སྐུ་ཞབས་དོན་འགྲུབ་རྒྱལ་དང་ཁོང་གི་བརྩམས་ཆོས།

འབྲི་མཁན། དཔལ་ལྡན་རྒྱལ། on June 25th, 2009

DGདེ་རིང་ངས་སེམས་ཀྱི་རྒྱུ་ཕྱོགས་ཞིག་གིས་མཚོ་སྔོན་པའི་གླུ་དབྱངས་ལ་ཉན་སྐབས་གྲོགས་པོ་གཅོད་པ་ཐར་གྱིས་གཞས་དེའི་སྐོར་ང་གསུངས་བ་ཞིག་སེམས་ལ་འཁོར། དེ་ནི་ལོ་བཅུའི་ཡར་སྔོན་ཞིག་ལ། གཅོད་པ་ཐར་ལགས་ཀྱིས།  “ཉིན་གཅིག་ངས་དོན་གྲུབ་རྒྱལ་ལ་གཞས་ཚིག་ཅིག་རྩོམ་རོགས་ལབ་པ་ཡིན།  ཁོང་གིས་གཞས་ཚིག་ག་རེ་ཞེས་དྲིས་སོང༌།  ངས་མཚོ་སྔོན་པོ་ལབ་པ་ཡིན། དེ་ནས་ཁོང་གིས་དུ་བ་འཐེན་བཞིན་བསམ་བློ་བཏང་ནས་སྐར་མ་ཉི་ཤུ་ནང་བྲིས་ཚར་སོང༌། བྲིས་ཚར་ནས་ཉིན་ཁ་ཤས་རྗེས་ངས་བརྗེ་བོ་རྒྱབ་པའི་ས་ཆ་ཁ་ཤས་ཡོད།   ཁོང་གིས་སྐར་མ་ཉི་ཤུའི་ནང་ལ་བྲིས་ཚར་བ་རེད།  ངས་གདངས་བཟོ་རྒྱུར་ལོ་གཅིག་འགོར་སོང༌།  ཡང་བཟོས་ཡང་མ་འགྲིག་དེ་རེད༌།” ཞེས་ང་ལ་བརྗོད་བཞིན “ཧ་ཧ་ཧ།” ཞེས་དགོད་ནས་གདོང་གི་མིག་ཤེལ་ནག་པོ་དེ་ལག་པ་གཡོན་པས་ཡར་འདེད་ཙམ་བྱས་པའི་རྣམ་པ་དེ་མིག་ལམ་དུ་འཆར་བྱུང་ལ། དེ་བཞིན་ང་རང་མཚོ་སྔོན་མི་རིགས་སློབ་གྲ་ཆེན་མོའི་ནང་ཡོད་སྐབས་ཐེངས་ཞིག་དེང་རབས་རྩོམ་རིག་དགེ་རྒན་སངས་རྒྱས་རིན་ཆེན་གྱི་ཚབ་བྱས་ནས་དོན་འགྲུབ་རྒྱལ་གྱིས་ལག་གཡས་བར་ས་སྨྱུག་བསྐོར་ཅིང་། ལག་གཡོན་པའི་མཛུབ་གུ་གཉིས་ཀྱི་བར་ཐ་མ་ཞིག་བཟུང་ནས་སློབ་ཁྲིད་ཐེངས་གཅིག་བྱས་བའི་རྣམ་པ་དེ་ཡང་མིག་ལམ་དུ་འཁོར། གོང་གསལ་རྣམ་པ་འདི་དག་མིག་ལམ་དུ་ཤར་བ་དང་མཉམ་དུ་ལོ་བཅུའི་ཡར་སྔོན་ལ་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་གསུང་འབུམ་དེབ་དྲུག་པོ། རླུང་འཕྲིན་བརྒྱུད་ཕྲན་གྱིས་གསན་མཁན་རྣམ་པར་ངོ་སྤྲོད་བྱས་ཡོད་པ་དེ་ཡང་སེམས་སུ་དྲན་བྱུང༌།  དེ་རིང་ཟིན་བྲིས་བརྒྱུད་ནས་ཀློག་མཁན་རྣམ་པའི་སྦྱན་ལམ་དུ་ཕུལ་བ་ཡིན།
སྐུ་ཞབས་དོན་གྲུབ་ལགས་ཀྱི་གསུང་འབུམ་དེབ་དྲུག་ལ་བསྐྱར་ཞིབ་དང་ངོ་སྤྲོད་མདོར་བསྡུས།
 སྐུ་ཞབས་དོན་གྲུབ་རྒྱལ་མཆོག་གི་བརྩམས་གནང་བའི་གསུང་འབུམ་དེབ་དྲུག ་ཉེ་ཆར་ཁྲིན་ཏུའུ་རུ་ཡོད་པའི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སྐད་ཡིག་ཞིབ་འཇུག་པ་བན་ཁོ་དང༌། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྐུ་ཞབས་བཀྲ་རྒྱལ་གཉིས་ཀྱིས་ཕྱོགས་བསྒྲིགས་བྱས་ནས ༡༩༩༧ ལོའི་ཟླ་ ༧ ནང་པེ་ཅིན་མི་རིགས་པར་སྐྲུན་ཁང་གིས་པར་བསྐྲུན་བྱས་ཡོད་པ་རེད། དེ་ཡང༌། སྙན་ངག་ཕྱོགས་བསྒྲིགས་དང༌། བརྩམས་སྒྲུང་ཕྱོགས་བསྒྲིགས། དཔྱད་རྩོམ་ཕྱོགས་བསྒྲིགས། བསྒྱུར་རྩོམ་ཕྱོགས་བསྒྲིགས། འགྲེལ་རྩོམ་ཕྱོགས་བསྒྲིགས། ཐོར་རྩོམ་ཕྱོགས་བསྒྲིགས་བཅས་དེབ་དྲུག་ཡོད། 

 སྐུ་ཞབས་དོན་གྲུབ་རྒྱལ་མཆོག་ནི་༡༩༥༣ ཨ་མདོ་གཅན་ཚ་དགུ་རོང་ཞེས་པའི་ས་ཁུལ་དུ་སྐུ་འཁྲུངས་པ་དང་སྨྱུག་མིང་ལ་རང་གྲོལ་ཟེར། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་བྱས། ཕྱི་ལོ་༡༩༧༠ མཇུག་ནས་བཟུང་སྙན་ངག་དང་བརྩམས་སྒྲུང་སོགས་འབྲི་རྒྱུ་འགོ་བརྩམས་པ་དང༌། ཁོང་གི་བརྩམས་ཆོས་ལ་ཀློག་མཁན་གང་མང་ཞིག་གིས་དགའ་བསུ་ཐོབ་པ་དང་ཆབས་གཅིག་རྙིང་ཞེན་ཅན་ཁག་ཅིག་གིས་ཁོང་ལ་ལྟ་བ་ལོག་པ་དང༌། མི་རིགས་ཀྱི་ཞབས་འདྲེན་ཞེས་སྡུག་དམོད་ཀྱང་བྱས་ཡོད་པ་རེད། སྟབས་མ་ལེགས་པ་ཞིག་ལ། ༡༩༨༥ ལོའི་ཟླ་བ་ ༡༡ ཚེས་ ༢༢ ཉིན་གྱི་དགོང་མོར་ཨ་རག་གང་ཙམ་འཐུང་རྗེས། ཁོང་གི་བློས་ཐུབ་གྱི་གྲོགས་པོ་ཟླ་བ་བློ་གྲོས་ལགས་ལ་ཞལ་ཆེམས་ཞིག་བཞག་སྟེ་འཇིག་རྟེན་འདི་དང་བྲལ། དེ་ཡང་ཞལ་ཆེམས་ནང་དུ། ང་རང་ཁྱེད་ཚོ་དང་གཏན་བྲལ་བྱུང་དགོས་པ་ནི་ཁྱེད་ཀྱིས་རྒྱུ་མཚན་ལྡན་པ་ཤིག་ལ་ངོས་འཛིན་བྱེད་ཐུབ་པའི་རེ་བ་ཡོད་་་་་་་༌། ངས་ད་ལྟ་བར་དུ་རྩོམ་ཡིག་མང་པོ་ཞིག་བྲིས་པའི་དམིགས་ཡུལ་ནི་ང་ཚོའི་མི་རིགས་ཀྱི་བསམ་བློ་གོ་རྟོགས་སེལ་ཆེད་ཡིན་མོད།  འོན་ཀྱང་ང་རང་ཕམ་ཁ་བྱུང་བ་རེད།  དེར་བརྟེན། ངའི་ཚེ་སྲོག་གིས་བོད་མི་རིགས་ལ་འབོད་སྐུལ་ཞུ་རྒྱུ་ཡིན།་ ཞེས་ཞལ་ཆེམས་བཞག་ནས་འཇིག་རྟེན་འདི་དང་བྲལ།

སྙན་རྩོམ་ཕྱོགས་བསྒྲིགས།
སྐུ་ཞབས་དོན་གྲུབ་རྒྱལ་མཆོག་ནི་བོད་ཀྱི་དེང་རབས་སྙན་ངག་གི་ལམ་སྟོན་པ་གཙོ་གྲས་ཞིག་ལ་ངོས་འཛིན་བྱེད་གི་ཡོད་པ་དང༌། ཁོང་རང་འདས་གྲོངས་སུ་སོང་བ་དེས་བོད་ཀྱི་དེང་རབས་རྩོམ་རིག་གི་མདུན་ལམ་ཐད་ལ་གྱོང་གུད་ཆེན་པོ་ཞིག་ཐེབས་པར་དེང་རབས་གཞོན་སྐྱེས་རྩོམ་པ་པོ་མང་པོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། སྐུ་ཞབས་དོན་གྲུབ་རྒྱལ་མཆོག་གིས་བརྩ་མས་པའི་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ་དེའི་གླེང་བརྗོད་དུ་མཁས་དབང་གཉའ་བློ་གྲོས་རྒྱལ་མཚན་མཆོག་གིས།  
མཁས་མཆོག་དོན་གྲུབ་རྒྱལ་ནི་སྙན་ངག་གསར་བའི་དུང་བརྡ་གཏོང་མཁན་དང༌།སྒྲུང་རྩོམ་གསར་བའི་ལམ་སྣ་འཁྲིད་མཁན་ཡིན་ཞེས་ཀུན་གྱིས་བརྗོད་བཞིན་ལགས་ན་ཁོང་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ཤིང་རྟའི་སྲོལ་འབྱེད་ཅིག་ལ་བརྩི་ཆོག་ཞེས་བྲིས་ཡོད་པས་མཁས་དབང་གཉའ་བློ་གྲོས་རྒྱལ་མཚན་ལགས་ཀྱིས་དོན་གྲུབ་རྒྱལ་གྱི་སྙན་རྩོམ་ལ་གདེང་འཇོག་ཆེན་པོ་གནང་ཡོད་པ་དེ་དོན་ལ་གནས་པ་ཞིག་རེད། སྙན་རྩོམ་ཕྱོགས་བསྒྲིགསཀྱི་དེབ་དེའི་ནང་དུ་སྙན་ངག་༢༠ ཐམ་པ་ཕྱོགས་བསྒྲིགས་གནང་ཡོད་པ་དང༌།དམ་པ་གང་གི་སྙན་རྩོམ་རྣམས་གོ་བདེ་ཞིང་ནང་དོན་ཕུན་སུམ་ཚོགས་པ།མི་རིགས་སྙིང་སྟོབས་དང། མདུན་ལམ་མཚོན་པ་ཞིག་ཡིན་པས་ཁོང་གི་སྙན་རྩོམ་ལ་མི་ཀུན་གྱིས་དགའ་བོ་བྱེད་པ་དང།  ཁྱད་པར་དུ་ཁོང་གིས་བརྩམས་པའི་ལང་ཚོའི་རྦབ་ཆུ་ནི་སྙན་ངག་གསར་བའི་དུང་བརྡ་གཏོང་མཁན་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  
དེ་ཡང་ལང་ཚོའི་རྦབ་ཆུ་ལས།
འདི་ནི་བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་ལང་ཚོའི་རྦབ་ཆུ་རེད།
འདི་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་བོད་རིགས་གཞོན་ནུ་རྣམས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས།
འཐབ་འཛིང་གི་ཉམས་འགྱུར།
ལང་ཚོ་ཡི་གླུ་སྒྲ་རེད།
ཀྱེ་ཀྱེ། རྦབ་ཆུ་ཡི་ལང་ཚོ་ཡ  

ལང་ཚོ་ཡི་རྦབ་ཆུ།                                                                          writen1  དོན་གྲུབ་རྒྱལ་གྱི་ལག་བྲིས།
ཁྱེད་ལ་འཇིགས་པ་མེད་པའི་སྙིང་སྟོབས་དང༌།
ཞུམ་པ་མེད་པའི་སྤོབས་པ།
ཉམས་པ་མེད་པའི་སྟོབས་ཤུགས།
འཛད་མཐའ་མེད་པའི་ཟིལ་ཤུགས་འདི་འདྲ་ཞིག་ཇི་ལྟར་རྒྱས་པ་ཡིན།
ལང་ཚོའི་རྦབ་ཆུ་ཞེས་པའི་སྙན་ངག་དེ་༡༩༨༠ ནང་ལ་གསར་རྩོམ་བྱས་པ་དེས་བོད་ཀྱི་དེང་རབས་དང་ཡང་ན་རང་མོས་སྙན་ངག་གི་ལམ་ཁ་གསར་བ་ཞིག་གཏོད་ཡོད་པར་མཁས་དབང་མང་པོས་ངོས་འཛིན་བྱས་ཡོད་པ་མ་ཟད། སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་ཚིག་བརྩམས་པའི་ མཚོ་སྔོན་པོ་   ཞེས་པའི་གླུ་དབྱངས་དེ་བོད་ཀྱི་ས་ཁུལ་ཡོངས་སུ་དགའ་མོས་བྱེད་གི་ཡོད་པ་དང། འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་རྣམས་ཀྱི་ཁྲོད་དུ་དར་ཁྱབ་ཆེ་བ།  གཞས་དེས་མི་རིགས་ཀྱི་ལ་རྒྱ་མཚོན་ཐུབ་ཀྱི་ཡོད་པ་རེད། གཞས་དེའི་གདངས་རྩོམ་མཁན་སྐུ་ཞབས་གཅོད་པ་ཐར་ལགས་ཀྱིས། ཉིན་གཅིག་ངས་དོན་གྲུབ་རྒྱལ་ལ་གཞས་ཚིག་ཅིག་རྩོམ་རོགས་ལབ་པ་ཡིན།  ཁོང་གིས་གཞས་ཚིག་ག་རེ་ཞེས་དྲིས་སོང༌།  ངས་མཚོ་སྔོན་པོ་ལབ་པ་ཡིན། དེ་ནས་ཁོང་གིས་དུ་བ་འཐེན་བཞིན་བསམ་བློ་བཏང་ནས་སྐར་མ་ཉི་ཤུ་ནང་བྲིས་ཚར་སོང༌། བྲིས་ཚར་ནས་ཉིན་ཁ་ཤས་རྗེས་ངས་བརྗེ་བོ་རྒྱབ་པའི་ས་ཆ་ཁ་ཤས་ཡོད། ཁོང་གིས་སྐར་མ་ཉི་ཤུའི་ནང་ལ་བྲིས་ཚར་བ་རེད།  ངས་གདངས་བཟོ་རྒྱུར་ལོ་གཅིག་འགོར་སོང༌།  ཡང་བཟོས་ཡང་མ་འགྲིག་དེ་རེད༌།་ཅེས་ང་ལ་དངོས་སུ་གསུངས།

སྐུ་ཞབས་དོན་གྲུབ་རྒྱལ་དགོངས་པ་རྫོགས་པ་དེ་བོད་ཀྱི་མཁས་དབང་དང་གཞོན་སྐྱེས་མང་པོ་ཞིག་གིས་དེང་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་གྱོང་གུད་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཏེ། ཁོང་ལ་མྱ་ངན་ཚོགས་འདུ་འཚོགས་པ་དང༌། ཁོང་གི་རྩོམ་ཡིག་ཁག་ལ་དཔྱད་པ་གཏོང་བ།  ཁོང་ལ་སྙན་ངག་འབྲི་བ་སོགས་མང་པོ་བྱུང་ཡོད་པ་རེད། ཁོང་དགོངས་པ་རྫོགས་ནས་ལོ་བཅུ་འཁོར་བའི་མྱ་ངན་དུས་དྲན་སྐབས་སུ་ཕྲན་གྱིས་ཀྱང་ཁོང་སྙན་ངག་ཞིག་བྲིས་པ་ཡིན།

སྐུ་ཞབས་དོན་གྲུབ་རྒྱལ་ལགས་སུ་ཕུལ་བ།
སྐུ་ཞབས་དོན་གྲུབ་རྒྱལ་ལགས། 
ཁྱེད་ཀྱིས་གསན་བྱུང་ངམ།
མི་ལ་ལས་བཤད་ན།
ཁྱེད་ནི་ང་ཚོའི་མི་རིགས་ཀྱི་རླབས་ཆེ་བའི་དཔའ་བོ་ཞིག་ཡིན་ཟེར།
མི་ལ་ལས་བཤད་ན།
ཁྱེད་ནི་ང་ཚོའི་ཡབ་མྱེས་ཀྱི་ཞབས་འདྲེན་ཞིག་ཡིན་ཟེར།
མི་ལ་ལས་བཤད་ན།
ཁྱེ་ནི་ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཕམ་ཁ་མྱོང་མཁན་ཞིག་ཡིན་ཟེར།
ངས་བཤད་ན།
ཁྱེད་ནི་ཁྱེད་རང་སྟེ།
འཁྱག་རོམ་ཁྲོམ་དུ་འབར་བའི་མེ་དཔུང་ཞིག
ཁྱེད་ཀྱིས་ང་རྒྱལ་གྱི་མགོ་བོ་གྱེན་དུ་བསྒྲེངས་མ་མྱོང་ཡང༌།
རང་རིགས་ལ་ཞེན་པའི་མིག་ཆུ་ས་ལ་འཁྱིལ་མྱོང༌།
ཁྱེད་ཀྱིས་འདི་ཡང་བདེན་པར་མི་འཛིན།
འདི་ནི་ཁྱེད་ཀྱི་གཤིས་ཀ།
ཁྱེད་ཀྱིས་གངས་རི་དེ་དཀར་བོ་ཡིན་རྟོགས།
གནམ་མཁའ་དེ་བྱ་ལ་དབང་བ་ཤེས།
དེ་བས་ཁྱེད་ཀྱི་སེམས་སུ་བློ་ཕམ་བྱུང་མ་མྱོང་ཡང༌།
གདུང་སེམས་ཀྱི་མཆི་མ་ཁོག་ཏུ་འཁྱིལ་མྱོང༌།
ཁྱེད་ནི་རྒྱང་ཐག་རིང་བའི་གསང་བ་ལྐོག་གྱུར་གྱི་གནས་ཤིག་ནས་ཆས་ཏེ།
སྤྱིར་བཏང་གི་ཚེ་སྲོག་ཅིག་དང་འགྲོགས་ནས་སླེབས།

ཁྱེད་ཀྱི་གདོང་ལ་འཛུམ་མདངས་རྒྱས་བཞིན།
གསོན་སྙིང་དམར་པོ་ཞིག་དང་འགྲོགས་ཏེ།
རྒྱང་ཐག་རིང་བའི་གསང་གནས་གཞན་ཞིག་ཏུ་བཞུད།

སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་མི་ཚེ་ཧྲིལ་བོར་བརྩམས་བྲིས་གནང་བའི་རྩོམ་ཡིག་རྣམས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བན་ཁོ་ལགས་དངན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་བཀྲ་རྒྱལ་གཉིས་ཀྱིས་ཕྱོགས་བསྒྲིགས་བྱས་ཏེ་པེ་ཅིང་མི་རིགས་པར་སྐྲུན་ཁང་གིས་པར་བསྐྲུན་བྱས་པ་དེ། ང་ཚོ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་མཛད་རྗེས་ཆེན་པོ་ཞིག་ཡིན་པ་མ་ཟད།  སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་མི་ཚེ་ཧྲིལ་བོར་དཀའ་ལས་རྒྱབ་ནས་བརྩམས་པའི་རྩོམ་ཡིག་ཚང་མ་ང་ཚོའི་མིག་མདུན་དུ་བཤམས་པ་བཀའ་དྲིན་ཆེ་བ་དང༌། རྩ་ཆེན་པོ་ཞིག་རེད།  སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་སྙན་རྩོམ་ཁྲོད་དུ་མི་རིགས་ཀྱི་གཤིས་ཀ་ལྡན་ཞིང༌། རང་གི་མི་རིགས་ལ་དགའ་ཞེན་ཡོད་པ་མངོན་ཐུབ་པ་དང༌། གཞན་ཡང་ཁོང་གི་སྙན་རྩོམ་དེ་དག་གི་ནང་དུ་བོད་ཀྱི་རྙིང་ཞེན་དང་མཁྲེགས་བཟུང་གི་ལྟ་བས་མི་རིགས་ཀྱི་མདུན་ལམ་ལ་བཀག་འགོག་བྱེད་བཞིན་ཡོད་པའི་ཚོར་བ་ཤུགས་ཆེན་པོ་ཞིག་མཐོང་ཐུབ་ངེས་རེད།

བརྩམས་སྒྲུང་ཕྱོགས་བསྒྲིགས།
སྐུ་ཞབས་དོན་གྲུབ་རྒྱལ་གྱིས་༡༩༨༠ལོ་ནས་བརྩམས་སྒྲུང་འབྲི་བའི་འགོ་ཚུགས་ནས་བརྩམས་སྒྲུང་མང་པོ་ཞིག་བརྩམས་ཡོད་པ་ལ་ཀློག་པ་པོ་གང་མང་གིས་དགའ་བསུ་ཐོབ་དང་མཉམ་དུ་ཁོང་གི་བརྩམས་སྒྲུང་ལ་མི་དགའ་བ་དང་ངོ་རྒོལ་གྱི་རྣམ་པ་སྟོན་མཁན་ཀྱང་བྱུང་ཡོད་པ་རེད། སྐུ་ཞབས་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཀྱི་གླེང་གཞིའི་ནང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས།
 ཕུལ་དུ་བྱུང་བའི་རང་རིགས་གཞོན་ནུ་རྩོམ་རིག་མཁས་ཅན་དང༌།   བོད་རིག་པའི་ཞིབ་འཇུག་མཁས་ཅན་བློ་མཐུན་དོན་གྲུབ་རྒྱལ་ནི་ཆེ་གསལ་རྣོ་མྱུར་གྱི་རྣམ་དཔྱོད་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད།    རིག་གནས་ལོ་རྒྱུས་ཀྱི་གནད་དོན་ཆེ་ཆུང་གང་ལ་ཡང་ལུང་ཙམ་འཛིན་པའི་ཟེར་སྒྲོས་ཀྱི་རྗེས་སུ་མ་འབྲངས་པར་ཕྲ་ཞིབ་རིགས་པའི་ལམ་ནས་རང་སྟོབས་ཀྱིས་ཞིབ་འཇུག་བྱས་པའི་མཇུག་སྡོམ་ཚད་འཛིན་འཕེར་བ་ཞིག་མ་བྱུང་བར་དུ་རང་དགར་མི་འཇོག་པའི་སྙིང་སྟོབས་བརྟན་ཡོད་པ་ཞིག་ཡིན་སྟབས། རྩོམ་རིག་སྒྱུ་རྩལ་དང།  ཞིབ་འཇུག་གི་ཆེད་ཐད་ལ་དམིགས་བསལ་ལྟ་བུ་དང་ཁྱད་ཆོས་ལྡན་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད།  ཞེས་བོད་ཀྱི་མཁས་དབང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ནི་རྩོམ་རིག་མཁས་ཅན་དང༌། བོད་རིག་པའི་ཞིབ་འཇུག་མཁས་ཅན་ཞིག་ལ་ངོས་འཛིན་བྱས་ཡོད་པ་དང༌། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མུ་མཐུད་དུ་བརྩམས་སྒྲུང་ཕྱོགས་བསྒྲིགས་ཀྱི་གླེང་གཞིའི་ནང་བཀོད་དོན། 
 སྐུ་ཞབས་དོན་གྲུབ་རྒྱལ་འཚོ་བཞུགས་ཀྱི་དུས་སྐབས་ཧ་ཅང་ཐུང་ངུ་ཞིག་གི་ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་མང་པོ་ཞིག་ཐོབ་ཐུབ་པ་དེའི་ཐོག་ནས། ཁོང་འཚོ་བཞུགས་ཀྱི་དུས་ཡུན་ཧ་ཅང་ཐུང་ཡང་མཛད་རྗེས་ནི་ནམ་ཡང་བསུབ་ཐབས་བྲལ་བའི་རླབས་ཆེན་ཞིག་ཡིན་པ་དང༌། གཞན་རྐྱེན་ངན་པའི་འོག་གློ་བུར་དུ་ང་ཚོ་དང་ཁ་བྲལ་བ་ནི། རང་རིགས་ཀྱི་རིག་གནས་སློབ་གསོ་དང་བོད་རིག་པའི་ཞིབ་འཇུག་ལས་དོན་ཐད་བློ་ཕམ་ཚད་མེད་སྐྱེ་དགོས་པའི་གྱོང་གུད་ཞིག་རེད།
 ཞེས་ཕངས་སེམས་སྐྱེས་ཡོད་པ་རེད།

གཞན་ཡང་ཁོང་གཉིས་ལ་རྒྱུས་མངའ་ཡོད་པའི་སློབ་གྲོགས་ཞིག་གིས། ཁོང་རྣམ་པ་རྒྱ་ནག་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་སྐབས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་སྐུ་ཞབས་དོན་གྲུ་རྒྱལ་ལ་ཚད་མཐོ་བའི་གདེང་འཇོག་གནང་གི་ཡོད་པ་རེད་ཞེས་ང་ལ་གསུངས་མྱོང།  སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་སྒྲུང་རྩོམ་ཕྱོགས་བསྒྲིགས་ནང་དུ་བརྩམས་སྒྲུང་ཁག་༡༥་བསྡུས་ཡོད་པ་དང༌།  བརྩམས་སྒྲུང་རྣམས་གོ་བདེ་ཞིང་བོད་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པར་བྱས་ཏེ།  སྤྱི་ཚོགས་ཁྲོད་ཀྱི་དགེ་སྐྱོན་རྣམས་ཐེར་འདོན་བྱས་ཡོད་པ་དཔེར་ན། ཁོང་གིས་བརྩམས་པའི  སྤྲུལ་སྐུ་ བརྩམས་སྒྲུང་ལ་སྐབས་དེར་མི་མང་པོ་ཞིག་སྐྱོན་བརྗོད་བྱས་པ་དང།      མི་ཁ་ཤས་ཀྱིས་དམ་པ་ཁོང་ལ་བསྟན་དགྲ་ཞེས་སྡུག་དམོད་ཀྱང་བྱས་ཡོད་པ་རེད། དོན་དངོས་ཐོག      སྤྲུལ་སྐུ  ཞེས་པའི་བརྩམས་སྒྲུང་དེའི་ནང་སྐབས་དེར་མ་རབས་ཐ་ཤལ་གྱི་སྐྱེ་བོ་ཁ་ཤས་ཀྱིས་གྲྭ་བ་དང་བླ་མར་བརྫུས་ཏེ༌།  གཞུང་དྲང་ཞིང་ཆོས་དད་ཆེ་བའི་བོད་མི་དམངས་ལ་ཚུལ་མིན་གྱི་མགོ་བསྐོར་གཏོང་བཞིན་ཡོད་པའི་ནག་ཉེས་ཐེར་འདོན་བྱས་པ་རེད། བརྩམས་སྒྲུང་དེའི་སྐོར་ལ་དམ་པ་གང་མི་ཡུལ་དུ་བཞུགས་སྐབས་འབྲེལ་འདྲེས་ཆེ་བའི་གྲོགས་པོ་གཅོད་པ་ལགས་ཀྱིས་གསུངས་དོན།
 ཉིན་ཞིག་ངས་དོན་གྲུབ་རྒྱལ་ལ་མི་ཁ་ཤས་ཀྱིས་བཤད་ན་ཁྱེད་རང་གིས་ནང་ཆོས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་ཟེར་བ་བདེན་ནམ། ཞེས་དྲིས་སྐབས། ཁོང་གིས། ངས་ནང་ཆོས་ལ་ངོ་རྒོལ་བྱེད་ཀྱི་མེད།    ནང་བའི་ཆོས་ལ་དད་པ་བྱེད་མཁན་བོད་པ་ཁོ་ན་མ་ཡིན་པར་འཛམ་གླིང་འདིའི་སྟེང་མི་རིགས་མང་པོས་དད་པ་བྱེད་བཞིན་ཡོད་པ་རེད། ངས་དེ་ལ་ངོ་རྒོལ་བྱས་ན་འགྲིག་གི་མ་རེད། ངས་སྤྲུལ་སྐུ་ཞེས་པའི་བརྩམས་སྒྲུང་དེ་འབྲི་དོན་ནི་བླ་མ་ཁ་ཤས་ཀྱི་བྱ་བ་སྤྱོད་པ་དེ༌། ང་ཚོ་བོད་མི་རིགས་གོང་འཕེལ་དང། མི་རིགས་ཀྱི་རིག་གནས་སློབ་གསོ་བཅས་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པ་དེ་རེད། བླ་མ་ངོ་མའི་ནང་ན་དེ་འདྲ་ཡོད་པ་དང༌། ཁ་ཤས་བླ་མ་རྫུན་མ་འཁྲབ་བཞིན་ཡོད་པ་དེ་རེད།
སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་བརྩམས་པའི་  སད་ཀྱི་བཅོམ་པའི་མེ་ཏོག  ཞེས་པའི་བརྩམས་སྒྲུང་དེ་ནི་རྩོམ་པ་པོ་རང་ཉིད་ཀྱི་གཞོན་ནུའི་སྐབས་ཀྱི་ཉམས་མྱོང་དང༌། འཚོ་བའི་གནས་སྟངས་གཞི་ལ་བཞག་ནས་བྲིས་པའི་བརྩེ་དུང་གི་གཏམ་རྒྱུད་ཞིག་ཡིན། གཏམ་རྒྱུད་དེ་མི་སྣ་མང་པོ་ཞིག་གིས་རང་ཉིད་ཀྱི་དངོས་བྱུང་གཏམ་རྒྱུད་བཤད་ཀྱི་ཡོད་པའི་བྱེད་ཐབས་སྤྱད་ནས་བྲིས་ཡོད་པས་ཀློག་པ་པོ་རྣམས་ཀྱི་སེམས་ལ་བབས་སླ་བ་དང།  སེམས་ཀྱི་ཚོར་བ་འགུལ་བསྐྱོད་གཏོང་ཐུབ་པའི་ནུས་པ་ལྡན།      དེ་ཡང་རང་རེའི་་བོད་ཀྱི་སྤྱིཚོགས་ནང་ཕ་མས་བུ་ཕྲུག་ལ་གཉེན་བཙན་སྒྲིག་བྱེད་དུ་བཅུག་གི་ཡོད་པའི་སྲོལ་རྒྱུན་ལ་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་རྒོལ་རྡུང་བཏང་ཡོད་པ་མ་ཟད།  བུ་ཕྲུག་མ་ཨའི་ཁོག་པའི་ནང་དུ་ཡོད་དུས་ནས་གཉེན་རྟགས་རྒྱག་གི་ཡོད་པའི་སྤྱོད་ངན་དང་སྐྱོན་ཆ་འཚང་འབྱིན་བྱས་ཡོད་པ་རེད། སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་བྲིས་པའི་བརྩམས་སྒྲུང་ཀློག་ཚེ་ང་ཚོ་བོད་ཀྱི་འཚོ་བའི་གནས་སྟངས་དང༌། གྲོང་གསེབ་པའི་ཆགས་དབྱིབས་སོགས་འདྲ་པར་ནང་བཞིན་མི་མདུན་དུ་མངོན་ཐུབ། སྐུ་ཞབས་དོན་གྲུབ་རྒྱལ་ལགས་དང་ཧ་ཅང་འབྲེལ་འདྲིས་ཆེ་བའི་བོད་ནང་དུ་ཡོད་པའི་མིང་བརྗོད་འདོད་མེད་པའི་ཁོང་གི་གྲོགས་པོ་ཞིག་གིས་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་སྐོར་ལ་གསུངས་དོན།
སྐབས་དེར་སྐུ་ཞབས་དོན་གྲུབ་རྒྱལ་བོད་མདོ་དབུས་ཁམས་གསུམ་ཀུན་ཏུ་ན་གཞོན་ཁྲོད་དུ་མིག་དཔེ་ལྟ་བུར་གྱུར་བའི་ནུས་པ་དང༌། འབུར་དུ་ཐོན་པ་ཡོད་པ་རེད། སྐབས་དེར་ཁོང་གི་རྩོམ་ནི་སྤྱིར་བཏང་གི་གོ་སླ་བ་ཞིང༌། ནང་དོན་ལྡན་པ་ཞིག་ཡིན། དེ་ནས་ཁོང་སློབ་གྲྭ་ཆེན་མོར་འགྲིམ་པ་དང༌། སློབ་གྲྭ་ཆེན་མོའི་དགེ་རྒན་བྱས་པ། དེ་ནས་ཤེས་ཡོན་ཅན་འདྲ་མིན་སྣ་ཚོགས་ལ་ཐུག་འཕྲད་བྱུང་སྟེ། དགེ་རྒན་མང་པོའི་མདུན་དུ་སློབ་གཉེར་བྱས་པས་ཁོང་གི་ཤེས་རྒྱ་དང་ཕྱོགས་གང་ཐད་ནས་རྒྱ་བསྐྱེད་བྱུང་ཡོད་པ་བཞིན། ཁོང་བྲིས་པའི་རྩོམ་ཀྱང་སྔོན་ཆད་ལས་ནང་དོན་དང༌། ཚིག་སྦྱོར་གང་ཅིའི་ཐད་ཕུལ་དུ་བྱུང་ཡོད་པས་དེང་སྐབས་ཀྱང་མདོ་དབུས་ཁམས་གསུམ་ཀུན་ཏུ་དོན་གྲུབ་རྒྱལ་མི་ཤེས་མཁན་མེད།
 ཞེས་གསུངས།

གཞན་ཡང་ཁོང་གིས་བརྩམས་པའི་ཚུལ་ཁྲིམས་རྒྱ་མཚོ་ཞེས་པའི་ནང་དུ་བོད་མི་རིགས་དང༌། བོད་ཀྱི་རིག་གཞུང་ལ་དགའ་ཞེན་དང་གཅེས་ཉར་བྱེད་མཁན་ཚུལ་ཁྲིམས་རྒྱ་མཚོའི་ཞེས་པའི་མི་སྣ་གཅིག་གི་ལོ་རྒྱུས་ལས་སྐབས་དེའི་བོད་སྤྱི་ཚོགས་ཀྱི་གནས་སྟངས་གསལ་སྟོན་བྱས་ཡོད་པ་རེད། བློ་ཕམ་པ་ཞིག་ལ་དམ་པ་གང་གིས་བརྩམས་སྒྲུང་དེ་མཇུག་མ་རྫོགས་གོང་འདས་གྲོངས་སུ་གྱུར་བས་གཏམ་རྒྱུད་དེ་ཡང་མཇུག་འཕྲོར་ལུས་ཡོད་པ་རེད།  ཡིན་ནའང་དགའ་འོས་བ་ཞིག་ལ་རྡོ་རྗེ་རིན་ཆེན་དང༌།  གངས་ཞུན་ཟེར་བ་གཉིས་ཀྱིས་ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོའི་གཏམ་རྒྱུད་མཇུག་སྐྱོང་བྱས་ཏེ། ང་ཚོ་ཀློག་མཁན་རྣམས་ཀྱི་མིག་མདུན་དུ་ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོ་མི་ཚེའི་གསལ་བོར་སྟན་ཡོད༌།  དེ་ཡང་ཁོང་རྣམ་གཉིས་ཀྱིས་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བརྩམས་པའི་ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོ་མི་ཚེ་མཇུག་སྐྱོང་བྱས་བ་ནི་སྐུ་ཞབས་ཁོང་བརྩི་བསྐུར་བྱས་པ་ཞིག་མཚོན་ཡོད།

སྤྱིར་སྐུ་ཞབས་ཁོང་གིས་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་པ་དེས་བོད་ཀྱི་སྤྱི་ཚོགས་ཕན་ནུས་དང།   དེང་རབས་བོད་ཀྱི་རྩོམ་རིག་ལ་དོན་ཕན་ལྡན་པའི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།  སྐུ་ཞབས་དོན་གྲུབ་རྒྱལ་དགོངས་པ་རྫོགས་པར་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་མང་པོས་སྙན་ངག་བྲིས་པ་དང།    བོད་ཀྱི་མཁས་དབང་དང་ཕྱི་རྒྱལ་གྱི་བོད་རིག་པའི་མཁས་དབང་ཁག་གིས་ཁོང་ལ་རྗེས་སུ་ཡི་རངས་བྱེད་བཞིན་ཡོད་པ་རེད། བོད་ནང་དུ་ཡོད་པའི་དེང་རབས་གཞོན་སྐྱེས་སྙན་ངག་མཁན་ཨོ་རྒྱན་རྡོ་རྗེ་ལགས་ཀྱིས་དམ་པ་གང་ལ་སྙན་ངག་ཅིག་བྲིས་འདུགཔ་འདི་ལྟར།

ངས་ཁྱོད་ལ་ཁ་རྡུང་གཏོང༌།
མཐོ་སྒང་གི་རླུང་བུ་དྲག་ཏུ་ལྡང་བྱུང༌།
འུར་འུར་དུ་ལྡང་བའི་རླུང་བུ་ཁོས།
ཁྱོད་ཉིད་ལྔ་བའི་ལམ་དུ་སོང་བའི།
གཏམ་ངན་ཞིག་གང་སར་བསྐྱལ།

ངའི་ཡིད་གཏིང་གི་སྲུབས་ཀ་ཞིག་ནས།
ཕང་སེམས་ཀྱི་བསིལ་རླུང་ཞིག་ལྡང་སྟེ།
གངས་ཅན་གྱི་ནོར་བུ་རྩ་ཆེན་ཞིག
འཆི་བདག་གིས་བཅོམ་སོང་སྙམ་བཞིན།
དངངས་འདར་ཞིག་དབང་མེད་དུ་ཤོར།
ཁྱོད་འགྲོ་རྒྱུ་སྔ་དྲགས་སོང༌།
ཧ་ཅང་སྔ་དྲགས་སོང།
ཁྱོད་ཚེ་སྲོག་དོར་ནས་ལྔ་ལམ་དུ་སོང་བས།
ད་ནི་ལང་ཚོ་རྦབ་ཆུའི་རྦ་རླབས་འཇག
ཤ་དང་རུས་པའི་བརྩེ་དུང་གི་དྲོད་ཡལ།
རྐང་ལམ་ཕྲ་མོ་རྡུལ་གྱིས་བསྒྲིབས་ཏེ་མི་མངོན་པས་གྱུར།
ཚུལ་ཁྲིམས་རྒྱ་མཚོའི་མི་ཚེ་འཕེན་པ་རྫོགས།
སྤྲུལ་སྐུ་རྫུན་མ་སྔར་བཞིན་ཉམ་མེད་གནས།
དེའི་ཕྱིར།    
ངས་ཁྱེད་ལ་ཁ་རྡུང་གཏོང༌།
དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དོན་གྲུབ་རྒྱལ་དགོངས་པ་རྫོགས་པར་གཞོན་སྐྱེས་རྩོམ་པ་པོ་དང༌།  སློབ་ཕྲུག་གང་མང་སེམས་སྡུད་ཚད་མེད་བྱུང་བ་མ་ཟད། ཁོང་གིས་རང་སྲོག་བཅད་ལ་ལ་མ་དགའ་བའི་འཁང་ར་བྱེད་བཞིན་ཡོད་པ་དང།  ཁོང་འཇིག་རྟེན་མི་ཡུལ་འདིར་བཞུགས་ཡོད་པ་ཡིན་ན་བོད་ཀྱི་རྩོམ་རིག་ཁྲོད་དུ་ཁྱད་འཕགས་དང་བླ་མེད་ཀྱི་མཛད་རྗེས་འཇོག་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

དཔྱད་རྩོམ་ཕྱོགས་བསྒྲིགས།
སྤྱིར་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་དཔྱད་རྩོམ་མང་པོ་ཞིག་བྲིས་ཡོད་པ་དེ་དག་ཕྱོགས་བསྒྲིགས་བྱས་ཏེ།   ད་ཐེངས་ པེ་ཅིན་དུ་ཡོད་པའི་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད་པ་དེའི་གླེང་གཞིའི་ནང་མཁས་དབང་དོར་ཞི་རིན་པོ་ཆེ་མཆོག་གིས།  དོན་གྲུབ་རྒྱལ་དང་ངེད་གཉིས་བར་ལ་ལྷག་པའི་འབྲེལ་བ་བཟའ་བོ་ཞིག་ཀྱང་མེད་ལ། ལྟ་བ་ཡང་མཐའ་གཅིག་ཏུ་མཐུན་པ་མིན་ཡང་། དེང་དུས་ན་གཞོན་ཁྲོད་ན་རིག་པ་རྒོད་པོ་འདི་འདྲ་བ་དཀོན་པར་སྣང་ལ། ཁོ་རང་ཚོད་ཀྱིས་རང་གི་མི་རིགས་ལ་ཡང་ཞབས་འདེགས་ལག་རྗེས་གང་ཙམ་བཞག་ཡོད། སྤྱིར་བཏང་གི་དེང་དུས་ཀྱི་མི་ཡི་ཚེ་ཚད་ཅིག་ཐུབ་ཡོད་ན་དེ་ཚོད་ཀྱིས་རྩོམ་རིག་གི་ལག་རྗེས་བཟང་བོ་ཞིག་འཇོག་ཐུབ་པར་སྣང་ཡང་།  རང་གི་མི་རིགས་ལ་ཡང་ལས་མ་བྱུང་བས་རྐྱེན་ངན་གྱི་དབང་དུ་གྱུར་བ་བསམ་ཚེ་སྐྱོ་ཤས་དབང་མེད་དུ་སྐྱེ།
 ཞེས་བཀོད་ཡོད་པ་རེད།

དམ་པ་དོན་གྲུབ་རྒྱལ་གྱིས་དཔྱད་རྩམ་ཕྱོགས་བསྒྲིགས་ནང་དུ་དཔྱད་རྩོམ་ཁག་༡༦་བསྡུས་ཡོད་པའི་ནང་འཇམ་གཉེམ་རྩྭའི་གླུ་སྒྲ་བཀླགས་པའི་འཆར་སྣང༌། ཞེས་པ་ནི་༡༨༩༤་ལོའི་མཚོ་སྔོན་མང་ཚོགས་སྒྱུ་རྩལ་ཞེས་པའི་དུས་དེབ་ཐོག་པར་བསྐྲུན་བྱས་པའི་རྩོམ་ཡིག་དེ་བཀླགས་པའི་འཆར་སྣང་བཀོད་ཡོད་པ་རེད།    དེ་ཡང་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་དཔྱད་རྩོམ་དེའི་ནང། ཁྱེད་ཀྱིས་རྩོམ་ཡིག་དེ་བཀླ་གས་མྱོང་ཡོད་ཚེ། རང་གི་འཚོ་བ་དང་འབྲོག་ཕྱོགས་སུ་རྩ་ཉག་རེ་རེ་བར་དུ་མངོན་སུམ་སམ་ལྐོག་གྱུར་གྱི་འབྲེལ་བ་གང་རུང་ཡོད་པའི་བསམ་བློའི་འདུ་ཤེས་ནི་ཅི་ནས་ཀྱང་སྐྱེས་བར་འགྱུར་ལ།  རྩྭ་ཉག་དེ་དག་གི་རིན་ཐང་དང་བཀའ་དྲིན་ནི་གཞལ་མི་ཐུབ་པ་ཞིག་རེད་ཨང་སྙམ་པའི་བསམ་བློ་ངམ་ངམ་ཤུགས་ལ་འབྱུང་ངེས་རེད། གཉེན་ཞིང་འཇམ་པའི་རྩྭཡི་རྣ་མ་པ་དང་དེའི་གཤིས་ཀ་ལ་བསྔགས་བརྗོད་བྱས་པའི་ཤུགས་ལས་བོད་རིགས་འབྲོག་པ་དག་གི་དཔའ་ཞིང་ལས་ལ་བརྩོན་པའི་བླ་མེད་ཀྱི་གཤིས་བཟང་ལ་བསྔག་སབརྗོད་བྱས་ཡོད་པ་རེད།ཞེས་བཀོད་ཡོད་པ་དེ་ལས་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་རང་གི་མི་རིགས་དང་ལྷག་པར་དུ་འབྲོག་པ་རྣམས་ལ་གདེང་འཇོག་ཆེན་པོ་བྱས་ཡོད་པ་མཚོན་ཐུབ།  གཞན་ཡང་དཔྱད་རྩོམ་ཕྱོགས་བསྒྲིགས་ནང་བོད་ཅེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དངོས་བཤད་པ་དང༌། མི་ལ་རས་པའི་རྣམ་ཐར་གྱི་རྩོམ་པ་པའི་ལོ་རྒྱུས། བོད་གནའ རབས་ཀྱི་སློབ་གསོ་སྐོར་ཀྱི་འཆར་སྒོ། བོད་ཀྱི་ལོ་རྒྱུས་སྐོར་གྱི་བསམ་ཚུལ་ཐོར་བུ་འགའ།གནའ་རབས་ཀྱི་རིག་གནས་སྒྱུ་རྩལ་གྱི་བང་མཛོད་་་་་་་་ཏུན་ཧོང། བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཐོང་ཐོས་མདོར་བསྡུས་སོགས་བཀོད་ཡོད་པ་རེད། སྐུ་ཞབས་དོན་གྲུབ་རྒྱལ་གྱིས་དཔྱད་རྩོམ་མང་པོ་ཞིག་བྲིས་ཡོད་ཀྱང༌། རང་ཉིད་འདོད་པ་ཁེངས་ཡོད་པའི་དཔྱད་རྩོམ་གཉིས་ལས་བྱུང་མེད་པ་འདྲ། དེ་གཉིས་ནི་བོད་གྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་མདོར་ཙམ་བརྗོད་པ་སྔོན་བྱོན་མཁས་པའི་བཞེད་དགོངས་ཞེས་པ་དང།  ཁོང་ཉིད་ཀྱི་ཧྲོ་ཧྲི་ངམ་དགེ་བཤེས་ཀྱི་སློབ་ཐོན་ཆེད་རྩོམ་བོད་ཀྱི་མགུར་གླུ་བྱུང་འཕེལ་དང་ཁྱད་ཆོས་ཞེས་པ་དེ་གཉིས་ཡིན་པ་ཡིན་སྐུ་ཞབས་དོན་རྒྱལ་ལགས་ཀྱིས་ཁོང་གི་གྲོགས་པོ་ཁ་ཤས་གསུངས་མྱོང་ཡོད་པ་རེད།

བོད་གྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ལོརྒྱུས་མདོར་ཙམ་བརྗོད་པ་སྔོན་བྱོན་མཁས་པའི་བཞེད་དགོངས་ཞེས་པོའི་ནང་དུ་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས། ཆོས་ལུགས་བར་གྱི་འགལ་ཟླ།  རྒྱ་བོད་བར་ལ་དམག་འཁྲུག་ཐེངས་མང་བྱུང་བ་སོགས་གནད་དོན་མང་པོའི་ཐད་གཞན་གྱི་ཟེར་སྒྲོས་ལ་མ་ཉན་པར་རང་གི་རྣམ་དཔྱོད་་རིག་པའི་རྩལ་ལས་དཔྱད་པ་གནད་མ་གནང་ཡོད་པ་རེད།

བོད་ཀྱི་མགུར་གླུ་བྱུང་འཕེལ་དང་ཁྱད་ཆོས་ཞེས་པ་དེ་ སྐུ་ཞབས་དོན་རྒྱལ་ལགས་ཀྱི་ཧྲོ་ཧྲི་འམ་དགེ་བཤེས་གྱི་སློབ་ཐོན་སྐབས་ཆེད་རྩོམ་ཡིན་པ་དང༌། ཆེད་རྩོམ་དེ་ལ་ ་ཀློག་པ་པོ་མང་པོས་དགའ་བསུ་བྱས་ཡོད་པ་མ་ཟད༌། རྩོམ་པ་པོ་རང་ཉིད་ཀྱང་འདོད་བློ་ཁེངས་པའི་ངང་ཆེད་རྩོམ་དེ་ནི་རང་ཉིད་ཀྱི་དཔྱད་རྩོམ་ལེགས་ཤོས་དེ་ཡིན་པ་ངོས་འཛིན་བྱས་ཡོད་པ་རེད། དེ་ཡང་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་ཆེད་རྩོམ་དེའི་སྔོན་གླེང་གི་གཏམ་ནང་བཀོད་དོན།
མགུར་གླུ་བྱུང་འཕེལ་གྱི་ལོ་རྒྱུས་དང་དེའི་ཁྱད་ཆོས་ཞེས་བྱ་བ་འདི་ཁོ་བོས་ཧྲོ་ཧྲིའི་དམ་བཅའ་འཇོག་སྐབས་ཀྱི་ཆེད་རྩོམ་ཡིན།  སྤྱིར་བཏང་བསྟན་བཅོས་འདི་ལྟ་བུ་རྩོམ་པ་ཁོ་བོ་ལྟ་བུའི་བློ་བརྟུལ་བ་དག་གིས་སྤྱོད་བྱའི་འོས་སུ་མི་ཆེ་མོད།  འོན་ཀྱང་འདིའི་སྔོན་ལ་མགུར་གླུའི་རྣམ་བཞག་ཙམ་སྟོན་པའི་རྩོམ་ཡིག་ཙམ་ཡང་མ་མཐོང་བ་དང༌།མགུར་གླུ་བསྟན་བཅོས་བསྡུས་པ་འདི་ལྟ་བུ་ཞིག་འབྲི་བའི་ཀུན་སློང་སྔར་ནས་ཡོད་པའི་ཁར༌།  རེ་ཞིག་ཀྲུང་དབྱང་མི་རིགས་སློ་གྲ་ཆེན་མོར་སླཽབ་གཉེར་བྱེད་པའི་སྐལ་བ་དང་ལྡན་པར་གྱུར་སྟབས་བསམ་དོན་དེ་ལག་ལེན་དུ་བསྟར་བའི་མགོ་བརྩམས་པ་ཡིན།
 ཞེས་དང༌།   ཆེད་རྩོམ་འདིའི་ནང་དུ༌། མགུར་གླུ་ནི་དང་ཐོག་བོད་མི་རིགས་ཀྱི་དམངས་ཁྲོད་དུ་དར་བའི་སྒྱུ་རྩལ་ཞིག་ཡིན་པ་དང༌། བོད་དུ་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་ཆོས་ལུགས་པ་རྣམས་ཀྱིས་དམངས་ཁྲོད་ཀྱི་མགུར་གླུ་བེད་སྤྱོད་བཏང་ཏེ་མི་མང་ལ་ཆོས་ལུགས་ཀྱི་ལྟ་བ་དྲིལ་བསྒྲགས་བྱེད་པའི་ལག་ཆར་གྱུར་བའི་བརྒྱུད་རིམ་དང། ཏུན་ཧོང་ཡིག་ཚང་ནས་བྱུང་བའི་མགུར་གླུ་དང་དེ་ནས་མི་ལ་རས་པ་དང༌། གཙང་མྱོན་ཧེ་རུ་ཀ་སོགས་ཀྱི་མགུར༌། བོད་ཀྱི་གཙང་ཕྱོགས་སུ་དར་ཁྱབ་ཆེ་བའི་གཞས་དང། མ་མདོ་ས་ཁུལ་སོགས་ལ་དར་ཁྱབ་ཆེ་བའི་ལ་གཞས་སོགས་ལ་ལུང་གི་རྒྱབ་བརྟེན་དང༌། རིག་པའི་བརྡར་ཤ་བཅད་ནས་བོད་སྤྱི་ཚོགས་ཁྲོད་དུ་མགུར་གླུ་བྱུང་སྟངས་དང་དེའི་འཕེལ་རིམ། ཁྱད་ཆོས་སོགས་ཞིབ་དུ་བཀོད་ཡོད་པ་རེད། དེ་ཡང་བོད་ཀྱི་མཁས་དབང་ཆེན་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས༌།  
སྐུ་ཞབས་དོན་གྲུབ་རྒྱལ་གྱིས་དེ་སྔོན་ཞིབ་འཇུག་བྱེད་མཁན་མ་བྱུང་བའི་ལུས་ཡོད་པའི་བོད་ཀྱི་བཙན་པོ་དུས་སྐབས་གྱི་ཕོ་ཉའི་འགྲོ་འོང་ས་ཚུགས་དང༌། ཐང་ཡིག་གསར་རྙིང་ནང་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ནས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་མ་ཟད། ས་མིང་དང་མི་མིང༌། གོ་གནས་ཀྱི་མིང་སོགས་རྒྱ་བོད་ཤན་སྦྱར་གྱི་ཚིག་འགྲེལ་གནད་བསྡུས་བཀོད་པར་བརྟེན་ནས༌། བོད་རིག་པའི་ཞིབ་འཇུག་ཐད་ལ་མཁོ་བའི་གལ་ཆེའི་དཔྱད་གཞི་མཁོ་འདོན་བྱུང་ཡོད་པ་བཅས་གཟེངས་སུ་ཐོན་པའི་མཛད་རྗེས་བཞག་ཡོད་པ་རེད། ཞེས་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ལ་ཚད་མཐོ་བའི་གདེང་འཇོག་བྱས་ཡོད།  སྐུ་ཞབས་དོན་གྲུབ་རྒྱལ་གྱིས་དཔྱད་རྩོམ་མང་པོ་ཞིག་བྲིས་པ་དེ་དག་བོད་རིག་པ་ཞིབ་འཇུག་བྱེད་མཁན་མང་པོ་ཞིག་ལ་དགོསམཁོ་ཆེ་བ་དང༌། དཔྱད་གཞིའི་ཡིག་ཆ་གལ་ཆེན་ཡིན་པ་ཕྱི་ནང་མཁས་པ་མང་པོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད

བསྒྱུར་རྩོམ་ཕྱོགས་བསྒྲིགས་དང༌།    འགྲེལ་རྩོམ་ཕྱོགས་བསྒྲིགས།
སྤྱིར་བཏང་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་སྤྱི་ལོ་༦༠་ལོའི་ལོ་མཇུག་ནས་ཡིག་བསྒྱུར་ཕྱག་ལས་གནང་འགོ་ཚུགས་ཡོད་པ་དང། ༡༩༧༡ ནས་༡༩༧༥ལོའི་བར་དུ་ཀྲུང་དབྱང་མི་རིགས་སློབ་གྲ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་ཏུ་བོད་རྒྱ་ཡིག་བསྒྱུར་གྱི་སྐོར་སློབ་གཉེར་བྱས་ཡོད་པ་རེད།    ཁོང་གི་བསྒྱུར་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དེབ་དེའི་གླེང་བརྗོད་དུ་མཁས་དབང་འཇིགས་མེད་ཐེག་མཆོག་ལགས་ཀྱིས།
གངས་ཀྱི་ལྗོངས་སུ་དོན་གྱི་པད་མའི་ཚལ།།
རྣམ་འབྱེད་འོད་ཕྲེང་གྲུབ་པའི་ཟླ་ཚེས་ལ། 
སྡེ་བཞི་རྒྱལ་སྲིད་ཞེན་པའི་རི་བོང་གཟུགས།།
རབ་དཀར་མེ་ལོང་དཀྱིལ་ན་ཀུན་ནས་གསལ།།
ཞེས་བྲིས་ཡོད་པ་དེ་སྐུ་ཞབ་དོན་གྲུབ་རྒྱལ་ལགས་ཀྱི་བསྒྱུར་རྩོམ་དང་ཐད་ཀར་འབྲེལ་བ་མེད་ཀྱང་ཁོང་ཤེས་ཡོན་ལ་གུས་བརྩི་དང་ཆེ་མཐོང་གནང་ཡོད་པ་རྟོགས་ཐུབ།  སྤྱིར་ན་ང་ཚོ་མི་རིགས་ལ་མཚོན་ན་ཡིག་བསྒྱུར་ལ་བརྟེན་ནས་རང་གི་རིག་གཞུང་དེ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ལོ་རྒྱུས་ཤིག་སྔ་མོ་ནས་ཡོད་བསྡད་པ་ཞིག་དང༌། ལྷག་པར་དུ་ས་སྐྱ་བས་བོད་ཀྱི་སྲིད་དབང་འཛིན་པའི་སྐབས་དེར་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་སྙན་ངག་མེ་ལོང་མ་བོད་བསྒྱུར་གནང་བས་བོད་སྤྱིའི་རིག་གནས་དང༌། རྩོམ་རིག་སྒྱུ་རྩལ་སྐོར་ལ་སྔ་ན་མེད་པའི་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད།   དེ་བཞིན་སྐུ་ཞབས་དོན་གྲུབ་རྒྱལ་ཁོང་གིས་ཀྱང་ཡིག་བསྒྱུར་དེ་རྩོམ་རིག་ལས་གཞི་གྲས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཏུ་དགོངས་ཏེ། ཡིག་བསྒྱུར་གྱི་ཕྱག་ལས་ཤུགས་ཆེན་གནང་ཡོད་པ་རེད། དེབ་དེའི་ནང་དུ་བྱ་ལེན་མའི་ཟློས་གར་དེ་རྒྱ་གར་རང་གི་འཁྲབ་གཞུང་ཟློས་གར་ཞིག་ཡིན་ཞིང་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་རྒྱ་ནག་གི་ཡི་གེ་ནས་བོད་བསྒྱུར་བྱས་ཡོད་དེ་རྩོམ་འཕྲོས་ལུས་ཡོད་པ་རེད། གཞན་ཡང་བྱ་ལེན་མའི་ཟློས་གར་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཀྱང་རྒྱ་གར་སྐད་ནས་ཐད་ཀར་་བོད་བསྒྱུར་བྱས་ཡོད་པ་རེད།  ཡང་སྙན་ངག་ཁག་གཅིག་བོད་བསྒྱུར་དང༌།  བརྩམས་སྒྲུང་ཁག་གཅིག་བོད་བསྒྱུར༌། དམིགས་བསལ་ལོ་རྒྱུས་ཡིག་ཆ་ཁག་གཅིག་རྒྱ་ཡིག་ནས་བོད་བསྒྱུར་བྱས་ཡོད་པ་དང་ཁྲིན་ཆན་ཡོན་ལགས་ཀྱིས་ཁོང་ལ་ཡིག་བསྒྱུར་ཕྱག་རོགས་གནང་ཡོད་པ་རེད།  ཁོང་གིས་བོད་བསྒྱུར་བྱས་པའི་ཡིག་ཆའི་ཁོངས་ནས་གལ་ཆེ་ཤོས་ཞིག་ཐང་ཡིག་གསར་རྙིང་གཉིས་བོད་བསྒྱུར་བྱས་པ་དེ་ཡིན་པ་སྐུ་ཞབས་དོན་གྲུབ་རྒྱལ་ཁོང་གིས་ངོས་འཛིན་བྱེད་ཀྱི་ཡོད་ཁོང་གི་གྲོགས་པོ་ཞིག་ང་ལ་དངོས་སུ་གསུངས་མྱོང༌།  སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བརྩམས་པའི་འགྲེལ་རྩོམ་ཕྱོགས་བསྒྲིགས་ནང་དུ་འགྲེལ་རྩོམ་དྲུག་བཀོད་ཡོད་པ་དང༌། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཚིགས་སུ་བཅད་པའི་སྙན་ངག་གི་འགྲེལ་བ་གོ་མཛོད་འབྱེད་པའི་ལྡེ་མིག་ཞེས་པ་དང༌། དེབ་ཐར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་ཚིག་གསར་འགྲེལ་བ། རྣམ་འབྱོར་གྱི་དབང་ཕྱུག་དམ་པ་རྗེ་བཙུན་མི་ལ་རས་པའི་རྣ་ཐར་གྱི་ཚིག་དོན་བཤད་པ། རྣམ་འབྱོར་གྱི་དབང་ཕྱུག་དམ་པ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གྱི་ཚིག་གསར་འགྲེལ་བ།  རྒྱལ་བོ་ར་མ་ནའི་རྟོགས་བརྗོད་ཀྱི་འགྲེལ་བ།  རྒྱལ་བོ་ར་མ་ནའི་རྟོགས་བརྗོད་ཀྱི་་ཚིག་གསར་འགྲེལ་བ་བཅས་འགྲེལ་རྩོམ་དྲུག་བཀོད་ཡོད་པ་རེད། དེའི་ཁོངས་ནས་མི་ལ་རས་པའི་རྣམ་ཐར་གྱི་མཚན་དོན་བཤད་པ་དང།   ཚིག་གསར་དཀའ་འགྲེལ་གཉིས་མ་གཏོགས་གཞན་འགྲེལ་རྩོམ་བཞི་བོ་རྩོམ་འཕྲོ་ལྷག་ཡོད་པ་རེད།
 
ཕྱོགས་བསྒྲིགས་བྱས་པའི་བསྒྱུར་རྩོམ་དང་འགྲེལ་རྩོམ་འདི་དག་མང་ཆེ་ཤོས་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་དགེ་རྒན་བྱེད་སྐབས་སློབ་ཁྲིད་ཀྱི་ཟིན་བྲིས་རེད་འདུག   དེ་ཡང་སྐུ་ཞབས་དོན་གྲུབ་རྒྱལ་གྱི་འགྲེལ་རྩོམ་ཕྱོགས་བསྒྲིགས་ཀྱི་གླེང་བརྗོད་དུ་མཁས་དབང་མཁྱེན་རབ་འོད་གསལ་ལགས་གྱིས། མདོ་སྨད་ཙོང་ཁའི་ཡུལ་དུ་སྲིད་པ་བཟུང་བའི་མཁས་དབང་དོན་གྲུབ་རྒྱལ་ནི་བདེན་རྫུན་གྱི་དོན་ལ་རྣམ་པར་དཔྱོད་པའི་འཇུག་པ་ཟབ་ཅིང་ཡངས་པ་དང༌། གཞལ་བྱ་གང་ལ་ཡང་ལུང་དང་གྲགས་པ་ཙམ་གྱི་རྗེས་སུ་མི་འབྲང་བ་དང༌།  གཅམ་བུའི་ཚིག་གི་རང་དོན་ཁོ་ན་སྒྲུབ་ཆེད་རྩ་དོན་བློས་གཏོང་མི་བྱེད་པ་སོགས་ཁྱད་ཆོས་དུ་མས་ཕྱུག་པའི་དེང་རབས་ཀྱི་མཁས་དབང་ཞིག་ཡིན་པ་དང༌།  རང་ཅག་གངས་ཅན་བོད་ཀྱི་ན་གཞོན་ཕུགས་རེ་ལྡན་པ་དུ་མའི་ཁྲོད་དུ་མདུན་བསྐྱོད་ཀྱི་གོམ་པའི་གདེགས་འཇོག་ཐོག་མ་བསྒྱུར་མཁན་ཞིག་ཀྱང་ཡིན།
 ཞེས་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ལ་ཚད་འཛིན་ཆེན་པོ་གནང་ཡོ་པ་དང༌། དེ་ལྟར་ཡང་སྐུ་ཞབས་དོན་གྲུབ་རྒྱལ་མཆོག་འཇིག་རྟེན་མི་ཡུལ་དུ་བཞུགས་སྐབས་རྙིང་ཞེན་མཁྲེགས་འཛིན་ཅན་ཁག་གཅིག་གིས་ཁོང་ལ་མངོན་ལྐོག་འདྲེས་མའི་དམའ་འབེབས་དང་ཕྲག་དོག་བྱས་ཡོད་པའི་སྐོར་ལ་མཁས་དབང་མཁྱེན་རབ་འོད་གསལ་མཆོག་གིས།
སྐུ་ཞབས་དོན་གྲུབ་རྒྱལ་ལ་ངན་སྨྲས་བྱས་པའི་རྒྱུ་མཚན་གཉིས་ཡོད་དེ།  གཅིག་ནི་དོན་གྲུབ་རྒྱལ་གྱིས་བོད་ཀྱི་གནའ་དེང་གི་ལོ་རྒྱུས་ངོ་མ་དང་། མཚན་རིག་གི་ལྟ་ཚུལ་ཐོག་ནས་དཔྱད་པ་ཞིབ་མོ་དང་རྣོན་པོ་བྱས་པ་དེ་རྙིང་ཞེན་མཁན་འགའ་ཞིག་གིས་ཁེ་ཕན་དང་མི་མཐུན་པས་ཁོང་ཚོའི་ཐུགས་ལ་མ་བབས་པ་ཙམ་དང༌། གཅིག་ནི་དོན་གྲུབ་རྒྱལ་ལོ་ན་གཞོན་པ་དང༌། ཁོང་གིས་སློབ་གྲར་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་བྲིས་པའི་རྩོམ་ཡིག་རྣམས་ཀྱང་ཚིག་དོན་གཉིས་ཀྱི་ཆ་ནས་འགྲན་ཟླ་བྲལ་བ་ཞིག་ཡིན་པས། ལོ་ན་རྒས་པ་མཆོག་ཏུ་འཛིན་མཁན་རེ་ཟུང་གིས་གཞོན་ནུ་མཁས་པ་སྦྱན་ལམ་དུ་མ་ཡོང་ཙམ་ཡིན་ཞིང། གོམས་གཤིས་འདི་འདྲ་ཞིག་བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྔར་ནས་ཡོད་པ་རེད། ཅེས་ཕངས་སེམས་དང་བཅས་འགྲེལ་རྩོམ་ཕྱོགས་བསྒྲིགས་ཀྱི་གླེང་བརྗོད་དུ་བཀོད་འདུག གཞན་ཡང་སྐུ་ཞབས་དོན་གྲུབ་རྒྱལ་འཇིག་རྟེན་མི་ཡུལ་དུ་བཞུགས་སྐབས་མི་མང་པོ་ཞིག་གིས་ཁོང་ནི་ལྟ་བ་ལོག་པ་དང༌།    ང་རྒྱལ་དྲེགས་པོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་རང་ངོས་ནས་མི་ཞིག་ཡིན་ཕྱིན་ང་རྒྱལ་ཟེར་བ་དེ་དགོས་ངེས་ཅན་ཞིག་ཡིན་པར་ངོས་འཛིན་གྱིས་མི་ལ་ང་རྒྱལ་མེད་ན་མདུན་བསྐྱོད་ཀྱི་སྤོབས་པ་སྐྱེས་མི་སྲིད་པ་རེད།   ཅེས་ཁོང་འཚོ་བཞུགས་སྐབས་སུ་དེ་འདྲའི་ལྟ་བ་ཞིག་འཁྱེར་གྱི་ཡོད་ཚུལ་འདུག  རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་དང་འབྲེལ་འདྲེས་ཟབ་པའི་གྲོགས་པོ་གཅོད་པ་ཐར་ལགས་གྱིས།
མི་ཁ་ཤས་ཀྱིས་དོན་གྲུབ་རྒྱལ་ང་རྒྱལ་ཆེ་ཟེར་བ་དང༌། ང་རྒྱལ་ཡོད་མེད་དེ་གནས་ཚུལ་ཞིག་མ་རེད།   དཔེར་ན། མི་ཁ་ཤས་ལ་ང་རྒྱལ་ཡོད་ན་ཡག་པོ་རེད། དེང་སང་བོད་ཀྱི་གཞོན་སྐྱེས་ཁག་གཅིག་གིས་བོད་ཡིག་དང༌། རྒྱ་ཡིག་གཉིས་ཀ་ཤེས་ཀྱི་ཡོད་པའི་མ་ཚད། ད་དུང་ཕྱི་རྒྱལ་གྱི་སྐད་ཡིག་ཤེས་པ་འདི་མི་རིགས་རང་གི་ལ་རྒྱ་རེད།  དོན་གྲུབ་རྒྱལ་ལ་ཡོད་པ་དེ་ལ་རྒྱ་ཞེས་བརྗོད་ན་མི་ཆོག་ལ་ཅི་ལ་ཡོད་ཅེས་ང་གསུངས། སྐུ་ཞབས་དོན་གྲུབ་རྒྱལ་ཁོང་དགུང་ལོ་སོ་གཉིས་སྟེང་དགོངས་པ་རྫོགས་པ་དེས།   ངེད་ཅག་བོད་ཀྱི་རྩོམ་རིག་དང་རིག་གཞུང་གི་ཐད་ནས་གྱོང་རྒུད་ཆེན་པོ་ཐེབས་པ་ལ་མཁས་དབང་མང་པོ་ཞིག་དང༌། ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་གིས་བློ་ཕངས་བའི་ངང་གལ་སྲིད་སྐུ་ཞབས་དོན་གྲུབ་རྒྱལ་དེང་སང་འཚོ་བཞུགས་ཡོད་ན། ང་ཚོའི་མི་རིགས་འདི་གསར་གཏོད་ཀྱི་ལམ་ཁ་ཤུགས་ཆེ་རུ་འགྲོ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་རེད།

ཐོར་རྩོམ་ཕྱོགས་བསྒྲིགས།
སྐུ་ཞབས་དོན་གྲུབ་རྒྱལ་མཆོག་གི་བརྩམས་ཆོས་ཐོར་རྩོམ་ཕྱོགས་བསྒྲིགས་དེའི་ནང་དུ་ལྷུག་རྩོམ་ཁག་གཅིག་དང་དམངས་ཁྲོད་ཀྱི་གཏམ་རྒྱུད་ཁག་གཅིག་གོ་བདེར་ཕབ་པའི་ཏུང་ཧོང་གི་འགྱུར་གྱི་ར་མ་ནའི་རྟོགས་བརྗོད། གཞན་ཡང་ཁོང་གི་གྲོགས་པོ་ཁག་གཅིག་ལ་བཏང་བའི་འཕྲིན་ཡིག་བཅསབཀོད་ཡོད་པ་རེད། ཐོར་རྩོམ་ཕྱོགས་བསྒྲིགས་ཀྱི་གླེང་བརྗོད་དུ་སྐུ་ཞབས་དོན་གྲུབ་རྒྱལ་གྱི་གསུང་འབུམ་ཕྱོགས་བསྒྲིགས་བྱེད་མཁན་སྐུ་ཞབས་བོན་ཁོ་ལགས་ཀྱིས། སྐུ་ཞབས་དོན་གྲུབ་རྒྱལ་གྱི་མི་ཚེ་ཐུང་ངུའི་རིང་ལ་མཛད་པའི་གསུང་རྩོམ་གྱི་གྲངས་འབོར་དང་ནང་དོན་སོགས་ཕལ་བའི་བློ་ལས་འགོངས་པ་ལྟ་ཅི། ཤེས་རབ་ཅན་གྱི་གྲལ་མགོ་དབང་བ་དག་ཀྱང་ཧ་ལས་བར་འདུག་པས། དུས་ཀྱི་མཐའ་འདིར་བསམ་བཞིན་དུ་བོད་རིག་པའི་ལྷ་སྐལ་དུ་བྱོན་པར་བདག་གིས་སེམས་ཤིང༌། རང་རེའི་རྣམས་ལ་དེའི་ལས་དང་བསོད་ནམས་མ་ཡོད་པའི་འགལ་རྐྱེན་མཐུ་བཙན་པོས་དབང་དུ་ཤོར། གལ་ཏེ་ཁྱེད་ཅག་ལ་ཚེ་སྲོག་གི་རིན་ཐང་འཇལ་བའི་སྤྱི་མཐུན་གྱི་རྒྱ་མ་ཞིག་ཡོད་པ་ཡིན་ན། རིག་པ་ཕྲ་མོ་དེའི་ཕྱོགས་སུ་སྐོར་ལ་ཡང་ཡང་འཇལ་དང༌། མི་ཚེའི་གནད་ལ་ངེས་ཤེས་བག་ཙམ་འདྲེན་ཐུབ་པ་ཡིན། ཞེས་བཀོད་ཡོད་པ་རེད།

སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བརྩམས་པའི་ཐོར་རྩོམ་ཕྱོགས་བསྒྲིགས་ནང་དུ་སློབ་ཁྲིད་དང་སྦྱར་བའི་རྩོམ་རིག་གི་ཟིན་བྲིས།  དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་བཤད་ཐོར་བུ་དྲི་མེད་དངུལ་གྱི་མེ་ལོང་ཞེས་བྱ་བ་སོགས་བསྡུས་ཡོད་པ་དང༌། དེའི་ཁོངས་ནས་སློབ་ཁྲིད་དང་སྦྱར་བའི་རྩོམ་རིག་གི་ཟིན་བྲིས་ཞེས་པ་དང། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་བཤད་ཞེས་པ་གཉིས་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་གནང་སྐབས་ཀྱི་སློབ་ཁྲིད་དངོས་གཞིའི་ཟིན་བྲིས་ཡིན་པ་དང། དེ་བས་ང་ཚོར་ངེས་ཤེས་གཞན་དང་མ་འདྲ་བ་ཞིག་སྟེར་ཐུབ་པ་ནི།  སྐུ་ཞབས་དོན་གྲུབ་རྒྱལ་ལགས་ནི་བོད་སྤྱི་བའི་ལོ་རྒྱུས་དང་རྩོམ་རིག་ཐད་རང་ལྟ་མཆོག་འཛིན་དང༌། ཆོས་ལུགས་ཀྱི་ཞེན་ཁོག་གི་ལོ་རྒྱུས་དངོས་ཏེ་ལྷ་སྒྲུང་ལྟར་བཟོས་པའི་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་སྨྲ་བའི་རྣམས་དང་ཀུན་ནས་མི་འདྲ་བར༌། ལུང་དང་རིག་པའི་རྩལ་ལ་བརྟེན་ནས་དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་གནས་སྟངས༌དང་། རིག་གཞུང། ཆོས་ལུགས་ཀྱི་ཤུགས་རྐྱེན། སྲིད་དོན་དང་ཆོས་ལུགས་ཀྱི་གོ་གནས་བཟུང་བའི་མི་སྣ་ཆེན་པོ་རྣམས་ཀྱི་ལོ་རྒྱུས་གནས་བབ་སོགས་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་ཏེ། དངོས་བྱུང་གི་ལོ་རྒྱུས་ཡིག་ཐོག་ཏུ་འགོད་ཐུབ་པའི་ཁྱད་ཆོས་ལྡན་པ་རེད།

སྐུ་ཞབས་དོན་གྲུབ་རྒྱལ་ཁོང་འཇིག་རྟེན་མི་ཡུལ་དུ་བཞུགས་སྐབས་ཁོང་ལ་འབྲེལ་འདྲེས་ཟབ་
མོ་ཡོད་པའི་བོད་ནང་དུ་བཞུགས་པའི་མཁས་དབང་མཚན་བརྗོད་འདོད་མེད་པ་ཞིག་གིས་ཁོང་འཇིག་རྟེན་གྱི་འཚོ་དང༌། གྲོགས་པོ་རྣམས་ལ་དུངས་བ་ཟབ་མོ་ཡོད་པམ་ཟད། གཞན་ལ་ཕན་སེམས་ཆེ་བའི་སྐོར་ལ་གསུངས་དོན། དོན་གྲུབ་རྒྱལ་ལ་མཚོན་ན། ང་ཚོ་དང་ཁ་བྲལ་ཏེ་ཕལ་ཆེར་མི་ལོ་བཅོ་ལྔ་ཙམ་འགྲོ་གི་ཡོད་པ་རེད། དོན་གྲུབ་རྒྱལ་ཁོང་བཞུགས་པའི་སྐབས་དེའི་སྤྱི་ཚོགས་ལ་མཚོན་ན། བྱ་བའི་ལས་གནས་ཡིན་ནའང་རེད། འཚོ་བའི་གནས་སྟངས་ཡིན་ནའང་རེད། གནས་གཅིག་ནས་ཡུན་རིང་གཏན་འཇགས་བྱས་ཏེ་བསྡད་ཐུབ་ཡོད་པ་མ་རེད། སྤྱིར་ཁོང་ནི་གྲོགས་པོ་དང་བཟང་ས། རང་ཉིད་ཀྱི་དགེ་རྒན། བཟའ་ཟླ་སོགས་ལ་བསམ་པའི་བརྩེ་དུང་ཆེ་ཞིང༌། འཇིག་རྟེན་འཚོ་བ་ལ་བསམ་པའི་རྒྱ་ཆེ་བ།   ཕུན་སུམ་ཚོགས་པ་དེ་འདྲའི་རང་གཤིས་ཅན་ཞིག་རེད། དཔེར་ན། འཚོ་བའི་ཆ་ནས་བཤད་ན། འཚོ་བའི་འདུ་ཤེས་འཛིན་སྟངས་དེ་གཞན་དང་མི་འདྲ་བ་ཞིག་དང༌། རང་གི་རང་དོན་ཡིན་འང་འདྲ།   གྲོགས་པོའི་དོན་དག་གང་ཞིག་ཡིན་ནའང་ཁོང་རོགས་བྱེད་རྒྱུ་དགའ་བ་ཞིག་ཡིན།   དེ་མཚུངས་རང་ཉིད་ཀྱི་འཚོ་བ་ལ་མཚོན་ནའང༌། འགྱུར་ལྡོག་མེད་པར་སྣ་གཅིག་རོལ་ནས་བསྡད་པ་དེ་འདྲའི་མ་ཡིན་པར།   ཁོང་གི་འཚོ་བ་དེ་རྣམ་པ་སྣ་ཚོགས་དང༌། དགའ་ས་དང་དོ་སྣང་བྱེད་ས་མང་པོ་ཡོད་པ་རེད།   དེའི་རྐྱེན་གྱིས་ཁོང་གི་འཚོ་བའི་ཆ་ནས་བཤད་ན། འཇིག་རྟེན་འཚོ་བའི་བལྟ་རྒྱ་དང༌། ཐོས་རྒྱ།   མཐོང་རྒྱ་ཆ་ཚང་དང་ཕུན་སུམ་ཚོགས་པའི་མི་ཞིག་ཀྱང་ཡིན་ཞེས་གསུངས། གཞན་ཡང་སྐུ་ཞབས་དོན་གྲུབ་རྒྱལ་གྱི་སྙན་རྩོམ་དང་བརྩམས་སྒྲུང༌། དཔྱད་རྩོམ་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་དང༌། དེས་བོད་ཀྱི་སྤྱི་ཚོགས་དང་རྩོམ་རིག་གི་སྐོར་ལ་ནུསས་ཤུགས་ཆེན་པོ་ཞིག་བཏོན་ཡོད་པའི་ཐད་ལ་བོད་ནང་གི་མཁས་དབང་དེས་གསུངས་དོན། དོན་གྲུབ་རྒྱལ་གྱི་རྩོམ་དེ་དག་གིས་བོད་གངས་ཅན་གྱི་སྤྱི་ཚོགས་འདི་ལ་ཤུགས་རྐྱེན་ཐེབས་ཡོད་པ་དཔེར་ན། སྒྲུང་རྩོམ་ཡིན་ནའང་རེད།     སྙན་ངག་གསར་བ་རྒྱན་གྱིས་མ་བཅིངས་པའི་རང་མོས་སྙན་ངག་གི་ལུགས་སྲོལ་ཡིན་ན་འང་དེ་སྔོན་དེ་ལྟ་བུའི་འབྲི་སྲོལ་ཡོད་ཡོད་པ་རེད་དེ། དོན་གྲུབ་རྒྱལ་གྱིས་བྲིས་པའི་རྩོམ་དེ་དག་གཞོན་ནུ་ཚོའི་མ་དཔེ་ལྟ་བུར་གྱུར་ཡོད་པ་ཚང་མས་ཁས་ལེན་གྱི་ཡོད་པ་རེད།  ཞིབ་འཇུག་དང་སློབ་སྦྱོང༌། དེ་ནས་རྩོམ་འབྲི་བའི་སྐོར་ཡིན་ནའང་ཁོང་ལ་ཐུན་མོང་མ་ཡིན་པའི་ལྟ་ཚུལ་ཁྱད་པར་ཅན་ཡོད། དཔེར་ན། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་དོན་གྲུབ་རྒྱལ་གྱིས་བྲིས་བྲིས་ཐམས་ཅད། ཐ་ན་ཡི་གེ་ལ་སོགས་ཀྱང་ཕྱོགས་བསྒྲིགས་བྱས་ཏེ། དེབ་དྲུག་ནང་བསྡུས་ནས་པར་བསྐྲུན་བྱས་ཡོད། དེབ་དྲུག་པོའི་རྩོམ་རེ་རེ་འགོ་ནས་མཇུག་བར་ཀློག་པ་ཡིན་ན།  ཁོང་མི་ག་འདྲ་ཞིག་ཡིན་པ་ཕལ་ཆེར་ཧ་གོ་ཐུབ་པ་དེ་འདྲ་ཞིག་རེད་ཟེར།
 སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཞིབ་འཇུག་སློབ་མ་ཐོན་སྐབས་བྲིས་གནང་བའི་མགུར་གླུའི་ཁྱད་ཆོས་དང་འབྱུང་འཕེལ་ཞེས་པའི་དཔྱད་རྩོམ་དེ་ཁོང་རང་ཉིད་ཀྱིས་རྩོམ་ཡིག་ཡག་པོ་ཞིག་དང༌།   འདོད་བློ་ཁེངས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་བོད་ནང་གི་མཁས་དབང་དེསགསུངས་དོན།
དཔྱད་རྩོམ་གྱི་ཕྱོགས་ནས་ཁོང་རང་གིས་ཀྱང་བློར་བབས་པ་དང་ཡིད་ཚིམ་ཡོད་པ་ནི་མགུར་གླུའི་འབྱུང་འཕེལ་སྐོར་གྱི་དེབ་ཅིག་ཡོད་པ་དེ་རེད།  དེའི་ཐད་ཁོང་གི་དུས་ཚོད་མང་པོ་ཞིག་བེད་སྤྱོད་བཏང་ཡོད་པ་དང༌། དཔེ་ཆ་མང་པོར་བལྟས་ཡོད་པ་རེད། དམངས་ཁྲོད་རྩོམ་རིག་སྐོར་གྱི་རྩོམ་འབྲི་མཁན་ཡིན་ན་མང་ཆེ་བས་དོན་གྲུབ་རྒྱལ་གྱི་བྲིས་བཞག་དེ་ལ་དཔེ་བལྟས།  དེའི་ལད་མོ་བྱས་ནས་བྲིས་ཡོད་པ་མང་པོ་ཡོད་པ་རེད། ཐ་ན་ཁ་ཤས་ཀྱིས་ཁ་བྱང་འཇོག་སྟངས་ཀྱང་ཇི་མ་ཇི་བཞིན་ལད་མོ་བྱས་ནས་འབྲི་མཁན་ཡང་ཡོད་པ་རེད། དཔྱད་རྩོམ་དེ་ལ་མཁས་དབང་དུང་དཀར་རིན་པོ་ཆེས་ཆེད་མངགས་དཔྱད་གཏམ་ཞིག་བྲིས་ཡོད་པ་ཞེས་ང་གསུངས་བྱུང༌།

སྐུ་ཞབས་དོན་གྲུབ་རྒྱལ་ལགས་དགུང་ལོ་གསུམ་ཅུ་སོ་གཉིས་ཐོག་ང་ཚོ་དང་གཏན་བྲལ་བྱུང་བའི་བློ་ཕམ་རང་བཞིན་ཅན་གྱི་གནས་ཚུལ་དེ་བྱུང་ཡོད་ནའང། ཁོང་གིས་བརྩམས་ཆོས་དེབ་དྲུག་ཡོད་པ་དེས་ཁོང་གི་མཛད་རྗེས་དང༌། སྐུ་ཞབས་ཁོང་ཉིད་ག་དུས་ཡིན་ཀྱང༌། ང་ཚོའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་དུ་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། སྤྱིར་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་ང་ཚོའི་མི་རིགས་དང༌། རིག་གཞུང༌།  ལོ་རྒྱུས་ལ་བརྩེ་དུང་ཟབ་མོ་བཅིངས་ཡོད་པ་དེ་ཁོང་གིས་བརྩམས་པའི་རྐང་ལམ་ཕྲ་མོ་ཞེས་པའི་ལྷུག་རྩོམ་ནང་བཀོད་དོན། ངོ་མ། ཁོང་ཚོས་ང་ཚོ་ལ་རྐང་ལམ་ཕྲ་མོ་ཞིག་ལས་འཇོག་མ་ཐུབ། ཡིན་ན་ཡང༌། ལོ་ངོ་ཁྲི་སྟོང་མང་པོའི་རིང་ལ་ལམ་ཕྲན་འདི་རྒྱ་ཇེ་ཆེ་དང༌། ཁོད་ཇེ་སྙོམས༌། ཁྱོན་ཇེ་ཡངས་སུ་གཏོང་མ་ཐུབ་པ་ནི་ང་ཚོའི་ངོ་ཚ་ཡིན་པ་ལས། གནའ་མིའི་བླུན་རྟགས་ག་ལ་ཡིན། ཁོང་ཚོས་ང་ཚོར་བཞག་པའི་རྐང་ལམ་ཕྲ་མོ་འདི་ནི་རང་བཞིན་གྱི་ལམ་དཀྱུས་མ་ཞིག་མ་ཡིན་ཏེ། རྐང་ལམ་ཕྲ་མོ་འདིས་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་མར་བསྐྲུན་ཏེ་རིག་དར་གྱི་བོད་རིགས་འདི་སྔོན་ཐོན་གྱི་རི་རྩེར་བསྐྱལ་བ་དང༌། ལྔ་རིག་རིག་མཛོད་གྱི་ལྕགས་རི་བསྐོར་ཏེ་འཛམ་གླིང་གི་ཡང་རྩེ་རུ་ཁྱིམ་གཞི་བཙུགས་ཤིང༌། དེ་ནས་བཟུང་གདོང་དམར་བོད་ཀྱི་རིགས་རྒྱུད་མ་ཆད་པར་དར་བ་ཡིན། ཁྲེལ་ཡོད་ཀྱི་མི་རྣམས་ཡ། ཁྱོད་ཚོས་དཔའ་བོས་གཏོད་པའི་ལམ་ཁར་འགྲོ་ཕོད་པ་མ་ཟད། དཔའ་བོའི་མཛད་རྗེས་དང་མཚན་ཉིད་ལ་མོས་གུས་དང་བསྔགས་བརྗོད་ཀྱང་མཛད་ཡོད་མོད། འོན་ཀྱང་ཁོང་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་དང་མཁས་མཛངས་ཀྱི་བློ་གྲོས་ལ་སློབ་སྦྱོང་མི་བྱེད་པ་འམ།  ཡང་ན་བྱེད་མི་མཁས་པར་རྨོངས་ཚོད་གྱི་སྒོ་ནས་དཔའ་བོའི་མཛད་རྗེས་རྣམས་ངག་གི་ཕྲེང་བར་བཟློ་བ་ཙམ་གྱིས་ཅི་ལ་ཕན། ངའི་སེམས་ལ་དེ་ལྟར་དྲན་པའི་མོད་ལ། གདོང་ཚ་ལམ་ལམ་དུ་གྱུར་བ་དང་ཡིད་ལ་གནོང་འགྱོད་གྱི་གདུང་ཏེ།  སེམས་ལ་འདི་སྙམ་དུ་བསམ་བྱུང༌། ང་རང་ཡང་བོད་གདོང་དམར་གྱི་རྒྱུད་པ་ཞིག་ཡིན་མོད། འོན་ཀྱང་གནའ་མིས་གཏོད་པའི་རྐང་ལམ་ཕྲ་མོ་འདི་རྒྱ་ཆེ་རུ་གཏོང་བར་ས་གཞོར་གཅིག་བརྐོས་མ་མྱོང་ལ་ཁེམས་གང་བཅུས་མ་མྱོང༌། རྐང་ལམ་ཕྲ་མོ་འདིའི་ཐོག་ཏུ་གོམས་པའི་འདེགས་འཇོག་ཅི་ཙམ་བསྒྱུར་བ་གྲངས་ཀྱིས་མི་ལང་ནའང། རྐང་ལམ་ཕྲ་མོ་འདིའི་ཕན་ཡོན་དང༌། ནང་སྒོས་སུ་རྐང་ལམ་ཕྲ་མོ་འདི་ལ་གཟི་བརྗིད་དང་ལ་རྒྱ་སྣོན་རྒྱུ་ནི་ཡིད་ལའང་དྲན་མ་མྱོང༌། ངོ་ཚ་འདི་ལས་ཆེ་བ་དང༌།  འགྱོད་པ་འདི་ལས་ལྷག་པ་ཞིག་གང་ན་ཡོད།་ཞེས་བཀོད་ཡོད་པ་རེད། སྐུ་ཞབས་དོན་གྲུབ་རྒྱལ་ལགས་གྱི་མི་ཚེ་ཐུང་ཐུང་དེའི་ནང་བརྩམས་པའི་གསུང་འབུམ་དེབ་དྲུག་དེ་ནི་ང་ཚོའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་དུ་རིན་ཐང་ལྡན་པ་ཞིག་རེད། རྩ་བའི་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ང་ཚོ་དང་གཏན་བྲལ་བྱུང་ཡོད་ནའང།  ཁོང་གི་རྣམ་དཔྱོད་དང༌། ང་ཚོ་ལ་བཞག་པའི་མཛད་རྗེས་དེ་ག་དུས་ཡིན་ཡང་ཉམས་མི་སྲིད།



7 Comments so far ↓

  1. བཀུར་འོས་དཔལ་ལྡན་རྒྱལ་ལགས། ཁྱེད་ཀྱི་རྩོམ་ཡིག་ཁ་ཤས་གཅིག་ཐེངས་ན་ངས་ཚགས་ཤོག་སྟེང་དུ་འགོད་འདོད་ཡོད་པས་སྐུ་ཉིད་ཀྱིས་་ཆོག་མིན་གྱི་ལན་ཞིག་གནང་རོགས།

  2. ངའི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ། རྩོམ་ཡིག་གང་རུང་ཁྱེད་ཉིད་ཀྱིས་ཚགས་ཤོག་ཐོག་བཀོད་ཆོག་པ་དགོངས་འཇགས་ཞུ།

  3. སྐུ་ཞབས་དཔལ་ལྡན་རྒྱལ་ལགས།
    རྩོམ་ཡིག་དང་གསར་འགྱུར་དུས་ལྟར་སྤེལ་བར་དགའ་བས་ཡི་རངས་དང་བསྟོད་པས་མཐེ་བོང་སྟོན་བཞིན་ཡོད། བཀའ་དྲིན་ཆེ།

  4. འདས་པོ་དཔལ་དོན་གྲུབ་རྒྱལ་གྱི་གནས་ཚུལ་གསོན་པོ་ཞིག་དྲ་ལམ་དུ་བཀོད་པར་དགའ་བོ་བྱུང་། ཕྲན་ནས་དམ་པ་གང་གིས་ཀྱག་ཀྱོག་གི་མེ་ཚེའི་བཞུད་ལམ་ཆེད་གློག་བརྙན་ཞིག་འཁྲབ་པར་སྟ་གོན་བྱེད་བསམ་ཡོད།ཁྱེད་ཚོས་འདི་འདྲའི་གནས་ཚུལ་རྣམས་མུ་ཥཏུད་དེ་དྲ་ཐོག་ཏུ་འབུལ་རྒྱུ་མཁྱེན།

  5. བསང་ཆཱུ་འབྲུག་བྷེ་ལགས།
    ངའི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ།

  6. སྐུ་ཉིད་ཀྱི་དཔལ་དོན་གྲུབ་རྒྱལ་གྱི་གནས་ཚུལ་རྒྱས་པ་ཁོ་སྤྲད་གནང་བ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།

  7. ཟུངས་ཁྲག says:

    བོད་ཀྱི་རྩོམ་རིག་ལམ་བུར་དོན་གཉེར་ཆེ་བའི་དཔལ་ལྡན་རྒྱལ་ལགས་ཁྱེད་ཉིད་ཀྱིས་ལོ་རབས་བརྒྱད་ཅུ་པའི་བོད་ཀྱི་རྩོམ་རིག་གསར་པའི་དབུ་འཁྱུད་དཔལ་དོན་གྲུབ་རྒྱལ་གླེང་བར་དགའ་སྤྲོས་རབ་ཏུ་བརྟས་ཀྱིན་ཡོ།

བསམ་ཚུལ་འབྲི་རོགས།





*