འཛམ་གླིང་ས་ཡི་རྩེ་མོ་རུ།། ཇོ་མོ་གླང་མ་བརྗིད་ཉམས་ཆེ།།
གངས་དཀར་ཏེ་སིར་བྱིན་རླབས་ལྡན།། རྨ་རྒྱལ་སྤོམ་རར་སྐུ་ཡོན་ཆེ།།
གནམ་མཚོ་ཕྱུག་མོ་གཏེར་སྣ་འཛོམས།། ཁྲི་ཤོར་རྒྱལ་མོ་ཉ་སྲམ་ལྡན།།
རྨ་ཆུ་སྔོན་མོ་ངང་རྒྱུད་རིང༌།། འདི་ནི་ཁྱེད་ཀྱི་ཕ་ཡུལ་ཏེ།།
འཛམ་གླིང་རྩེ་མོར་གནས་ཆགས་པའི།། གངས་ཅན་ལྗོངས་ཞེས་ཡོངས་ཀྱིས་གླེང༌།།
ད་ནི་བདག་གིས་བདག་ལ་ཁྲེལ་མེད་བརྗོད།། རི་ཆུ་སྟོང་གིས་བར་ལམ་བཅད་ནའང༌།།
གངས་རིའི་ཡུལ་ནི་ཁྱེད་ཀྱི་ཕ་ཡུལ་ཡིན།། གངས་རི་དཀར་པོའི་བློ་གཏད་གངས་སེང་ཡིན།།
གངས་སེང་མེད་པའི་གངས་རི་སྐྱོ་བས་གཟིར།།
ད་ནི་བདག་གིས་བདག་ལ་བརྗོད།། ཁྱེད་ཀྱི་ཡབ་མྱེས་དམ་པ་རྣམས།།
སྤྲེལ་སྲིན་བསྡེབས་ནས་བྱུང་བའམ།། ཡང་ན་འོད་དཀར་ལྷ་ལས་འཆད།།
དེ་མིན་སྤྲ་སེང་བུ་ལས་བྱུང༌།། འདི་ནི་ལོ་རྒྱུས་རྒན་པོས་གླེང༌།།
གང་ལྟར་ཁྱེད་ཀྱི་ཡབ་མྱེས་ཀྱིས།། ཉི་ཟླ་གཉིས་ཀྱི་བྱིན་རླབས་རྟོགས།།
སྙིང་སྟོབས་གོ་ཆ་ལུས་ལ་གྱོན།། ཞུམ་མེད་སྤོབས་པ་སེམས་སུ་བཅིངས།།
བློ་གྲོས་རལ་གྲི་ལག་ཏུ་བཟུང༌།། མཐོ་ནས་མཐོ་སར་བརྙེགས་ནས་ནི།།
གོ་ལའི་རྩེ་མོ་གནས་བཅས་ཏེ།། རྒྱལ་བའི་རྒྱལ་དར་བསྒྲེངས་པ་ཡིས།།
ཇོ་མོ་གླང་མར་འཛུམ་མདངས་རྒྱས།། གངས་སེང་དཀར་མོ་འདི་ནས་བྱུང༌།།
ལྷད་མེད་གཞུང་དྲང་རྣམ་དཀར་དགེ། དཔའ་མཛངས་རྟུལ་ཕོད་ཆེ་བ་ཡི།།
འགྲོ་བ་མི་ཡི་གཤིས་ལྡན་པའི།། ཁྱེད་ཀྱི་ཡབ་མྱེས་དེ་དག་གིས།།
ས་ཡི་རྩེ་མོ་བདག་གིས་བཟུང༌།།
སྟོན་པ་གཤེན་རབ་མི་བོ་ཆེ།། མི་ཡི་ཡུལ་དུ་བྱོན་པ་ན།།
མགོ་ནག་བོད་ཀྱི་སྐྱབས་རྟེན་ས།། སྟོང་བ་གནམ་མཁའི་དབྱིངས་སུ་བྱས།།
བོད་རྗེ་གཉའ་ཁྲི་བཙན་པོ་མཆོག། གནམ་ལས་བབས་ཞེས་བོད་པས་སྒྲོགས།།
བཙན་པོ་རྣམས་ཀྱི་བང་སོ་ཡང༌།། རྨུ་ཐག་བརྒྱུད་དེ་མཁའ་ལ་བརྫངས།།
དེ་ནས་སྲོང་བཙན་སྒམ་པོ་ཞེས།། སྔོན་མེད་རྒྱལ་བོ་བོད་དུ་བྱོན།།
དམ་པའི་ཆོས་ཀྱི་དབུ་བརྙེས་ཞེས།། སངས་རྒྱས་ཆོས་ལུགས་པ་ཡིས་གསུངས།།
བསྟོད་པ་ཧ་ཅང་ཐལ་དྲགས་སམ།། དམིགས་ཡུལ་གཞན་ཞིག་ཡོད་དམ་ཅི།།
མགོ་བོ་གཅིག་གི་རྟགས་མ་སྦྱིན།། སྤྱིར་ན་མི་ལ་མགོ་གཉིས་ཞེས།།
ལྟས་ངན་རིགས་སུ་བོད་པས་བརྩི།། སྲོང་བཙན་སྒམ་པོ་དབུ་གཉིས་ཞེས།།
དད་པ་བྱེད་སའི་གནས་སུ་བརྩི།། སྲོང་བཙན་སྒམ་པོ་ཆོས་ཀྱི་རྒྱལ།།
རྒྱ་བཟའ་བལ་བཟའ་ལྕམ་སྐུ་རྣམས།། སྐུ་ཕུང་ཇོ་བོའི་ཐུགས་ལ་བརྫངས།།
མི་ཡི་རང་བཞིན་ཡོངས་འགལ་ཡང༌།། སོ་སྐྱེས་སྐྱེ་བོའི་སྤྱོད་ཡུལ་མིན།།
ཞེས་པས་འགྲེལ་བ་ཡོངས་སུ་བརྒྱབས།། གང་ལྟར་རྒྱལ་བོའི་མཛད་རྗེས་ནི།།
གངས་ཅན་བོད་ཀྱི་ཁྱོན་ལས་ཆེ།། དེ་ལས་ཁྲི་སྲོང་ལྡེ་བཙན་ཞེས།།
ཁ་བའི་ཡུལ་དུ་བྱོན་པ་ན།། གདོང་དམར་བོད་ཀྱི་དམག་དཔུང་གི།།
གྲགས་པསདབྱར་སྐྱེས་ཡང་འཁུམས།། ལོ་ངོ་སྟོང་ལ་བརྗིད་ཆེ བའི༌།།
རྒྱ་ནག་རྒྱལ་ས་ཞིས་ཨན་དུ།། སྐྱ་དམག་རྨུག་སྒྲས་བརྡུང་བ་ན།།
རྒྱ་ནག་གོང་མ་ཁྲི་ལས་ཕབ།། ཝ་ཡི་མཇུག་མ་མགོ་གྱོན་ཏེ།།
རྒྱལ་ས་བསྐྱུར་ནས་གཞན་དུ་བྲོས།། རྟག་བརྟན་མི་འགྱུར་རྡོ་རིང་ངོས།།
རྒྱ་བོད་བར་ལ་སྤྱི་ཆིངས་བཀོད།། རྒྱ་ཡི་ཡུལ་དུ་རྒྱ་མི་སྐྱིད།།
བོད་ཀྱི་ཡུལ་དུ་བོད་མི་སྐྱིད།། སྟག་སྒྲ་ཀླུ་གོང་དཔའ་དར་ལ།།
ཐིག་ལེ་ཅན་གྱི་སྟག་པགས་སྤྱིན།། ཁྲི་སྲོང་ལྡེ་བཙན་དབང་ཐང་རྒྱས།།
སློབ་དཔོན་པད་མས་བསྟན་པ་དར།། ཁ་བ་རི་བའི་མི་རྣམས་ཀྱིས།།
ཁ་བ་ཅན་ལ་ཁ་ལོ་བསྒྱུར།། སངས་རྒྱས་ཆོས་དང་བོན་པོའི་ཆོས།།
སེང་འབྲུག་ཁ་སྤྲོད་གཡུལ་ངོརཞུགས།། བན་ཆོས་ལྟ་བའི་སྤྱན་འདོན་ཏེ།།
བོང་བུར་བསྐྱོན་ནས་ས་མཐར་སྤྱུགས།། ཁ་མང་མི་ཡི་ལྕེ་སྣེ་བཅད།།
སངས་རྒྱས་བསྟན་པའི་མེ་ལྕེ་འབར།། ནག་པོ་བོན་གྱི་བསྟན་པ་ཞེས།།
སོ་བའི་མདོག་གིས་ཡོངས་སུ་བྱུགས།། དཀར་པོ་སངས་རྒྱས་བསྟན་པ་ཞེས།།
རྒྱལ་བའི་རྒྱལ་མཚན་དེ་ནས་བསྒྲེངས།།
འུ་དུམ་བཙན་པོའི་ཐུགས་ལ་ཕོག། ནག་པོ་བདུད་ཀྱིས་སྐུལ་བ་འམ།།
དཀར་པོ་ལྷ་ཡི་ལུང་བསྟན་ནམ།། འུ་དུམ་བཙན་པོ་་ཁྲོས་པ་ན།།
སངས་རྒྱས་བསྟན་པ་དགྲ་རུ་བཟུང༌།། དམ་ཆོས་བྱེ་མའི་ཀློང་དུ་སྤས།།
ལྷ་ལུང་དཔལ་གྱིས་མདའ་རྩེ་དེ །། རྒྱལ་པོའི་སྙིང་གི་དཀྱིལ་དུ་འཕངས།།
ཁ་རུ་ཞེ་སྡང་མེ་སྟག་མཆེད།། མགོ་རུ་ཁྲོས་པའི་ར་ཡང་སྐྱེས།།
མི་ལུས་གླང་གི་མགོ་ཅན་ཞེས།། སངས་རྒྱས་ཆོས་ལུགས་མཁན་ཚོས་གསུངས།།
གླང་དར་བདུད་ཀྱི་སྤྲུལ་བ་ཞེས།། གངས་ཅན་བོད་ལ་ཡོངས་སུ་གྲགས།།
བཙན་པོ་སྙིང་ལ་མདའ་ཕོག་པས།། བོད་ཀྱི་རྒྱལ་ཁམས་སིལ་བུར་ཐོར །།
ནང་འཁྲུག་མུ་གེ་རྟག་པར་བྱུང༌།། བུ་སྤུན་བར་ལ་གྲི་རྩེ་གཏད།།
ལུང་བ་རེ་ལ་རྒྱལ་ཕྲན་རེ།། བོད་ཁམས་རྫ་མ་ཆགས་པ་བཞིན།།
ཆགས་རོ་རེ་ལ་བདག་པོ་རེ།། བོད་ཀྱི་རྒྱལ་རྒྱུད་འདི་ནས་ཆད།།
རྨ་བྱའི་སྒྲོ་ཐུལ་ལེགས་པ་འདི་། སྣ་ཚོགས་མཚོན་གྱིས་བྱུག་པ་མིན། སྙན་པ་ངག་གི་བ་དན་ལ། དབྱང་ཅན་ལྷ་ཡིས་ཤིས་པ་འཁྱིལ།
རྡོ་འདི་མི་ཡིས་མི་ཟ་ཞིང་།།
ཟོས་ཀྱང་ཟོ་ཡིས་མི་ཆོད་པས།།
སེམས་པ་ངལ་བའི་སུག་རྗེས་ལ།།
ཁ་དོག་ནག་པོ་འཁྱིལ་བ་མཐོང་།།
རང་ཉིད་སྐྱོ་ཞིང་དུབ་པ་ཡིས།།
རྐང་པ་ཐེམ་པར་མ་བརྒལ་ཀྱང་།།
ཡང་དང་འོར་དུ་ཤོར་བ་ནི།།
རྔན་པ་བརྩེགས་པའི་སེམས་པ་རེད།