སྲིད་འཛིན་དྲན་རྟེན་ཁང༌།

འབྲི་མཁན། དཔལ་ལྡན་རྒྱལ། on August 7th, 2009
tj

ཨ་རིའི་སྲིད་འཛིན་གསུམ་པ་ཐོ་མ་སི་འཇར་ཕུ་སན་གྱི་དྲན་རྟེན་ཁང༌། པར་པ་དཔལ་ལྡན་རྒྱལ།

ང་རང་ཨ་རིའི་རྒྱལ་སའི་གྲོང་ཁྱེར་ནང་དུ་བསྡད་ནས་ལོ་བཅུ་གཅིག་ལྷག་འགོར་ཡོད་ལ། དེའི་རིང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བལྟ་བསྐོར་དུ་གྲོགས་པོ་སུ་འདྲ་ཞིག་ཡོང་ནའང་། རང་གི་ཐུབ་ཚོད་ཀྱིས་གྲོང་ཁྱེར་འདིའི་ནང་ཁྲིད་ནས་ཤེས་ཚོད་ཀྱིས་འགྲེལ་བཤད་རེ་རྒྱག་གིན་ཡོད། དེ་རིང་ངས་འདི་ནས་གྲོང་ཁྱེར་འདིའི་ནང་ཕེབས་མ་མྱོང་ཡང་ཟིན་བྲིས་འདིའི་ནང་ཕེབས་བཞིན་པའི་གྲོགས་པོ་ཚོར་གྲོང་ཁྱེར་འདིའི་ནང་ཡོད་པའི་ཨ་རིའི་སྲིད་འཛིན་གསུམ་པ་ཐོ་མ་སི་འཇར་ཕུ་སན་གྱི་དྲན་རྟེན་ཁང༌ངོ་སྤྲོད་མདོར་བསྡུས་ཞིག་བྱེད་འདོད་བྱུང།

ཨ་རི་སྲིད་འཛིན་(1801-1809) གསུམ་པ་ཐོ་མ་སི་འཇར་ཕུ་སན་ (Thomas Jefferson 1743-1826)  གྱི་དྲན་རྟེན་ཁང༌ནི་རྒྱལ་ས་ཝ་ཞིན་ཏོན་དུ་ཡོད། དྲན་རྟེན་ཁང་འདི་༡༩༣༩  ལོར་གསར་བཞེངས་འགོ་བཙུགས་ཀྱིས་༡༩༤༢ ཡོངས་སུ་འགྲུབ།     དྲན་རྟེན་ཁང་འདིའི་ནང་དུ་ཟངས་ཀྱི་བཟོས་པའི་སྲིད་འཛིན་ཐོ་མ་སི་འཇར་ཕུ་སན་གྱི་སྐུ་འདྲ་ཆེན་པོ་ཞིག་ཡོད། ཨ་རི་སྲིད་འཛིན་ཐོ་མ་སི་འཇར་ཕུ་སན་ནི་༡༧༧༦་ལོར་ཨ་རིའི་རང་བཙན་གསལ་བསྒྲགས་འབྲི་མཁན་ཡིན་ལ། ཁོང་ནི་ཆབ་སྲིད་པ་དང་བསམ་བློ་བ་གལ་ཆེན་ཞིག་ཡིན།

tj-2

ཟླ་བ་གསུམ་པའི་ཡུལ་ལྗོངས། པར་པ་དཔལ་ལྡན་རྒྱལ།

 ཨ་རིའི་གཞུང་གྲུབ་སྟངས་ཀྱི་རྨང་གཞིའི་བསམ་བློ་གལ་ཆེན་ཁག་ཅིག་ཁོང་གིས་བྲིས་པའི་ཨ་རིའི་རང་བཙན་གསལ་བསྒྲགས་ལས་བྱུང་ཡོད།  དཔེར་ན།  མི་ཚང་མ་འདྲ་མཉམ་ཡིན་ཟེར་བ་དང༌།  དེ་བཞིན་མི་ཚང་མ་འཚོ་གནས་དང༌། རང་དབང་།   བདེ་སྐྱིད་འཚོལ་བརྙེགས་བྱེད་ཆོག་པའི་ཐོབ་ཐང་དང་མཉམ་དུ་སྐྱེས་ཡོད་པ་རེད།  ཞེས་པ་སོགས་ནི་ཐོ་མ་སི་འཇར་ཕུ་སན་གྱི་བསམ་བློ་ཡིན།  ཁོང་ནི་གསར་འགོད་རང་དབང་ལ་ཧ་ཅང་མཐོང་ཆེན་བྱེད་མཁན་ཞིག་ཡིན། སྐབས་ཅིག་ཁོང་གིས་གསུངས་དོན།  “གལ་ཏེ་སྲིད་གཞུང་ཡོད་ཀྱང་གསར་ཤོག་མེད་པ་དང༌། ཡང་ན་གསར་ཤོག་ཡོད་ཀྱང་སྲིད་གཞུང་མེད་པ་གཉིས་ལས་འདེམས་ཁ་སྤྲད་པ་ཡིན་ན།   ངས་ཐེ་ཚོམ་གང་ཡང་མེད་པར་ གསར་ཤོག་ཡོད་ཀྱང་སྲིད་གཞུང་མེད་པ་དེ་འདེམས་ངེས་ཡིན། ཡིན་ནའང་མི་ཚང་མར་གསར་ཤོག་དེ་ཐོབ་ཐུབ་པ་དང་དེ་ཀློག་ཐུབ་པའི་ནུས་པ་ཡོད་དགོས།” ཞེས་གསུངས་ཡོད་པ་རེད།



བསམ་ཚུལ་འབྲི་རོགས།





*