ཁྱེད་ཀྱི་སྐྱེས་སྐར།

འབྲི་མཁན། དཔལ་ལྡན་རྒྱལ། on May 15th, 2009

གཅིག
ངས་ཁྱེད་རང་ཤེས། ང་ཁྱེད་རང་ལ་འབྲེལ་འདྲིས་ཤིན་ཏུ་ཆེ། ང་ཁྱེད་རང་ལ་འབྲེལ་འདྲིས་ཆེ་བས་ངས་ཁྱེད་ཀྱི་ཡོད་ཚད་རྟོགས།ཁྱེད་རང་ནི་དབང་བོ་སྣ་ལྔ་ཚང་བའི་སྐྱེ་བོ་ཀུན་དང་མཚུངས་བའི་སྐྱེས་བུ་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་ཁྱེད་རང་བློ་རིག་གསལ་ཞིང་རྣམ་དཔྱོད་ལྡན། གཞུང་བརྒྱུད་དྲང་ཞིང་ངང་རྒྱུད་རིང༌།
བློ་སྟོབས་ཆེ་ཞིང་ལས་ལ་བརྩོན་པའི་སྐྱེས་ཕོ་རབ་ཞིག་ཡིན་པས་སྤྱིར་བཏང་གྱི་མི་དཀྱུས་མ་ཞིག་ལས་ཁྱད་དུ་འཕགས།ཡིན་ནའང་ཁྱེད་རང་ལས་དབང་དམན་པའི་མི་ཞིག་ཡིན།
ཁྱེད་རང་འཇིག་རྟེན་འདིའི་སྟེང་ཐོག་མར་སླེབས་པ་དང་མཉམ་དུ་ལྟོས་བཟང་ས་ཡོམ་བྱུང་མེད་ལ། སྟབས་ཡག་མཇའ་ཚོན་ཀྱང་ཤར་མེད། གང་ལྟར་ཁྱེད་ཀྱིས་སྐད་ཡོད་ཚད་ཀྱི་ངུ་སྐད་ཞིག་བརྒྱབ་ཡོད་པ་ངས་ཚིག་ཐག་བཅད་དེ་བཤད་ཐུབ། ཁྱེད་ཀྱི་ཨ་ཕས་ཁྱེད་རང་བུ་ཞིག་ཡིན་པ་མཐོང་རྗེས་དགའ་བ་འབུམ་གྱིས་མྱོས་པ་དང་མཉམ་དུ་དུང་དཀར་ལག་ཏུ་བབཟུང་ནས་ཁང་བའི་ཡང་སྟེང་དུ་རྒྱུགས་ཏེ་དུང་དབྱས་རིང་འབུད་ཐེངས་གསུམ་བྱས། དེ་ནི་ཁྱེད་རང་འཇིག་རྟེན་འདིར་སླེབས་པ་གསལ་བསྒྲགས་བྱས་པ་ཡིན། དེར་མ་ཟད་ཁྱེད་ཀྱི་་ཨ་ཕས་ལག་པའི་ཐལ་མོ་བྲང་ཁར་སྦྱར་ཏེ་ཁོང་ལ་བུ་སྐྱེས་པ་ལ་དུང་བུས་པར་དོན་དང་ལྡན་པར་གྱུར་ཅིག་ཞེས་པའི་སྨོན་ལམ་ཤུགས་དྲག་ཏུ་བཏབ་ཡོད་ངེས་ཡིན།ཁྱེད་ཀྱི་ཨ་མ་ལ་བུ་སྐྱེས་པས་ན་ཟུག་ག་འདྲ་ཡོད་ནའང་ང་ལ་སྐྱེས་པ་ནི་བུ་འམ་བུ་མོ་ཡིན་ནམ།
དབང་བོ་སྣ་ལྔ་ཚང་ཡོད་དམ་སོགས་དྲི་བ་མང་པོས་རབ་ཏུ་སྐུལ་ཏེ་ཁྱེད་ལ་བལྟ་་འདོད་ཀྱིས་མགོ་བོ་ཡར་ལ་དགྱེས་གང་ཐུབ་བྱས་ཡོད་ངེས་ཡིན། ཡིན་ནའང་ཁྱེད་ཀྱི་ངུ་སྐད་ཐོས་པ་ནི་ཁྱེད་ཀྱི་ཕ་མ་གཉིས་ལས་མེད་ལ། ཁྱེད་ཀྱི་ཨ་ཕས་ཁྱེད་རང་འཇིག་རྟེན་འདིར་སླེབས་པ་གསལ་བསྒྲགས་བྱས་པའི་དུང་སྐད་ཐོས་པ་ནི་གྲོང་པ་ཁྱིམ་མཚེས་འགའ་ལས་མེད། བློ་ཕམ་པ་ཞིག་ལ། ཁྱེད་ཀྱི་ཨ་ཕས་ཁོང་ལ་བུ་སྐྱེས་པར་དུང་བུས་པ་དོན་དང་ལྡན་པར་གྱུར་ཅིག་ཞེས་སྨོན་ལམ་ཤུགས་དྲག་ཏུ་བཏབ་པ་ཁོ་རང་གཅིག་པོའི་ཤེས་པ་ལས་ཡུལ་གཞི་བདག་དང༌། ཆོས་སྐྱོང་སྲུང་མ་སུ་དང་གང་གིས་ཀྱང་ཚོར་མེད། ཁྱེད་ཨ་མར་ཕྲུ་གུ་སྐྱེས་པར་ན་ཟུག་ག་འདྲ་ཞིག་བཏང་ཡོད་པ་མོ་རང་ཁོ་ནས་རྟོགས།

ཁྱེད་རང་ལས་ངན་ཞིག་ཡིན། ཁྱེད་རང་སྐྱེས་པའི་སྐབས་སུ་ཕ་མ་གཉིས་འཛོམས་ཡིན། ཁྱེད་ཀྱི་ཨ་ཕ་ཡང་ཁྱེད་ཀྱི་འཁྲིས་སུ་ཡོད་མོད། ཡིད་སྐྱོ་བ་ཞིག་ལ། ཁྱེད་རང་སྐྱེས་ཏེ་ཆུ་ཚོད་གཉིས་ཀྱི་རྗེས་སུ་ཁྱེད་ཀྱི་ཨ་ཕ་མཐོང་རྒྱུ་མེད་པར་གྱུར། དེ་ནས་བཟུང་ཁྱེད་རང་ཕ་མེད་པའི་ད་ཕྲུག་ཞིག་དུ་གྱུར།

ཁྱེད་ཀྱི་ཕ་མ་གཉིས་ལ་འཇིག་རྟེན་མཐུན་འཇུག་གི་གཅིག་སེམས་གཅིག་ལ་ཆགས་པའི་གཏམ་རྒྱུད་རིང་པོ་ཞིག་ཡོད་དེ། མཚམས་མཚམས་སུ་ཡིད་སྐྱོ་བ་དང་མཚམས་མཚམས་སུ་དགོད་བྲོ་བོ་ཡོད། དེ་ནི་ཁྱེད་ཀྱི་ཨ་མའི་ཡིད་དུ་གསལ་ལེར་ཡོད་པས་ཁྱེད་ཀྱིས་གཏམ་རྒྱུ་ད་དེ་ཤེས་འདོད་ན་ཁྱེད་ཀྱི་ཨ་མ་ལ་བཀའ་འདྲི་གནང་དང་ཨ་མས་ཁྱེད་ལ་བརྗོད་ངེས་ཡིན།

གཉིས།

གང་ལྟར་ངས་ཁྱེད་ལ་བཤད་དགོས་པ་ནི་ཁྱེད་ཀྱི་དྲན་འཛིན་ངོས་སུ་མི་གསལ་ཞིང་ནམ་ཡང་ཕྱིར་དྲན་བྱེད་མི་ཐུབ་པའི་ཉིན་མོ་ཞིག་སྟེ། ཁྱེད་རང་སྐྱེས་པའི་ཉིན་མོ་དེ་ཡིན། ཁྱེད་ནི་ལས་དབང་དམན་པའི་ཕྲུ་གུ་ཞིག་ཡིན། ཁྱེད་ནི་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་སྐྱེས་པའི་ཕྲུ་གུ་ཞིག་ཡིན། ཁྱེད་རང་སྤྱི་ལོ ༡༩༦༨ ལོར་སྐྱེས་པ་ཡིན། ཁྱེད་ཀྱི་སྐྱེས་སྐར་ནི་ཁྱེད་ཀྱི་ཨ་མས་ཀྱང་མི་ཤེས་པས་ཁྱེད་ལ་ཐུགས་ཁག་ག་ལ་ཡོད། “རྙིང་བཞི “{ལུགས་སྲོལ་རྙིང་པ། རིག་གཞུང་རྙིང་པ། བསམ་བློ་རྙིང་པ། གོམས་སྲོལ་རྙིང་པ། } རྩ་གཏོར་གཏོང་བའི་ལས་འགུལ་ཁྲོད། གསར་བརྗེ་བྱེད་པར་ཉེས་པ་མེད། གྱེན་ལོག་བྱེད་པར་རྒྱུ་མཚན་ཡོད་ཞེས་པའི་ཁ་གཡང་ཁྲོད་ཁྱེད་རང་འཚར་ལོངས་བྱུང༌། ཁྱེད་ཀྱི་ཨ་ཕ་ཡང་གྱེན་ལོག་བྱེད་པར་རྒྱུ་མཚན་ཡོད་ཞེས་པའི་ཉེས་མིང་ལྗིད་ཆེ་བ་ཞིག་བཀལ་ཡོད། ཁྱེད་རང་སྐྱེས་པའི་ཆུ་ཚོད་གཉིས་ཀྱི་རྗེས་སུ་གྱོན་པ་ལྗང་ཁུ་གོན་ཞིང་དཔུང་རྟགས་དམར་པོ་བཏགས་ཡོད་པའི་དམར་སྲུང་དམག་མི་ལྔ་ལྷག་གིས་ལག་ཏུ་བྱུགས་པ་བཟུང་ཏེ་ཁྱེད་ཀྱི་ནང་དུ་སླེབས། དེའི་ཁྲོད་དུ་ཁྱེད་ཀྱི་ཨ་ཕའི་བློས་ཐུབ་ཀྱི་གྲོགས་པོ་བསམ་གཏན་ཀྱང་འདུག
ཁྱེད་ཀྱི་ཨ་ཕའི་ཉེས་པ་ཚང་མ་ཁྱེད་ཀྱི་སྟེང་ནས་བྱུང་བ་ཡིན་དེ་ནི་ཁྱེད་རང་སྐྱེས་མ་ཐག་ཁྱེད་རང་སྐྱེས་སོང་ཞེས་འཇིག་རྟེན་འདིར་གསལ་བསྒྲགས་བྱས་པའི་དུང་སྐད་དེ་ནི་ཁྱེད་ཀྱི་ཨ་ཕའི་ཉེས་པ་རེད་འདུག།དམར་སྲུང་དམག་དེ་དག་གིས་ཁྱེད་ཀྱི་ཨ་ཕའི་ལག་པ་གཉིས་རྒྱབ་ལོགས་སུ་བཀྱིགས་ཏེ་སྐེ་ལ་ཐག་པ་བརྒྱབ་ནས་ཁྲིད་སོང༌། སྐབས་དེར་ཁྱེད་ཀྱི་ཨ་ཕས ” ངའི་བུ – སྙིང་གི་དུམ་བུ།” ཞེས་གནམ་ས་གས་ལ་སྙམ་པའི་སྐད་ཅོར་རྒྱབ་ཡོད་ལ། ཁྱེད་ལ་ཕྱིར་མིག་བལྟས་ཏེ་མིག་ཆུ་ས་ལ་ཟགས་ཡོད། སྐབས་དེའི་ཁྱེད་ཀྱི་ཨ་ཕའི་སེམས་ཁམས་ནི་ཁྱེད་ཀྱིས་ཤེས་མི་སྲིད་ལ། ངས་ཀྱང་སྨྱུག་གུ་ནག་པོས་ཤོག་གུ་དཀར་པའི་སྟེ་ང་དུ་ཕབ་ཐབས་བྲལ། དུས་དེ་ནས་བཟུང་ཁྱེད་ཀྱི་ཨ་ཕ་ཕྱིར་ཡོང་མེད་པར་གྱུར། རེད་ལགས། སྐབས་དེའི་ཁྱེད་ཀྱི་ཨ་མའི་སེམས་ཁམས་དང་ཁྱེད་མ་སྨད་གཉིས་ཀྱི་གནས་ཚུལ་ནི་ཁྱེད་ཀྱི་ཨ་མའི་མཁྱེན་ངེས་ཡིན་པས་ངས་ཁྱེད་ལ་བཤད་དགོས་དོན་མེད། ཁྱེད་ཀྱི་ཨ་ཕ་ཁྱེད་དང་བྲལ་བའི་རྗེས་ཀྱི་གནས་ཚུལ་རྣམས་ཁྱེད་ཀྱིས་ག་ལ་ཤེས་ཁྱེད་ཀྱི་ཨ་མའི་ཀྱང་ཤེས་མི་སྲིད། དེ་བས་ངས་ངེས་པར་དུ་ཁྱེད་ཀྱི་ཨ་མ་ཁྱེད་དང་བྲལ་བའི་རྗེས་ཀྱི་གནས་ཚུལ་རྣམས་བརྗོད་ངེས་ཡིན། གསན་རོགས་གནང༌།

གསུམ།

ཁྱེད་ཀྱི་ཨ་ཕ་ནི་ཕོ་རྒོད་ཞིག་ཡིན། དངོས་གནས་ཕོ་རྒོད་ཞིག་ཡིན། སྐབས་དེར་ཁྱེད་ཀྱི་ཨ་ཕ་དགུང་ལོ་ཉེར་དགུ་ཡིན། ཁྱེད་ཀྱི་ཨ་ཕའི་སྐེ་ལ་ཐག་པ་རྒྱབ་ཏེ་ཁྲིད་སོང༌། གནམ་ས་གས་ལ་སྙམ་པའི་འབྲུག་སྐད་ཞིག་གྲགས་སོང༌། དེ་ནི་ཁྱེད་རང་སྐྱེས་པའི་ལྟོས་བཟང་ཡིན་མི་སྲིད་ལ། ཁྱེད་རང་ད་ཕྲུག་ཏུ་གྱུར་རྒྱུའི་ལྟོས་ངན་ཡིན་པར་ངེས། ཁྱེད་ཀྱི་ཡབ་མྱེས་རྣམས་ལ་ཡིད་ཆེས་བློ་གཏད་བྱེད་ས་ཞིག་ཡོད་པ་ནི་དཀོན་མཆོག་གསུམ་ཡིན། དེ་བས་ཁྱེད་ཀྱི་གྲོང་ཚོ་དེ་ལ་མི་རབས་ནས་མི་རབས་བར་ཡོད་ཚད་ནས་ཡོད་ཚད་ཕུལ་བའི་གཅེར་ནོར་ཞིག་ཡོད། དེ་ནི་གྲོང་ཚོ་སྟོད་ཕྱོགས་སུ་ཡོད་པའི་དགོན་པ་དེ་ཡིན། ཁྱེད་ཀྱི་ཨ་ཕ་ལ་དམར་སྲུང་དམག་དེ་དག་གིས་གཅར་རྡུང་བསྐོར་གསུམ་བྱས་ཏེ་དགོན་པའི་ནང་དུ་ཁྲིད་སོང༌། དགོནཔའི་སྒོ་ཆེན་གཡས་གཡོན་གཉིས་སུ་མའོ་ཙེ་ཏུང་གི་མགོ་བོ་སྦྱར་འདུག། ཉེ་སྔོན་གསེར་ཚོན་གྱིས་བྲིས་པའི་ “དགྲ་སྡེ་ཟིལ་གནོན་གླིང༌།” ཞེས་པའི་ཚབ་ཏུ་སྣག་ཚ་ནག་པོས “མི་དམངས་སྤྱི་ཁང༌།” ཞེས་བྲིས་འདུག ལོ་འགའ་སྔོན་དུ་དགེ་འདུན་པའི་ཆོས་དབྱངས་ཁྲོད “སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ།” ཞེས་པའི་ཚབ་ཏུ་དེ་རིང་ “དཀོན་མཆོག་གསུམ་པོ་ཕམ་པར་རྒྱོབ། མའོ་ཙེ་ཏུང་ཁྲི་ལོར་ནས་ཁྲི་ལོ་བརྟན་པར་ཤོག” ཞེས་པའི་ཁ་གཡང་རེད་འདུགསྔོན་ཆད་ཁྱེད་ཀྱི་གྲོང་པའི་སྟག་ཤར་ཕོ་རྒོད་རྣམས་ཀྱིས་དུད་སྤྲིན་མཁའ་རུ་འཁྲིགས་པའི་ལྷ་བསངས་བཏང་ཏེ། ” ལྷ་རྒྱལ་ལོ། ས་བརྒྱད་པ་ཐོབ་པའི་ཨ་མྱེས་གཉན་ཆེན། སྐྱེས་ལྷ་དགྲ་འདུལ་གྱི་རྒྱལ་པོ་ཨ་མྱེས་རྨོག་རྒོད། གཉོམ་ཆུང་སྐྱོེཾ་བའི་ཕ་མ། དགྲ་མགོ་རྡུང་བའི་ཐོ་བ། ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ།” ཞེས་པའི་ཚབ་ཏུ་དེ་རིང་སྔོན་བྱོན་མཁས་དབང་རྣམ་པའི་ གསུང་བམ་མེ་ལ་བསྲེགས་པའི་དུད་བ་ཡ་ང་བ་ཞིག་མཁའ་རུ་འཕྱུར་འདུག་ལ། ” ལྷ་འདྲེ་གདེོན་བགེགས་རྨོངས་དད་ཡིན། རྙིང་བཞི་རྩ་གཏོར་བཏང་ཏེ་ཡོད་ཚད་གསར་བརྗེ་བྱེད་དགོས།” ཞེས་པའི་ངར་སྐད་ཀྱིས་ཁེངས་འདུག།དེ་རིང་ནི་ཁྱེད་རང་སྐྱེས་བའི་ཉིན་མོ་ཡིན་པ་མ་ཟད།གསར་བརྗེ་ངོ་ལོག་པར་དགག་པ་རྒྱག་པའི་ཚོགས་ཆེན་འཚོགས་པའི་ཉིན་མོ་ཀྱང་རེད། ཀྲང་ཧྲུའུ་ཅི་དང་ཏང་གི་ལས་བྱེད་པ་འགའ་སྟེགས་བུའི་སྟེང་ངའོ་སྙམ་པའི་ངང་བསྡད་ཡོད་པ་དང༌། ཁྱེད་ཀྱི་གྲོང་པའི་མི་ཡོད་ཚད་དཔའ་བོ་རེད་འདུག ཁྱེད་ཀྱི་ཨ་ཕ་ཐེ་བའི་གསར་བརྗེ་ངོ་ལོག་པའི་སྟེང་ལ་དཔའ་བོ་རེད། མི་འདི་དག་ལ་བཟོད་བསྲན་དཀའ་བའི་ཁོང་ཁྲོ་འདི་འདྲ་ཞིག་ལངས་གང་ནས་བྱུང་བ་ཡིན་ནམ། སྐབས་དེར་ང་རང་ཡིད་ཆེས་བྱེད་ཆོག་པའི་ལྷ་ཞིག་ཡོད་ན་དྲིས་ཆོག་མོད། འོན་ཀྱང་སྐབས་དེ་ནི་ཡོད་ཚད་ལ་ཡིད་ཆེས་བྱེད་མི་ཐུབ་པའམ་བློ་གཏད་མི་རུང་བའི་དུས་སྐབས་ཞིག་ཡིན་ཡ། དགག་རྒྱག་ཚོགས་ཆེན་འགོ་ཚུགས་སོང༌། ཀྲང་ཧྲུའུ་ཅིས་རྒྱང་བསྒྲགས་ཁ་པར་ནང་གསར་བརྗེ་ངོ་ལོག་པ་རེ་རེ་བཞིན་མིང་འབོད་བྱས་ཏེ་ཉེས་པ་གསལ་བསྒྲགས་བྱས་སོང༌།
” མི་དམངས་ཀྱི་ཤ་ཁྲག་འཐུང་མཁན་དམ་ཆོས།
ལྷ་འདྲེ་གདོན་བགེགས་ལ་ཡིད་ཆེས་བྱེད་མཁན་ལྷ་རྒྱལ།
ཏ་ལའི་ལོག་སྤྱོད་ལ་འབྲེལ་བ་བྱེད་མཁན་བསོད་ནམས།
མི་དམངས་ལ་མགོ་བསྐོར་གཏོང་མཁན་དགེ་འདུན
གོང་གསལ་རྣམས་གསར་བརྗེ་ངོ་ལོག་པ་རེད་འདུག ཁོང་ཚོའི་མགོ་རུ་ཤོག་གུས་བཟོས་པའི་ཞ་མོ་ཇ་མདོང་འདྲ་བོ་རེ་གྱོན་ཡོད་པ་དང༌། སྐེ་རུ་ཤིང་ལེབ་གྲུ་བཞི་རེ་བཏགས་ཡོད་པའི་སྟེང་གོང་གསལ་གྱི་ཉེས་པ་རྣམས་སྣག་ཚ་ནག་པོས་བྲིས་ཡོད་པའི་ཐོག་ལ་ཚོན་མདོག་དམར་པོས་རྟགསའདི་འདྲ་རེ་ X རྒྱབ་འདུག འདི་དག་གི་ཁྲོད་དུ་ཁྱེད་ཀྱི་ཨ་ཕའང་ཡོད། ངས་ཁྱེད་ལ་བརྗོད་ངེས་ཡིན། ཁྱེད་ཀྱི་ཨ་ཕའི་མིང་བརྗོད་ངེས་ཡིན། ཁྱེད་ཀྱི་ཨ་ཕའི་མིང་ལ་ལྷ་རྒྱལ་ཟེར༌། ལྷ་འདྲེ་གདོན་བགེགས་ལ་ཡིད་ཆེས་བྱེད་མཁན་ལྷ་རྒྱལ་ནི་ཁྱེད་ཀྱི་ཨ་ཕ་ཡིན། གོང་གསལ་དོན་རྐྱེན་ཚང་མ་ཁྱེད་རང་སྐྱེས་བའི་ཉིན་མོར་བྱུང་བ་ཡིན་པས་ངས་ཁྱེད་རང་ལས་དབང་བཟང་བའི་ཕྲུ་གུ་ཞིག་ཡིན་ཞེས་བརྗོད་ག་ལ་ཐུབ།

ད་དུང་དེ་ཡི་ག་ལ་ཚད། ཁྱེད་ཀྱི་ཨ་ཕ་ཐེ་བའི་གསར་བརྗེ་ངོ་ལོག་པ་རྣམས་རྡུང་རྡེག་བཏང་བྱུང༌།        རང་སྐྱོན་ངོས་ལེན་བྱེད་དགོས་ཞེས་རྡུང་རྡེག་བཏང་བྱུང༌། དངོས་གནས་བཤད་ན་ཉེས་ཅན་པར་འཐབ་རྩོད་བྱེད་མཁན་གྱི་མི་འདི་དག་གིས་ཉེས་ཅན་པའི་ཉེས་པ་གང་ཡིན་མི་ཤེས་ལ། ཐ་ན་ཅིའི་ཕྱིར་ཉེས་རྡུང་གཏོང་གི་ཡོད་པའང་མི་ཤེས། གུང་ཁྲན་ཏང་གིས་ཉེས་ཅན་པར་བརྩིས་པའི་མི་འདི་དག་གིས་སོ་སོའི་ཉེས་པ་ཅི་ཡིན་མི་ཤེས་པས་ཉེས་སྐྱོན་ངོས་ལེན་བྱེད་རྒྱུ་ཞིག་གང་ན་ཡོད། ངོ་མ་ཐམས་ཅད་སྨྱོན་པ་ལྟ་བུར་གྱུར་སོང༌། རང་གིས་་ཅི་ཞིག་བྱེད་ཀྱི་ཡོད་པ་རང་ཉིད་ཀྱིས་མི་ཤེས་པའི་དུས་སྐབས་ཞིག་ཡིན་ཡ།  ཁྱེད་ཀྱི་ཨ་ཕའི་བློས་ཐུབ་ཀྱི་གྲོགས་པོ་བསམ་གཏན་ནི་མའོ་ཙེ་ཏུང་གི་ཐུགས་སྲས་ཡིན་ནམ། ཁྱེད་ཀྱི་ཨ་ཕའི་མིག་ནང་དུ་མཛུབ་མོ་བཙུགས་ཏེ་ རྐྱགསར་བརྗེ་ངོ་ལོག་པ་ལྷ་རྒྱལ།      དེ་རིང་ཁྱེད་ཀྱི་ལྷ་རྣམས་ཁྲིད་ཤོགརྒྱ ཟེར་བཞིན་འགྲམ་ལྕག་ཚ་ཐག་གཅོད་ཅིག་བཞུས་སོང༌།    
ཁྱེད་ཀྱི་ཨ་ཕས་ཨམ་བཙུགས་བསྡམས་ཏེ་མགོ་བོ་ཡར་ལ་དགྱེས་གང་ཐུབ་བྱས། “མགོ་བོ་ཡར་ལ་དགྱེས་ཏེ་ཏང་ལ་ངོ་རྒོལ་བྱེད་སེམས་འདུག” ཞེས་གཅར་རྡུང་བཏང་སོང༌།སྐབས་དེར་ཁྱེད་ཀྱི་ཨ་ཕས་མགོ་བོ་ཡར་ལ་དགྱེས་པ་ཡང་ཉེས་པ་ཡིན་ཡ།

བཞི།
ངས་མུ་མཐུད་དེ་ཁྱེད་ལ་བརྗོད་ངེས་ཡིན། ཁྱེད་ཀྱི་ཨ་ཕའི་གནས་ཚུལ་བརྗོད་ངེས་ཡིན།         ཁྱེད་ཀྱི་ཨ་ཕ་ཐེ་བའི་ཉེས་ཅན་མི་སྣ་བཞི་ཁྲིད་སོང༌། རྫོང་ཐོག་ཏུ་ཁྲིད་སོང༌། རྫོང་ཐོག་ཏུ་རེབ་གོང་ཕྱོགས་པ་བཅུ་གཉིས  རྒྱལ་པོ་གླིང་ཚང༌། སྨད་པ་སྡེ་བདུན། སྤྱི་ཁག་གསུམ། ཆུ་མ་སྡེ་བདུན།   ཆུ་ཁོག་ཤོག་བཞི། སྲས་ལུང་བ་གསུམ། ཧོར་ཚོ་དྲུག རོང་བོ་སྡེ་བདུན། ཚེ་ཙེ་བཞི། གསར་བརྗེ་ངོ་ལོག་པའི་ཉེས་མིང་ཡོད་པ་མང་པོ་ཁྲིད་ཡོང་འདུག   རེབ་གོང་སྐྱབས་མགོན།  ཨ་ལགས་རྫོང་དཀར།       གཉན་ཐོག་དཔོན་ཕྲུག རོང་བོ་ནང་སོ། རྒྱལ་པོ་དཔོན་པོ།་་་་་་་་ཡོད་ཚད་ལ་གསར་བརྗེ་ངོ་ལོག་པའི་ཉེས་མིང་བཀལ་འདུག ལག་ཏུ་དེང་རབས་མཚོན་ཆ་ཐོགས་པའི་དམག་མི་བརྒྱ་ཕྲག་ཁ་ཤས་ཉེས་ཅན་པ་རྣམས་ཀྱི་མཐའ་བསྐོར་ཡོད་པ་དང༌། དཔུང་རྟགས་དམར་པོ་བཏགས་པའི་དམར་སྲུང་དམག་མང་པོས”མའོ་ཀྲུའུ་ཞིའི་གསུང་རྩོམ་གཅེས་བཏུས།”ཞེས་པའི་དེབ་ཆུང་དེ་ལག་ཏུ་བཟུང་པའི་གཞོན་སྐྱེས་དེ་དག་ཐབ་ཐོག་ཏུ་ཆུ་འཁོལབ་ནང་བཞིན་ལག་དཔུང་མཐོན་པོར་བསྒྲེངས་ཏེ་ “གསར་བརྗེ་ངོ་ལོག་པ་ཕམ་པར་རྒྱོབ། མའོ་ཀྲུའུ་ཞི་ཁྲི་ལོར་ནས་ཁྲི་ལོར་བརྟན་པར་ཤོག།”  ཞེས་པའི་ཁ་འབོད་ཀྱིས་ནམ་སར་ཁེངས་འདུག དགུང་གི་ཉི་མ་ནུབ་རིའི་ཕག་ཏུ་ཡལ། ཁྱེད་རང་སྐྱེས་པའི་ཉིན་མོ་འདས་གྲབས་འདུག  བྲེལ་ཟིང་ཆེ་བའི་རེབ་གོང་གྲོང་བརྡལ་མུན་ནག་གིས་ག་ལེར་གཡོགས་པ་དང་འབྲེལ་འཇམ་ཐིང་ངེར་གྱུར། གསར་བརྗེ་ངོ་ལོག་པ་རྣམས་མོ་ཀྲ གཉིས་ནང་དུ་ཆ་བགོས་ཀྱིས་བླུགས་ཏེ་ཁྲིད་སོང༌།       གང་ལ་ཁྲིད་ཀྱི་ཡོད་པ་སུས་ཀྱང་མི་ཤེས། གང་ལྟར་མུན་ནག་ཅིང་འཇམ་ཐིང་ཐིང་གི་མཚན་མོ་དེར་རྣ་ལ་གཟིར་བའི་མོ་ཀྲའི་ “ལྡིར” སྒྲ་དང་མཉམ་དུ་རེབ་གོང་གི་བྱང་ཕྱོགས་སུ་ཡོད་པའི་ལམ་དེ་བརྒྱུད་ནས་ཁྲིད་སོང༌། བུ་ཆུང་ལགས། དེ་ནས་བཟུང་ཁྱེད་ཀྱི་ཨ་ཕ་ཤི་གསོན་ཅི་བྱུང་ཀྱི་གནས་ཚུལ་ཅི་ཡང་ང་ལ་བཤད་རྒྱུ་མེད་པསདགོངས་འགལ་རྩ་བ་ནས་མེད་པར་ཞུ། ཡིན་ནའང་ངས་ཁྱེད་ལ་གསལ་བོར་བཤད་དགོས་པ་ཞིག་ལ་ཁྱེད་ཀྱི་ཨ་ཕ་ད་ལྟའི་བར་དུ་ཕ་ཡུལ་དུ་ཕྱིར་ལོག་མེད་པ་ནི་ངས་ཚིག་ཐག་བཅད་དེ་ཁྱེད་ལ་བརྗོད་པ་ཡིན།

རྩམ་པ་དུས་དེབ། ༡༩༩༧ལོར་རྩམ་པ་དུས་དེབ་ཀྱི་བརྩམས་སྒྲུང་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།



བསམ་ཚུལ་འབྲི་རོགས།





*