།     མེ་ཏོག་དེ་ལ་མིག་བལྟ་མཁན་མ་བྱུང་བ་རེད།    མེ་ཏོག་དེ་ལ་དྲི་མ་སྣོམ་མཁན་མ་རེག་པ་རེད།   ཁོང་ལུང་བ་ཁ་བྱང་དེ་རུ་སྐམ་སོང་བ་རེད།  ངའི་གནས་ཚུལ་དེ་འདྲ་ཞིག་ཡིན།   ང་ལ་དེ་གསུངས་སོང༌།   ཁོང་གིས་མཐའ་ཚིག་ཟེར་ན་
རྗེས་རྗེས་དེ་དེ་རེད།
དཔལ་ལྡན་རྒྱལ།     སྐབས་དེར་དགེ་འདུན་ཆོས་འཕེལ་ལགས་བཙོན་ཁང་ནང་དུ་འཇུག་དགོས་པའི་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་པའི་སྐོར་ལ་འགྲེལ་བརྗོད་ཅིག་གནང་རོགས།
རིན་པོ་ཆེ།     བཙོན་ཁང་དུ་འཇུག་དགོས་པ་དེ་དང་པོ་ཁོང་ཚོ་སྤོ་མདའ་ཚང་ཨ་བོ་རབ་དགའ་དང་ཁོང་ཚོ་ལ་རྙོག་དྲ་ཞིག་འདུག་པ་དེའི་ཐོག་ནས་རེད།   དེ་དུས་བོད་དུ་ཁོང་ཚོས་འདི་ལབ་པ་རེད།   དགེ་འདུན་ཆོས་འཕེལ་ལགས་ཀྱིས་དངུལ་ལོར་རྫུན་མ་བཟོ་རྒྱུ་བྱས་པ་རེད།རྒྱ་གར་དུ་རྫུན་མ་བཟོས་པ་རེད།         དེ་ལ་ཁག་བཞག་ནས་བཙོན་ཁང་དུ་བཅུག་སོང༌།    རྗེས་སུ་ཕར་བྱས་ཚུར་བྱས་དགེ་འདུན་ཆོས་འཕེལ་ལགས་གུང་ཁྲན་རེད་ཟེར་བ་མ་ཟད།    ང་དང་ངའི་གཉེན་ཉེ་དགེ་འདུན་ཆོས་འཕེལ་གྱི་ཕྱག་ཏུ་ཡོད་པའི་དེབ་དེ་ཚོ་བལྟ་རུ་ཕྱིན་པ་རེད་ཟེར་བའི་སྐད་ཞིག་དཀྲོགས་པ་རེད།   དེ་དུས་ངས་གུང་ཁྲན་ཟེར་བ་ག་རེ་ཡིན་མིན་ཤེས་ཀྱི་མེད།   དེ་འདྲའི་ལྟ་བའི་སྐོར་ལ་གང་ཡང་ཤེས་ཀྱི་མེད།    ཡིན་ནའང་ཁོང་ཚོས་དེ་འདྲའི་སྐད་ཆ་དཀྲོགས་ནས་དགེ་འདུན་ཆོས་འཕེལ་ལགས་གུང་ཁྲན་ཡིན་པའི་རྒྱུ་མཚན་མང་པོ་བཀོད་པ་རེད།
དཔལ་ལྡན་རྒྱལ།   དགེ་འདུན་ཆོས་འཕེལ་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་མི་རིགས་དང༌།    རང་གི་རྒྱལ་ཁབ་ལ་བསམ་བློ་གཏོང་མཁན་དང༌། ཤ་ཞེན་ཡོད་པའི་མཁས་དབང་ཞིག་ཡིན་པ་མ་ཟད།      ཁོང་རྒྱ་གར་ལ་ཕེབ་ནས་རྒྱ་གར་གྱི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་མཁྱེན་རླབས་ཡོད་པ་དང༌།    སྤྱིར་བཏང་ནུབ་ཕྱོགས་སྤྱི་ཚོགས་ཀྱི་འགྲོ་སྟངས་ལའང་མཁྱེན་རྒྱ་ཅུང་ཡོད་པ་རེད།   དེར་བརྟེན་ཁོང་ལྷ་སར་ཕེབས་དུས་བོད་སྤྱི་ཚོགས་ཀྱི་གནས་སྟངས་དང༌།   ཆབ་སྲིད་ཀྱི་ལམ་ལུགས་སོགས་ལ་ཏན་ཏན་བསམ་བློ་ཞིག་བཏང་ཡོད་རྒྱུ་རེད།   དེ་དུས་དགེ་འདུན་ཆོད་འཕེལ་གྱིས་བསམ་ཚུལ་ག་འདྲ་ཞིག་འཁྱེར་གྱི་ཡོད་པ་རེད་དམ།
རིན་པོ་ཆེ།    ངས་ཤེས་པ་དེ་དགེ་འདུན་ཆོས་འཕེལ་ལགས་ནང་བ་རྣམ་པར་དག་པ་ཞིག་ཡིན་པ་ཤེས་ཀྱི་ཡོད།   དེའི་་རྒྱུ་མཚན་ནི་དགེ་འདུན་ཆོས་འཕེལ་ལགས་ཀྱི་བརྩམས་གནང་བའི་དེབ་དེ་དག་ལ་གཟིགས་དང༌།     སངས་རྒྱས་ཀྱི་གནས་ཆེན་སྐོར་ཀྱི་དེབ་དེ་གཟིགས་དང་སངས་རྒྱ་བཅོམ་ལྡན་འདས་ལ་དད་པ་ག་ཚོད་ཡོད་མེད་དེ་ག་རང་ནས་ཧ་གོ་བ་འདུག    ངས་མང་པོ་བཤད་དགོས་པ་མི་འདུག    དེ་འདྲའི་ཧ་ལས་དགོས་ང་ཚོའི་མཁས་གྲུབ་སུ་གང་གིས་བརྩམས་ཐུབ་ཡོད་པ་མ་རེད།
དཔལ་ལྡན་རྒྱལ།       སྐབས་དེར་དགེ་འདུན་ཆོས་འཕེལ་ལྟ་བ་ལོག་པ་རེད་ཟེར་བ་དང༌།   གུང་ཁྲན་རེད་ཟེར་བ་སོགས་སྐྱོན་འཛུགས་མང་པོ་བྱས་ཡོད་པ་རེད།     སྤྱིར་བཏང་ང་ཚོའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ལྟ་བ་གསར་བ་ཞིག་དང༌།    སྔོན་བྱོན་མཁས་དབང་རྣམས་ཀྱི་གསུང་མ་མྱོང་བའི་ཞིག་གསུངས་བ་ཡིན་ན།   དེ་འགོག་ཐབས་བྱེད་པ་དེ་ང་ཚོའི་བོད་ཀྱི་མཁས་དབང་མང་པའི་གཤིས་ཀ་ཆགས་ཡོད་པ་འདྲ་བོ་མཐོང་གི་འདུག       རྩ་བའི་དགེ་ཆོས་མཆོག་གིས་བརྩམས་ཆོས་དེ་དག་ཀློག་སྐབས།      ཁོང་གི་བརྩམས་ཆོས་དག་ལ་བོད་ཀྱི་སྤྱི་ཚོགས་དང༌།   མཁས་དབང་ཁག་ཅིག་རྒྱུས་ལོན་བྱེད་མ་ཐུབ་པའི་དབང་གིས་ཁོང་ལ་དཀང་ངལ་ཞིག་འཕྲད་པ་འདྲ།      སྐབས་དེར་དགེ་ཆོས་མཆོག་གིས་བོད་མི་རིགས་དང་རྒྱལ་ཁབ་ལ་ཁ་ཚ་དགོས་གཏུགས་གི་དགོངས་པ་ག་འདྲ་ཞིག་བཞེས་ཡོད་པ་རེད་བསམ་གྱི་འདུག
རིན་པོ་ཆེ།    སྐབས་དེར་དགེ་འདུན་ཆོས་འཕེལ་ལགས་ཀྱིས་རྩ་ཆེ་ཤོས་དེ་བོད་ཀྱི་རིག་གནས་དང༌།   རྒྱ་གཞུང་བོད་གཞུང་སྐོར་རེད། དེ་ངས་ཏག་ཏག་ཤེས་ཀྱི་ཡོད།   སྲིད་དོན་ཀྱི་སྐོར་ལ་ཁོང་གི་ཐུགས་བློ་ནི་ང་ཚོ་རྗེས་ལུས་ཐེབས་ཡོད་པ་ཞིག་ལ་ཏན་ཏན་ཐུགས་སེམས་གནང་གི་འདུག     དེ་དུས་ང་ཚོ་གཞོན་གཞོན་རེད།  སྐབས་དེར་དགེ་འདུན་ཆོས་འཕེལ་ལགས་ལ་ང་ཚོ་བོད་ཡར་རྒྱས་འགྲོ་བར་ཅི་འདྲ་བྱས་ན་དགའ་ཞེས་བཀའ་འདྲི་ཞུས་དུས།      ང་ལ་ནི་དེ་ཁག་པོ་རེད་གསུངས་སོང༌།   སྲིད་དོན་ཡར་རྒྱས་འགྲོ་བ་དང་ང་ཚོའི ལུང་བ་དེ་ཉིན་མ་གཅིག་ལ་བརྗེ་བོ་རྒྱག་རྒྱུ་ཁག་པོ་རེད།   སྲིད་དོན་ཡར་རྒྱས་འགྲོ་བར་སྔོན་ལ་འགྱུར་ལྡོག་དང་འཇིགས་པ་ཧ་ལས་པ་ཞིག་མ་བྱུང་བར་དུ་ང་ཚོའི་གནས་ཚུལ་འདིར་འགྱུར་བ་འགྲོ་ཐུབ་ཀྱི་མ་རེད།   དེ་ལས་སྔོན་ལ་ཁྱོད་ཀྱིས་དཔེ་ཆ་ཡག་པོ་བལྟས།  དེ་ནས་རྒྱ་གར་ལ་ཕྱིན༌།    སཾ་སྐྲིཊ་སྐད་ཅུང་སྦྱངས་རྒྱུ་དང༌།   རིག་གནས་ལ་སྦྱོང༌།   རིག་གནས་ཟེར་བ་དེ་དེང་སང་བོད་ལ་ཉམས་པའི་གནས་སྐབས་རེད།  དེང་སང་མང་ཆེ་བ་ལྟ་བ་དང༌།    སྒོམ་པ།    སྤྱོད་པའི་ཐོག་ལ་ཕྱིན་པ་མ་གཏོགས༌།    ཆོས་ཕྱོགས་ཀྱི་རྩོམ་རིགས་སྐྱོ་བོ་ཆགས་འདུག   དེའི་ཐོག་ལ་ཁྱོད་ཀྱི་བསམ་བློ་བཏང་ནས་རྗེས་མ་གང་ལ་ཕྱིན་ཀྱང༌། སཾ་སྐྲཊ་དང་པ་ལི་སྐད་བསླབ་ན་ཕན་ཐོགས་པ་འདུག    རྩོམ་རིག་དེ་ང་ཚོས་ཆོས་ཀྱི་ལྟ་བ་མཐོ་བོ་དང་དམའ་བོ་གཉིས་ཀྱི་ཐོག་ནས་གོ་རྟོགས་འཕེལ་བར་ཞེ་དྲག་ཡག་པོ་འདུག   དེ་སེམས་ལ་བཞག་རོགས༌།   ང་ལ་གསུངས་སོང༌། དྲང་བོ་བཤད་ན་དེ་དུས་ངས་ཤེས་ཀྱི་ཡོད་པ་མ་རེད།   རིག་གནས་ཟེར་དུས་ང་ཚོས་སུམ་རྟགས་དང་སྙན་ངག་མ་གཏོགས་མཐོང་གི་ཡོད་མ་རེད།   གང་ལྟར་ག་རེ་ཡིན་ན་མིན་ན་དགེ་འདུན་ཆོས་འཕེལ་ལགས་ཀྱི་དགོངས་པ་བཞེས་སྟངས་ཏེ་བོད་སྤྱི་ལ་དཔེ་མི་སྲིད་པའི་དགོངས་པ་རྒྱུ་ཆེན་པོ་རེད།   འདི་ངས་བརྒྱ་ཆའི་བརྒྱ་ཐམ་པ་བཤད་ཐུབ་ཀྱི་ཡོད། ཆོས་ཕྱོགས་ནས་བཤད་ན།   མི་མང་པོས་དགེ་འདུན་ཆོས་འཕེལ་ལགས་གུང་ཁྲན་རེད་ཟེར་གྱི་ཡོད་པ་རེད།   དེ་ཁྱོན་ནས་མ་རཻད།    མི་མང་པོས་དགེ་འདུན་ཆོས་འཕེལ་ལགས་རྙིང་མ་རེད་ཟེར་ནས་དགེ་ལུགས་པས་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད།   རྩ་བ་ནས་མ་རེད།   ཡིན་ནའང་ཁོང་ལ་ལྟ་བ་ཞིག་ཡོད་པ་རེད།    ཁོང་གི་ལྟ་བ་དགོངས་སྟངས་ང་ཚོས་ཚོད་འཛིན་ཐུབ་ཀྱི་མི་འདུག   དེ་དུས་དགེ་འདུན་ཆོས་འཕེལ་ལགས་ཀྱི་ལྟ་བ་དེ་འགྲིག་གི་རེད་མ་རེད་ཟེར་བ་དེ་ང་ཚོས་ལབ་ཐུབ་ཀྱི་མརེད།   དེ་ཁོ་རང་ཁོ་རང་གི་ལྟ་བའི་ཐོག་དགོངས་པ་ཞིག་ཡོད་ཀྱི་རེད།  མ་གཞི་ངས་དགེ་ངདུན་ཆོས་འཕེལ་ལགས་ཀྱི་ལྟ་བའི་སྐོར་ཞུ་ཤེས་ཀྱི་མི་འདུག   ཁོང་གི་ལྟ་བའི་དགོངས་པ་དེ་ནི་ཕྱི་རོལ་བའི་ལྟ་བ་ནི་མ་རེད།   ང་ཚོས་འཆར་ཅན་བཤད་བསྡད་པའི་ནང་བའི་ལྟ་བ་དང་ཕྲན་ཙམ་མི་འདྲ་བར་ཁོང་གིས་ཕྱི་ནང་གཉིས་ཀྱི་ལྟ་བ་ཡག་པོ་མཁྱེན་སྟབས།    ཁོ་རང་ཁོ་རང་གི་དགོངས་ཚུལ་ཞིག་བྱས་ནས་དེ་ང་ཚོ་བོད་པ་མང་པོ་ཞིག་གིས་ཧ་མ་གོ་བར་ལུས་ནས་བསྡད་པ་ཡིན་པ་འདྲ་བསམ་གྱིན་འདུག
དཔལ་ལྡན་རྒྱལ།      རིན་པོ་ཆེ་ ༡༩༩༥ ལོར་རྡ་རམ་ས་ལར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་
གཞུང་ཞིབ་འཇུག་ཁང་གིས་གོ་སྒྲིག་བྱས་ཏེ།  བོད་ཀྱི་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་ཆེན་དང་པོ་འཚོགས་དུས།   རིན་པོ་ཆེ་ཡིས་དགེ་འདུན་ཆོས་འཕེལ་བཙོན་ཁང་ནས་ལྷོད་དུས་བར་སྐོར་ནང་དུ་མཇལ་སོང་གསུངས་བ་ཞིག་དྲན་གྱི་འདུག   དེ་དུས་དགེ་འདུན་ཆོས་འཕེལ་ལ་མཇལ་སྐབས་ཁོང་གི་བཟོ་བལྟ་ག་འདྲ་ཞིག་ཆགས་ཡོད་པ་དང་ཚོར་སྣང་ག་རེ་བྱུང་སོང༌།
རིན་པོ་ཆེ།    ཚོར་བ་དཔེ་མི་སྲིད་པའི་སྐྱོ་བོ་བྱུང༌།     ངས་དགེ་འདུན་ཆོས་འཕེལ་ག་དུས་བཙོན་ཁང་ནས་ཐར་ཡོང་བསམ་ནས་བསྡད་ཡོད་པ་རེད།      ཉིན་ཞིག་ཧོར་ཁང་དགེ་བཤེས་༌།   དགེ་འདུན་ཆོས་འཕེལ་གྱི་གྲོགས་པོ་ཡོད་ན་མེད་ན་རེད།  ཁོང་གིས་ང་ལ་ལན་སྐྱེལ་བྱུང༌།   དགེ་འདུན་ཆོས་འཕེལ་བཙོན་ཁང་ནས་ཐར་བྱ་ཟེར་གྱི་འདུག     གང་དུ་བཞུགས་འདུག་ཟེར་དུས།   འདི་བ་བཞུགས་འདུག་ཟེར།    ང་སང་ཉིན་དེ་རང་ལ་མཇལ་དུ་ཕྱིན་པ་ཡིན།      མཇལ་དུ་ཕྱིན་དུས་ཉིན་གུང་ཙམ་རེད།     བཙོན་ཁང་ནས་ཐར་ནས་ཉིན་གཉིས་གསུམ་མ་གཏོགས་སོང་ཡོད་པ་མ་རེད།   ཁོང་གི་སྐུ་མདུན་དུ་ཨ་མདོ་བ་ཁ་ཤས་འདུག    དགེ་འདུན་ཆོས་འཕེལ་གྱི་ཞལ་རས་སྐྱོ་བོ་དང༌།    དབུ་སྐྲ་ཕལ་ཆེར་དཔུང་པའི་སྒང་སླེབས་ཡོད་པ་དང༌།     ན་བཟའ་མདོག་སྐྱ་སྨུག་དེ་འདྲ་ཞིག་མཆོད་བྱ།    དེར་ཨ་མདོ་བ་གསུམ་བཞི་ཞིག་འདུག     དེ་ནས་ང་ཡར་ཕྱིན་ལམ་སེང་ཕྱག་འཚལ།    འཁྱུག་ཙམ་ལ་ང་སྐད་ཐོན་མ་སོང༌།   དེ་ནས་ངས་འདི་ལྟར་ཞུས་པ་ཡིན།      དགེ་འདུན་ཆོས་འཕེལ་ལགས་བར་ལམ་སྐུ་ཉེས་པོ་བྱུང་སོང༌།    དེ་མ་གཏོགས་ཁ་ནས་ཐོན་མ་སོང༌།  འཁྱུག་ཙམ་ཁོང་གིས་གང་ཡང་གསུང་གི་མི་འདུག     དེ་ནས་ཁོང་གིས་ཤོག་གུ་ཐེབས་ཅག་ཞིག་གི་སྒང་རྗེ་བཙུན་སྒྲོལ་མའི་སྐུ་ཞིག་བྲིས་འདུག་པ་དེ་བསྟན་ནས།    འདི་ཡིན་ད།   ང་རང་བཙོན་ཁང་ནང་དུ་བསྡད་དུས་སེམས་སྐྱོ་དུས་སྐྱོ་རོགས་འདི་ཡིན།     ང་བཙོན་ཁང་ནང་བསྡད་རིང་སྒྲོལ་མ་འབུམ་གཅིག་ཉུང་མཐར་ཡང་བཏོན་ཡོད་གསུངས་གྱི་འདུག       དེ་ནས་མང་པོ་ཞུ་ཐུབ་མ་སོང༌།      རྗེས་ནས་དགེ་འདུན་ཆོས་འཕེལ་ལགས་ལ་ཐུགས་རྗེ་གཟིགས་ང་ད་དུང་བསྐྱར་དུ་མཇལ་གྱི་ཡིན་ཞུས་པ་ཡིན།    ང་ལ་ཐུག་མ་བདེ་བ་མི་འདུག་གམ་གསུངས་ཀྱི་འདུག      ང་མ་བདེ་བ་གང་ཡང་མི་འདུག་ཞུས་པ་ཡིན།   དེ་ནས་ཟླ་བ་ཁ་ཤས་རྗེས་ཉིན་ཞིག་ང་ཕར་འགྲོ་དུས་དགེ་འདུན་ཆོས་འཕེལ་ལགས་ཨ་མདོ་བ་གཉིས་དང་མཉམ་དུ་ཕེབས་ཀྱི་འདུག     ཁོང་གི་དབུ་ཞྭ་མཆོད་འདུག།     ལམ་སེང་ཁོང་གིས་ང་ལ་མི་ཟེར་བ་འདི་སྐྱོ་བོ་ཆགས་དུས་གྲོགས་པོ་ཚང་མ་རྒྱང་ནས་བྲོས་འགྲོ་གི་འདུག་ཟེར།       ངས་དགེ་འདུན་ཆོས་འཕེལ་ལགས་ལ་ཐུགས་རྗེ་གཟིགས་ང་དེ་འདྲའི་རྩ་བ་ནས་མིན།   ཐུགས་རྗེ་གཟིགས་ཡང་ནས་ཡང་དུ་བཅར་གྱི་ཡིན་ཞུས་པ་ཡིན།
 
དཔལ་ལྡན་རྒྱལ།    དེའི་རྗེས་ནས་རིན་པོ་ཆེ་དགེ་འདུན་ཆོས་འཕེལ་ལ་མཇལ་རྒྱུའི་གོ་སྐབས་རག་སོང༌།
རིན་པོ་ཆེ།     དེ་ནས་ཐེངས་གཉིས་མཇལ་སོང༌།   དེ་དུས་དགེ་འདུན་ཆོས་འཕེལ་ལགས་ལ་ཐུགས་རྗེ་གཟིགས་རྒྱ་གར་ལ་ཕེབས་རོགས་གནང་ཞུས་པ་ཡིན།    འདིར་བཞུགས་ན་ཆོད་མི་འདུག     ལྷ་ས་རུ་མ་བཞུགས་རོགས་གནང༌།    རྒྱ་གར་ལ་ཕེབས་རོགས།   དེ་དུས་ང་རང་ཡང་རྒྱ་གར་ལ་འགྲོ་གྲབས་ཡོད།   དགེ་འདུན་ཆོས་འཕེལ་ལགས་འདིར་བཞུགས་ན་ཕྱག་ལས་གང་ཡང་ཡོང་བའི་བཟོ་བལྟ་མཐོང་གི་མི་འདུག     ང་རང་ཡང་རྒྱ་གར་ལ་འགྲོ་རྩིས་ཡོད།      རྒྱ་གར་ལ་ཕེབས་རོགས་གནང་ཞུས་པ་ཡིན།      འགྲོ་རྩིས་ཡོད་ཟེར་བ་མ་གཏོགས་གཞན་གང་ཡང་གསུང་གི་མི་འདུག     ང་ཚོའི་རེ་བར་ཡང་ཕེབས་ན་བསམ་སོང༌།    དེ་འདྲ་ཞིག་རེད།    དེ་མིན་ལོ་རྒྱུས་འདྲ་བོ་ཙག་ཙིག་མང་པོ་ཞིག་ཡོད་དེ་དག་ཞུས་ཚར་གི་མ་རེད།  
དཔལ་ལྡན་རྒྱལ།       དགེ་འདུན་ཆོས་འཕེལ་མཆོག་དགོངས་པ་རྫོགས་དུས་རིན་པོ་ཆེ་རྒྱ་གར་དུ་བཞུགས་ཡོད་པ་འདྲ།    སྐབས་དེར་ཧོར་ཁང་དགེ་བཤེས་ཀྱིས་རིན་པོ་ཆེར་ཕྱག་ཡིག་ཞིག་ཕུལ་དུས༌།      དགེ་འདུན་ཆོས་འཕེལ་མཆོག་དགོངས་པ་རྫོགས་ཡོད་པ་ཐོས་པ་རེད།    ཕྱག་ཡིག་དེའི་ནང་དགོངས་པ་རྫོགས་པའི་གནས་ཚུལ་མ་གཏོགས་གནས་ཚུལ་གཞན་བཀོད་ཡོད་དམ།       སྤྱིར་དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་རིག་གཞུང་སེམས་ཁྲལ་དང་ཕྱག་ལས་མང་པོ་གནང་ཡོད་པ་དང༌།        རིན་པོ་ཆེ་དང་དགེ་ཆོས་བར་ལ་དགེ་སློབ་ཀྱི་འབྲེལ་བ་ཡོད་པ་རེད།    དགེ་ཆོས་དགོངས་པ་རྫོགས་་སོང་ཟེར་བ་ཐོས་སྐབས་སེམས་སུ་ཚོར་བ་ག་འདྲ་ཞིག་བྱུང་སོང༌།
རིན་པོ་ཆེ།    ང་ཚོར་བ་ཁྱད་མཚར་བོ་ཞིག་བྱུང་སོང༌།     ཧོར་ཁང་ཇོ་ལགས་ཀྱི་ཡི་གེ་དེ་མ་འབྱོར་གོང་ལ་རྨི་ལམ་ཞིག་བཏང་སོང༌།   ད་དེང་སང་མི་ཚོ་གནས་ཚུལ་འདི་དང་མཐུན་གི་མི་འདུག       དགོང་མོ་འཛམ་གླིང་རིལ་རིལ་ཡིན་པ་ཟླ་དཀར་འདྲ་བོ་སྨུག་པ་འདྲ་བོ།སེམས་སྐྱོ་བོ་ཞིག་འདུག     དེའི་སྒང་ལ་དགེ་འདུན་ཆོས་འཕེལ་ལགས་དང་ངེད་གཉིས་འདུག   དགེ་འདུན་ཆོས་འཕེལ་ལགས་ཀྱིས་ང་ག་དུས་ཡིན་ཡང་སྐུ་ཞབས་གསུངས་ཀྱི་རེད།     ཁོང་གིས་སྐུ་ཞབས་བལྟས་དང༌།   ང་ཟླ་དཀ ར་ཕར་ཕྱོགས་སུ་འགྲོ་རྒྱུ་ཡིན།    ཟླ་དཀར་ཕར་ཕྱོགས་དེ་འཛམ་གླིང་ཕར་ཕྱོགས་ཡིན་པ་ཏན་ཏན་བཤད་རྒྱུ་མི་འདུག        གང་ལྟར་རིལ་རིལ་གཞན་དེ་ལ་འགྲོ་རྒྱུ་ཡིན་གསུངས་སོང༌།   ཁྱད་མཚར་དེ་ལ་སྨུག་པ་འཐིབས་འདུག་པ་བལྟ་དུས་ང་རང་ཡང་སེམས་སྐྱོ་བོ་ཞིག་བྱུང་བ་དང༌།  དེའི་ཕྱི་ཉིན་ཡིན་ན་ནངས་ཉིན་ཡིན་ན།    ཧོར་ཁང་ཇོ་ལགས་གི་ཡི་གེ་འབྱོར་སོང༌།   དགེ་འདུན་ཆོས་འཕེལ་དགོངས་པ་རྫོགས་སོང༌།    ཁོ་རང་སྐུ་ཞེ་དྲག་བསྙུང་བྱུང༌།    དགེ་འདུན་ཆོས་འཕེལ་ལ་སྙུང་བཞེས་དུས་ཟླ་བ་བཟང་པོས་གཟན་འོག་ཏུ་བཞེས་རག་ཁྱེར་ཡོང་གི་འདུག།    ང་ཚོས་དེ་ལྟར་མ་བྱེད་ཞེས་བཤད་པ་ཡིན།    ཁྱོན་ནས་ཉན་གྱི་མི་འདུག   དེ་ལྟར་སྐུ་གཟུགས་སྐྱོ་བོ་བྱས་ནས་གྲོངས་སོང༌།  དགོངས་པ་མ་རྫོགས་གོང་ལ་འདི་འདྲ་ཞིག་གསུངས་སོང༌།    སང་ཉིན་ནངས་ཉིན་དགོངས་པ་རྫོགས་པ་ཡིན་ན་རྟེན་འབྲེལ་བསྟོད་པ་སྐྱོར་རོགས་གསུངས་བྱ།  དེ་ནས་གསན་གྱིན་གསན་གྱིན་དགོངས་པ་རྫོགས་སོང་ཟེར་བ་ཞིག་གསུངས་བྱ།         རྣམ་ཐར་གཞན་པ་ཞིག་གི་ནང་མ་མཐུན་པ་ཅུང་འདུག་བདེན་པ་སུ་ཡིན་མིན་ངས་ཧ་གོ་གི་མ་རེད། 
དཔལ་ལྡན་རྒྱལ།     རིན་པོ་ཆ་ལ་དྲི་བ་མཐའ་མ་ཞུས་ཀྱི་ཡོད།   དགེ་འདུན་ཆོས་འཕེལ་མཆོག་དུས་རབས་འདིའི་ནང་དུ་ང་ཚོའི་བོད་ཀྱི་རིག་གཞུང་དང་བོད་ཀྱི་རྩོམ་རིག་སྐོར་ལ་མཛད་རྗེས་ཆེ་ཤོས་ཀྱི་མཁས་དབང་ཞིག་རེད།   བརྩམས་ཆོས་ཀྱང་མང་པོ་ཞིག་ང་ཚོ་མི་རབས་རྗེས་མ་རྣམས་ལ་ལག་སྐྱེས་ཚུལ་དུ་བཞག་ཡོད་པ་རེད།    དགེ་འདུན་ཆོས་འཕེལ་མཆོག་གིས་ང་ཚོའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་ལ་མཛད་རྗེས་ག་འདྲ་ཞིག་བཞག་ཡོད་པ་ངོས་འཛིན་གནང་གི་ཡོད།
རིན་པོ་ཆེ།        རྩོམ་རིག་སྒང་ལ་དཔེ་མི་སྲིད་པའི་མཛད་རྗེས་ཆེན་པོ་རེད།          དགེ་འདུན་ཆོས་འཕེལ་ལགས་ཀྱིས་རྩོམ་རིག་སྒང་མཛད་རྗེས་ཆེན་པོ་ཡིན་པ་དེང་སང་བོད་ནས་ཕེབས་པ་མང་པོ་ཡོད་པ་རེད།   འདི་ཕྱོགས་རྒྱ་གར་དུ་ཡོད་པ་དེ་ཚོ།         ང་རྒྱ་གར་ལ་ལོ་གཉིས་ཙམ་ལ་དཔེ་ཆ་ཁྲིད་དུ་ཕྱིན་པ་ཡིན།    ཚང་མས་དགེ་འདུན་ཆོས་འཕེལ་ལགས་ཀྱི་དགོངས་པ་ག་འདྲ་ཡོད་པ།    བསམ་བློ་གཏོང་སྟངས་ག་འདྲ་ཡོད་པ་སྐད་ཆ་འདྲི་གི་འདུག   དགེ་འདུན་ཆོས་འཕེལ་གྱིས་གནང་བའི་ཕྱག་ལས་དེབ་གསུམ་མ་གཏོགས་ཡོད་པ་མ་རེད་དེ།   དེའི་ཐོག་ནས་མི་དེ་ཚོའི་ཁོང་ནང་བཞིན་བྱེད་དགོས་པ་དང༌།  ང་ཚོའི་ལས་ཀ་གསར་བ་ཡིན་ན་བོད་ཀྱི་རིག་གནས་དང་བོད་ཀྱི་ཤེས་རིག་ཐོག་བྱེད་དགོས་པ་རེད་ཟེར་བའི་སེམས་ཤུགས་ཚང་མ་སླེབས་འདུག    འདི་ནི་ངས་རང་དགར་བཤད་པ་མིན།   དེང་སང་བོད་ནས་འབྱོར་བ་ཡིན་ན།    རྒྱ་གར་ནང་ཡོད་པ་ཡིན་ན།     ཚང་མས་རིག་གནས་ཐོག་ཡར་རྒྱུས་གཏོང་གི་ཡིན་ཟེར་བའི་སྐད་ཆ་ཞིག་ཡོད་པ་རེད།     དེ་ག་དུས་བཤད་ན་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གསུངས་པའི་ཐོག་ལ་སླེབས་ཡོང་གི་འདུག།    དེར་བརྟེན་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བརྩམས་ཆོས།     ཐ་ན་འདོད་པའི་བསྟན་བཅོས་ཡན་ང་ཚོས་བདག་པོ་རྒྱག་དགོས་པ་ཞིག་དང༌།      ཁོང་གིས་དཀའ་ལས་བསྐྱོན་པ་བར་སྐབས་ཚིགས་བཅད་གཅིག་ཡིན་ནའང་བདག་པོ་རྒྱག་དགོས་པ་ཞེ་དྲག་གནད་འགག་ཆེན་པོ་རེད།
དཔལ་ལྡན་རྒྱལ།  དུས་རབས་འདིའི་ནང་དུ་བྱུང་བའི་མཁས་དབང་ཆེན་པོ་དགེ་འདུན་ཆོས་འཕེལ་མཆོག་གི་སྐུ་ཚེ་དང་ཁོང་གི་བརྩམས་ཆོས་སྐོར་ལ་དེང་སང་སིད་སི་གནས་བཞུགས་རག་ར་རིན་པོ་ཆེ་ཡིས་ང་དང་མཉམ་དུ་བཀའ་མོལ་གནང་བར་ཐུགས་རྗེ་ཆེ་ཞུ།
རིན་པོ་ཆེ།   ཡ   ལགས་སོ།   ཐུགས་རྗེ་ཆེ་གནང༌། 

མཁས་དབང་དགེ་ཆོས་སྐུ་འཁྲུངས་སའི་ཁང་པའི་ནང༌། པར་པ་དཔལ་ལྡན་རྒྱལ།

མཁས་དབང་དགེ་ཆོས་སྐུ་འཁྲུངས་སའི་ཁང་པའི་ནང༌། པར་པ་དཔལ་ལྡན་རྒྱལ།

རག་ར་རིན་པོ་ཆེ་ལ་འཕྲིན་ཏུ་ཕུལ་བ།

 རྣམ་དཀར་དགེ་བའི་་ལས་ལ་བརྩོན་ཆེ་ཞིང།།
བོད་ཀྱི་ལ་རྒྱ་སྙིང་གི་དབུས་སུ་བཅིངས།།
ཁ་བ་ཅན་གྱི་ཁ་ལས་རླུང་རྟ་དེ།།
མཐོ་ནས་མཐོ་རུ་བསྒྲེང་མཁན་གང་དེའི་དྲུང༌།།
ད་ཐེངས་འཁྱུག་ཙམ་སིད་སིར་འབྱོར་བའི་སྐབས།།
ཁ་བའི་མེ་ཏོག་འཐོར་བའི་རྟེན་འབྲེལ་བཅས།།
གང་ཉིད་བཞུགས་ཤག་དགའ་བ་འབུམ་འཁྱུད་དུ།།
བཅར་བའི་གོ་སྐབས་བྱུང་བ་རབ་ཏུ་དགའ།།
དགུང་ལོ་བརྒྱད་ཅུའི་ཁུར་གྱིས་ལྕི་ནའང།།
སྐུ་ངལ་མ་འཛེམས་དགའ་བའི་བསུ་མ་བཅས།།
གང་གི་་སྐུ་ཚེའི་ལོ་རྒྱུས་ཆ་ཚང་ཞིག།
ཕྲན་ལ་གསུངས་པར་ཐུགས་རྗེ་ཤིན་ཏུ་ཆེ།།
བོད་ཀྱི་རིག་གནས་སྲོག་རྩ་བཟུང་བྱས་ཏེ།།
དེང་རབས་རིག་གནས་ལེགས་པའི་རྒྱན་ཆ་རུ།
རང་ཉིད་མཛེས་པའི་རྣ་རྒྱན་སྐེ་རྒྱན་དུ།།
ལེན་རྒྱུར་སྐུལ་མ་གནང་བར་བཀའ་དྲིན་ཆེ།།
དགེ་ཆོས་ལྟ་གྲུབ་སྐོར་ལ་གླེང་བ་ཚེ།།
ཀླུ་སྒྲུབ་དགོངས་རྒྱན་རྩོད་གཞི་ལྟ་གྲུབ་དེ།།
ཟླ་བ་བཟང་བོའི་ལྟ་གྲུབ་ཡིན་པ་ལས།།
དགེ་ཆོས་ལྟ་གྲུབ་ཚད་མར་མ་འཛིན་གསུངས།།
གང་གི་ཕྱག་རྩེའི་སོར་མོའི་འཕྲུལ་རྩལ་ལས།།
འཁྲུངས་པའི་སྒྲོལ་དཀར་ཐང་གའི་ངོ་བཤུས་ཞིག།
སྨོན་འདུན་དང་ནི་གང་གི་མཚན་རྟགས་བཅས།།
ཕྲན་ལ་ལེགས་སྐྱེས་གནང་བར་ཐུགས་རྗེ་ཆེ།།
ཞེས་དཔལ་ལྡན་རྒྱལ་གྱིས་༢༠༠༣ལོའི་ཟླ་བ་༢ཚེས་༦་ཉིན་ཕུལ།



བསམ་ཚུལ་འབྲི་རོགས།





*