ང་ལ་རྨི་ལམ་ཞིག་ཡོད།

འབྲི་མཁན། དཔལ་ལྡན་རྒྱལ། on August 12th, 2009
ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལན་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་གྱི་དྲན་རྟེན་ཁང་རྩིག་ངོས་སུ་ཡོད་པའི་ཁོང་གི་པར་ཞིག པར་རྒྱག་མཁན་དཔལ་ལྡན་རྒྱལ།

ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལན་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་གྱི་དྲན་རྟེན་ཁང་རྩིག་ངོས་སུ་ཡོད་པའི་ཁོང་གི་པར་ཞིག པར་རྒྱག་མཁན་དཔལ་ལྡན་རྒྱལ།

        བསྒྱུར་མཁན་གྱི་མཆན།
དེ་ཡང་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བརྟན་པོའི་ངང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་ལ།  ༡༩༦༣ལོའི་ཟླ་བ་ ༨་ཚེས་༢༨་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱལ་ཡོངས་ཐང་ཆེན་དུ་མི་གྲངས་ཉིས་འབུམ་ལྷག་གིས་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་ཆེད་ཞི་བའི་གོམ་བགྲོད་གནང་སྐབས།  སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིས་ ༼ང་ལ་རྨི་ལམ་ཞིག་ཡོད།༽ཅེས་པའི་གསུང་བཤད་གནང་ཡོད།  གསུང་བཤད་འདི་ནི་ཕལ་ཆེར་སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིི་སྙན་གྲགས་ཆེ་ཤོས་ཀྱི་གསུང་བཤད་དེ་ཡིན་ལ། འཛམ་གླིང་སྟེངའང་ཧ་ཅང་སྐད་གྲགས་ཆེ་བའི་གསུང་བཤད་ཅིག་ཡིན། འདི་ནི་སྐབས་དེའི་ཝ་ཤིན་ཊོན་དུ་( Washington DC) སྤྱི་འབངས་ཀྱི་ཐོབ་ཐང་ཆེད་ཞི་བའི་གོམ་བགྲོད་གནང་བའི་སྐད་སྒྲའི་སྙིང་བོའང་ཡིན། སྐབས་དེར་གཟུགས་མཐོང་བརྙན་འཕྲིན་སོགས་བརྒྱུད་རྒྱལ་ཡོངས་མི་མང་གིས་ཁོང་གི་སེམས་སྟེང་དུ་གནས་པའི་རང་དབང་དང་དྲང་བདེན་གྱི་ཞུ་སྐུལ་དེ་མཐོང་ཐོས་སུ་གྱུར་ཡོད།  འདིའི་ཐད་ཁོང་གི་སྐུ་ཟླ་ཁོ་རེ་ཐ་(coretta)ལགས་ཀྱིས་      ༼སྐབས་དེར་ལྷའི་རྒྱལ་ཁམས་ཕྱིར་མངོན་པ་དང་མཚུངས་མོད། ཡིན་ནའང་དེ་ནི་སྐད་ཅིག་གི་ཡུན་ཙམ་དུ་གྱུར་སོང་།༽ཞེས་འགྲེལ་བརྗོད་གནང་ཡོད། གཞན་༡༩༦༤ལོའི་ཟླ་༡༢་ཚེས་༡༠་ཉིན་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དང་། ཁོང་གིས་དྲག་སྤྱོད་ཀྱི་དམག་འཐབ་ལ་ངོ་རྒོལ་དང་། དྲང་བདེན་མ་ཡིནcov3་པའི་ཁྲིམས་ལུགས་ལ་ངོ་རྒོལ་བྱས་ནས་ འཚེ་མེད་ཞི་བ་དང་།  བྱམས་བརྩེ་ལ་མཐའ་འཇུག་གི་རྒྱལ་ཁ་ཐོབ་ངེས་ཡིན་པར་ཡིད་ཆེས་ཟབ་མོ་གནང་ཡོད་པ་རེད། སློབ་དཔོན་མར་ཊིན་ལུ་ཐར་ཁིན་ནི་ཧ་ཅང་བཀུར་འོས་པའི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཨ་རི་གཞུང་གིས་ཀྱང་ངོས་འཛིན་བྱས་ནས་ལོ་ལྟར་ཕྱི་ཟླ་དང་བོའི་བདུན་ཕྲག་གཉིས་པའི་རེས་གཟའ་ཟླ་བའི་ཉིན་གཞུང་གི་ལས་ཁུངས་ཚང་མ་གུང་གསེང་བཏང་ནས་ཁོང་གི་ཁྲུངས་སྐར་༼༡༩༢༩་༡་༡༥༽སྲུང་བརྩི་བྱེད་བཞིན་ཡོད་པ་རེད།

སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིས་ང་ལ་རྨི་ལམ་ཞིག་ཡོད་ཞེས་པའི་གསུང་བཤད་གནང་བཞིན་པ།

སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིས་ང་ལ་རྨི་ལམ་ཞིག་ཡོད་ཞེས་པའི་གསུང་བཤད་གནང་བཞིན་པ།

         ང་ལ་རྨི་ལམ་ཞིག་ཡོད།  

ང་དེ་རིང་ཁྱེད་རང་ཚོ་དང་མཉམ་དུ་འདིར་ང་ཚོའི་མི་དམངས་ཀྱི་རང་དབང་ཆེད་དུ་ཆེས་རླབས་ཆེ་ཞིང་ལོ་རྒྱུས་རང་བཞིན་གྱི་ཞི་བའི་ཁྲོམ་སྐོར་ནང་ཞུགས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། དེ་རིང་ང་ཚོ་འདིར་ལོ་བརྒྱའི་སྔོན་དུ་རང་དབང་གི་བསྒྲགས་གཏམ་ལ་མཚན་རྟགས་འགོད་མཁན་རླབས་ཆེ་བའི་ཨ་རི་བ་ཞིག་གི་༡༽འབག་སྐུའི་མདུན་དུ་ལངས་ཡོད། དེ་རིང་གི་དུས་ཚོད་འདི་ནི་དྲང་བདེན་མིན་པའི་མེ་ལྕེའི་ཁྲོད་བསྲེགས་ཤིང་བྲན་གཡོག་ཏུ་གྱུར་པའི་ཤ་མདངས་ནག་པོའི་མི་ས་ཡ་མང་ བོའི་རེ་བའི་ལམ་སྟོན་སྒྲོན་མེ་ཡིན་ལ། རྒྱུན་རིང་བའི་བྲན་གཡོག་གི་མཚན་མོ་རྫོགས་ཏེ་བདེ་སྐྱིད་ཀྱི་སྐྱ་རེངས་བསུ་བའི་དུས་ཚོད་ཅིག་ལའང་ཁེལ་ཡོད།    ཡིན་ནའང་ལོ་ངོ་བརྒྱའི་རྗེས་སུ། ཤ་མདངས་ནག་པོའི་མི་རྣམས་ལ་ད་དུང་ཡང་རང་དབང་ཐོབ་ཐང་མེད་ལ།  ལོ་ངོ་བརྒྱའི་རྗེས་སུ།  ཤ་མདངས་ནག་པོའི་མི་རྣམས་ནི་ད་དུང་ཡང་རུས་རྒྱུད་དབྱེ་འབྱེད་ཀྱི་ཁྱད་གསོད་ལས་བྱུང་བའི་སྡུག་བསྔལ་གྱི་སྒྲོག་གིས་བཅིངས་ཏེ་གཉོམ་ཆུང་ནུས་མེད་བཟོས་ཡོད་པ་རེད། ལོ་ངོ་བརྒྱའི་རྗེས་སུ།  ཤ་མདངས་ནག་པོའི་མི་རྣམས་ནི་ཕྱིའི་དངོས་པོ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་མཚོ་ཆེན་པོ་ཞིག་གི་དཀྱིལ་དུ་ལྷག་པའི་དབུལ་ཕོངས་ཀྱི་གླིང་ཕྲན་ཞིག་ནང་ཁེར་རྐྱང་དུ་ལུས་ཡོད། ལོ་ངོ་བརྒྱའི་རྗེས་སུ།  ཤ་མདངས་ནག་པོའི་མི་རྣམས་ནི་ད་དུང་ཡང་ཨ་རིའི་སྤྱི་ཚོགས་ཀྱི་གྲུ་ཟུར་ཞིག་ཏུ་ཉམས་རྒུད་དུ་འགྲོ་བཞིན་རང་ཉིད་ཀྱི་ས་ཆར་རང་ཉིད་བཙན་བྱོལ་བ་ཆགས་ཡོད། 
  
དེ་རིང་ང་ཚོ་ཚང་མ་འདིར་ཕེབས་དོན་ནི། ཨ་རིའི་ངོ་གནོང་བའི་གནས་སྟངས་ཕྱིར་མངོན་པར་བྱེད་པ་དང་། དངུལ་འཛིན་ཤོག་བྱང་དེ་དངུལ་སྒོར་དུ་བརྗེ་ཆེད་རྒྱལ་སར་འཛོམས་པ་རེད། ང་ཚོའི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་བརྩིགས་མཁན་རྣམས་ཀྱིས་རྩ་ཁྲིམས་ཀྱི་མ་ཟིན་བྲིས་ཤིང་རང་བཙན་གྱི་བསྒྲགས་གཏམ་སྤེལ་སྐབས།  ཁོང་ཚོས་ཨ་རིའི་མི་ཡོད་ཚད་ལ་ཤུལ་འཛིན་གྱི་དབང་ཚད་ཡོད་པའི་ཟིན་བྲིས་ལ་ཁས་ལེན་གྱི་མཚན་རྟགས་བཀོད་ཡོད། ཁས་ལེན་བྱས་པའི་ཟིན་བྲིས་འདིས་ཨ་རིའི་ནང་གི་མི་ཚང་མ་སྟེ། ཤ་མདངས་ནག་པོ་ཡིན་པའི་མི་དང་། ཤ་མདངས་དཀར་པོ་ཡིན་པའི་མི་སུས་ཀྱང་བཙན་འཕྲོག་བྱེད་མི་ཆོག་པའི་མི་ཚེའི་ཐོབ་ཐང་དང་། རང་དབང་བདེ་སྐྱིད་ལ་འཚོལ་སྙེགས་བྱེད་ཆོག་པའི་འགན་ ལེན་བྱས་པ་རེད།
   
གསལ་བོར་མཐོང་བ་ཞིག་ལ། ཨ་རིའི་ནང་དུ་སྤྱི་དམངས་ཀྱི་ཤ་མདངས་ནི་ནམ་ཡང་སེམས་ཁྲལ་གྱི་གནས་ཡིན་པ་ལྟར། ཁས་ལེན་བྱས་པའི་རྩ་ཁྲིམས་ཟིན་བྲིས་ཀྱིས་རང་འཁྲིའི་ལས་འགན་ལེགས་འགྲུབ་བྱུང་མེད་པ་གསལ་བོར་བསྟན་ཡོད། ཨ་རིས་རྩ་ཆེ་བའི་ལས་འགན་འདི་ལ་གཟི་བརྗིད་སྤྲོད་རྒྱུའི་ཚབ་ཏུ་ཤ་མདངས་ནག་པོའི་མི་རྣམས་ལ་དངུལ་འཛིན་ཤོག་བྱང་ངན་པ་ཞིག་སྤྲད་ཡོད་པ་དང་། དངུལ་འཛིན་ཤོག་བྱང་དེར་༼འདང་ངེས་མེད་པའི་ཐེབས་རྩ་༽ཞེས་དམར་རྟགས་བརྒྱབས་ཏེ་ཚུར་སློག་ཡོང་བ་རེད།  ང་ཚོས་རྒྱལ་ཁབ་འདིའི་ནང་དུ་རླབས་ཆེ་བའི་གོ་སྐབས་འདྲ་མཉམ་ཡིན་པའི་ནོར་འཛོད་ནང་དུ་འདང་ངེས་མེད་པའི་ཐེབས་རྩ་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད་ལ། ཁས་ལེན་ཀྱང་བྱེད་ཀྱི་མེད།  དེར་བརྟེན་ང་ཚོ་འདིར་ཡོང་དོན་ནི་དངུལ་འཛིན་ཤོག་བྱང་དེ་དངུལ་སྒོར་ལ་བརྗེ་རུ་ཡོང་བ་དང་།  དངུལ་འཛིན་ཤོག་བྱང་འདིས་ང་ཚོར་རང་དབང་གིས་ཕྱུག་ཅིང་དྲང་བདེན་གྱི་བདེ་འཇགས་ལ་དགོས་འདུན་འདོན་དུ་བཅུགཡོད།

 གཞན་ཡང་ང་ཚོ་དམིགས་བསལ་གྱི་ས་གནས་འདིར་ཡོང་ནས་དེང་སྐབས་ནི་ཛ་དྲག་གི་དུས་སྐབས་ཤིག་ཡིན་པ་ཨ་རི་ལ་གསལ་འདེབས་བྱེད་ཀྱིན་ཡོད། ད་ནི་བདེ་འདོད་སྐྱིད་འདོད་ངང་རྒྱས་སྤྲོས་བྱས་ཏེ་ཞི་བར་བསྡད་ནས་འགྱུར་ལྡོག་ལ་རེ་སྒུག་བྱས་ནས་སྡོད་པའི་དུས་མ་ཡིན་པར།  ད་ལྟ་ནི་དམངས་ གཙོའི་དམ་བཅའ་ངོ་མ་མངོན་འགྱུར་བྱེད་པའི་དུས་ཡིན་ལ། ད་ལྟ་ནི་མུན་ནག་གི་དབེན་གནས་ཁྲོད་དུ་ལུས་པའི་རིགས་རྒྱུད་ཐ་དད་ཀྱི་བསམ་བློ་དོར་ཏེ་མི་རིགས་འདྲ་མཉམ་ཡིན་པའི་དྲང་བདེན་གྱི་ཉི་འོད་འཕྲོ་བའི་ལམ་ཆེན་དུ་སྐྱོད་པའི་དུས་ཡིན། ད་ལྟ་ནི་ང་ཚོའི་མི་ཚེའི་མདུན་ལམ་དེ་མི་རིགས་དབྱེ་འབྱེད་ཀྱི་དྲང་བདེན་མ་ཡིན་པའི་བྱེ་ཐང་ནས་བཀྱགས་ཏེ་སྤུན་ཟླའི་འདུ་ཤེས་འཛིན་པའི་སྲ་མཁྲེགས་ཀྱི་བྲག་སྟེང་དུ་སྐྱེལ་བའི་དུས་ཡིན། ད་ལྟ་ནི་ལྷའི་བུ་ཕྲུག་ཚང་མའི་ཆེད་དུ་དྲང་བདེན་དངོས་ཡོད་ལ་ བསྒྱུར་བའི་དུས་ཡིན། ཛ་དྲག་གི་དུས་སྐབས་འདི་སྣང་ཆུང་དུ་བསྐྱུར་བ་ནི་རྒྱལ་ཁབ་འདིའི་ལས་དབང་གི་ཆག་སྒོ་ཡིན་སྲིད། ཇི་སྲིད་འདྲ་མཉམ་དང་། དྲང་བདེན། རང་དབང་གི་སྟོན་ཁ་མ་ཤར་བར་དུ། ཤ་མདངས་ནག་པོའི་མི་རྣམས་ནི་ལུགས་མཐུན་མིན་ལ་འདོད་བློ་མི་ཁེངས་པའི་དབྱར་ཁའི་ཚ་གདུང་ལས་བརྒལ་མི་ཐུབ།     ཕྱི་ལོ་ཆིག་སྟོང་དགུ་བརྒྱ་རེ་གསུམ་ལོ་ནི་མཐའ་མཇུག་ཅིག་མིན་པར་མགོ་འཛུགས་ཤིག་ཡིན། གལ་སྲིད་རྒྱལ་ཁབ་འདིའི་ནང་གི་ལས་ཀ་བྱེད་སྟངས་ནམ་རྒྱུན་ལྟར་ལྷག་ཚེ། ཤ་མདངས་ནག་པོའི་མི་རྣམས་ལ་སེམས་ཀྱི་སྐད་ཆ་བརྗོད་བཅུག་ན་ད་གཟོད་འདོད་པ་ཚིམས་ངེས་རེད་ཅེས་རེ་བ་རྒྱག་མཁན་ རྣམས་ལའང་རྩིང་སྤྱོད་ཀྱི་གོ་རྟོགས་ཤིག་ཐེབས་ངེས་རེད།  ཇི་སྲིད་ཨ་རིས་ཤ་མདངས་ནག་པོའི་མི་རྣམས་ལ་སྤྱི་དམངས་ཀྱི་ཐོབ་ཐང་མ་སྤྲད་པ་དེ་སྲིད་དུ་ཨ་རིའི་ནང་ཞི་འཇམ་ཡོང་མི་ཐུབ། ཇི་སྲིད་ཨ་རིའི་ནང་དུ་དྲང་བདེན་གྱི་འོད་ཟེར་ཕྱིར་མ་མངོན་བར་དུ་ང་ཚོའི་རྒྱལ་ཁབ་འདིའི་རྩིགས་རྨང་སྒུལ་བའི་གྱེན་ལོག་གི་རླུང་འཚུབ་དེ་མཚམས་ཆད་མི་སྲིད།
    
དེ་རིང་འདིར་ཡོད་པའི་ངའི་མི་དམངས་ཏེ། དྲོད་སྐྱིད་ལྡན་པའི་དྲང་བདེན་གྱི་ཕོ་བྲང་དུ་འཛུལ་རྒྱུར་སྣེ་ཁྲིད་པའི་ལས་འགུལ་ཁྲོད་ཞུགས་མཁན་རྣམས་ལ་ངས་བརྗོད་དགོས་པ་ཞིག་ནི། ང་ཚོའི་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་གྱི་རྒྱུད་རིམ་ཁྲོད་དུ་དྲག་སྤྱོད་དང་ནོར་འཁྲུལ་གྱི་ལས་དོན་རྩ་བ་ནས་རྩོམ་མི་རུང་།  ང་ཚོས་དུག་ཁ་ཆེ་ཞིང་སྡང་སེམས་ཅན་གྱི་ཇ་ཕོར་བ་གང་འཐུང་བ་ཙམ་གྱིས་ང་ཚོའི་སྐོམ་གདུང་གིས་གཙེས་བའི་རང་དབང་གི་འདོད་བློ་མི་ཁེངས།  ང་ཚོས་དུས་གཏན་དུ་འཐབ་རྩོད་ཀྱི་བྱ་སྤྱོད་དེ་ཁྱད་དུ་འཕགས་ཤིང་བསླབ་ཁྲིམས་ཡོད་པའི་འབུར་ཐོན་རང་བཞིན་ཅན་ཞིག་བརྒྱུད་དགོས། ང་ཚོས་གསར་གཏོད་ཀྱི་ནུས་པ་ལྡན་པའི་འཐབ་རྩོད་ཀྱི་ངོ་བོ་དེ་དངོས་པོའི་དྲག་སྤྱོད་དུ་རྩ་བ་ནས་བསྒྱུར་མི་རུང་། ཡང་ནས་ཡང་དུ་ང་ཚོས་ཕྱི་དངོས་པོའི་བཙན་ཤུགས་ལ་ནང་སེམས་ཀྱི་བཙན་ཤུགས་ཀྱིས་རྒོལ་ལན་སྤྲོད་དགོས།  ང་ཚོ་ཤ་མདངས་ནག་པོའི་སྤྱི་ཚོགས་ཁྱུར་མིད་གཏོང་བའི་དམག་ལས་གསར་བ་དེས་ང་ཚོ་ཤ་མདངས་དཀར་པོའི་མི་རྣམས་ལ་ཡིད་ཆེས་བརླག་རྒྱུར་སྣེ་ཁྲིད་དུ་འཇུག་མི་ཉན། ང་ཚོའི་ཤ་མདངས་དཀར་པོའི་སྤུན་ཟླ མང་བོ་ཞིག་དེ་རིང་འདིར་ཕེབས་ཏེ་ཁོང་ཚོའི་ལས་དབང་དེ་ང་ཚོའི་ལས་དབང་དང་དམ་པོར་བཅངས་ཡོད་པ་ངེས་ཤེས་རྙེད་ཅིང་། ཁོང་ཚོའི་རང་དབང་དེ་ང་ཚོའི་རང་དབང་དང་མཉམ་དུ་གནས་ཡོད་པ་ཤེས་རྟོགས་བྱུང་བར་ང་ཚོར་བདེན་དཔང་བྱས་ཡོད་།    དྲང་བདེན་མིན་པའི་འཐབ་རྭའི་ནང་མི་རིགས་ཚང་མ་མཉམ་འབྲེལ་གྱིས་གཡུལ་འཐབ་ལ་ཞུགས་དགོས་ཏེ། ང་ཚོ་གཅིག་པུ་ཁེར་རྐྱང་དུ་བསྐྱོད་མི་ཐུབ། 
 
ང་ཚོའི་གོམ་བགྲོད་དེ་དུས་ནམ་ཡང་མདུན་བསྐྱོད་བྱེད་རྒྱུར་དམ་བཅའ་འཇོག་དགོས་ལ། ང་ཚོ་ཕྱིར་འཁོར་མི་ཉན།  ང་ཚོའི་སྤྱི་དམངས་ཐོབ་ཐང་གི་དགོས་འདུན་འདོན་མཁན་རྣམས་ཏེ།  ཁྱེད་རང་ཚོའི་འདོད་པ་ག་དུས་ཁེངས་ངེས་ཡིན་ནམ།  ཉེན་རྟོག་པའི་བརྗོད་ལས་འདས་པའི་གདུག་རྩུབ་འོག་ཤ་མདངས་ནག་པོའི་མི་རྣམས་ཕམ་ཁ་བྱུང་མཁན་མ་ཡིན་པའི་བར་དུ་ང་ཚོའི་འདོད་བློ་རྩ་བ་ནས་ཁེངས་མི་སྲིད། ང་ཚོས་དཀའ་ལས་བརྒྱབ་ཏེ་འགྲུལ་བསྐྱོད་བྱེད་སྐབས།  ལམ་ཆེན་སྟེང་གི་རླངས་འཁོར་འགྲུལ་མིའི་གནས་ཁང་དང་། གྲོང་ཁྱེར་གྱི་མགྲོན་ཁང་ནང་དུ་གནས་ཚང་མ་གཡར་བར་དུ་ང་ཚོའི་འདོད་བློ་ཁེངས་མི་སྲིད། གྲོང་གསེབ་ཀྱི་དབུལ་གནས་དང་གྲོང་ཁྱེར་གྱི་དབུལ་གནས་མ་གཏོགས་ང་ཚོར་འཚོ་བ་རོལ་ཡུལ་མེད་ན་ང་ཚོའི་འདོད་བློ་ཁེངས་མི་སྲིད། ང་ཚོའི་བུ་ཕྲུག་རྣམས་ཀྱི་ཡིད་ཀྱི་གདེང་ཚོད་དང་ཁྱད་འཕགས་རང་བཞིན་འཕྲོག་བཅོམ་བྱས་ཏེ་༼ཤ་མདངས་དཀར་པོའི་མི་ཁོ་ན།༽ཞེས་པའི་རྟགས་དེ་མེད་པར་བཟོ་རག་བར་དུ་ང་ཚོའི་འདོད་བློ་ཁེངས་མི་སྲིད། 
 
མི་སི་སི་ཕི་(Mississippi)ནང་ཤ་མདངས་ནག་པོའི་མི་རྣམས་ཀྱིས་འོས་ཤོག་བླུགས་ཐུབ་པའི་བར་དང་། ནེའུ་ཡོག་(new York)ནང་ཤ་མདངས་ནག་པོའི་མི་རྣམས་ཀྱིས་འོས་ཤོག་དང་འབྲེལ་བ་མེད་བསམ་པའི་བསམ་ཚུལ་དེར་འགྱུར་བ་མ་ཕྱིན་བར་དུ་ང་ཚོའི་འདོད་བློ་ཁེངས་མི་སྲིད། དྲང་བདེན་གྱི་ཆུ་བོ་ཐུར་དུ་འབས་པ་དང་མཐུ་ལྡན་གྱི་དྲག་ཆར་ལྟ་བུར་མ་གྱུར་བར་དུ་ང་ཚོའི་འདོད་བློ་ཁེངས་མི་སྲིད།
 
ངས་གསལ་བོར་ཤེས་པ་ཞིག་ལ།  ཁྱེད་རང་ཚོ་ཁ་ཤས་ཤིག་གིས་ཚད་ལས་བརྒལ་བའི་སྡུག་བསྔལ་མྱངས་ཏེ་འདིར་ཕེབས་ཡོད་པ་དང་།  ཁ་ཤས་ཤིག་བཙོན་ཁང་གི་གུ་དོག་པའི་མུན་ནག་ཁང་མིག་ནས་འདིར་ཕེབས་པ་རེད། ཁྱེད་རང་ཚོ་ཁ་ཤས་ཤིག་རང་དབང་འཚོལ་ཞིབ་བྱེད་སྐབས་ཉེན་རྟོག་པའི་གདུག་རྩུབ་དང་གཉའ་གནོན་གྱི་རླུང་འཚུབ་གཡུགས་པའི་ས་གནས་ནས་འདིར་ཕེབས་ཡོད་པ་རེད། ཁྱེད་རང་ཚོ་ཚང་མས་དཀའ་ངལ་གྱི་ལམ་ཕྲན་ཀྱག་ཀྱོག་བརྒྱུད་དེ་དོན་མེད་ཀྱི་སྡུག་བསྔལ་མྱངས་ཀྱང་།  མཇུག་འབྲས་ལེགས་པོ་ཞིག་ཡོང་བར་ཡིད་ཆེས་ཆེན་པོས་མུ་མཐུད་དུ་ལས་དོན་སྒྲུབ་དགོས།  མི་སི་སི་ཕི་དང་། (Mississippi) ཨ་ལ་པ་མ། (Alabama)ཁ་རོ་ལི་ནི་ལྷོ་ཕྱོགས།(south Carolina)འཇོར་རྗེ་ཡ། (Georgia)ལོའེ་ཤི་ན། (lousiana) སོགས་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྣམས་དབུལ་ཕོངས་ཀྱི་གནས་སུ་ཡོད་པའི་ཐབས་སྐྱོ་བའི་གནས་སྟངས་ལ་གཟིགས་དང་།  རྒྱུ་མཚན་ངེས་ཅན་ཞིག་ལ་བརྟེན་ནས་གནས་སྟངས་འདི་ལ་འགྱུར་བ་འགྲོ་ངེས་ཡིན།  ང་ཚོ་རེ་ཐག་ཆད་པའི་ལུང་བའི་ནང་གཏན་ཏུ་འགྲེ་ལྡོག་རྒྱག་བཞིན་སྡོད་མི་སྲིད།
 དེར་བརྟེན།  ངས་གྲོགས་པོ་རྣམས་ལ་བརྗོད་དགོས་པ་ཞིག་ནི། དེ་རིང་དང་སང་ཉིན་ང་ཚོས་དཀའ་ངལ་མང་བོ་ཞིག་ལ་གདོང་ལེན་བྱེད་དགོས་ཡོད་ནའང་།  ང་ལ་ད་དུང་རྨི་ལམ་ཞིག་ཡོད་ཅིང་། ངའི་རྨི་ལམ་དེ་ནི་གཏིང་ཟབ་མོའི་སྒོ་ནས་ཨ་རིའི་རྨི་ལམ་གྱི་རྩ་བར་འབྲེལ་ནས་ཡོད་ལ། རྨི་ལམ་དེ་ནི་ཉིན་ཞིག་རྒྱལ་ཁབ་འདི་ཡར་ལངས་ཏེ་དོན་སྙིང་ལྡན་པའི་འཚོ་བ་ངོ་མའི་ཁྲོད་དུ་བདེན་པ་ལག་ཏུ་བཟུང་ཞིང་འགྲོ་བ་མི་ཚང་མ་འདྲ་མཉམ་ཡིན་པའི་གནས་ལུགས་རྟོགས་ཐུབ་རྒྱུ་དེ་ཡིན།
 
ང་ལ་རྨི་ལམ་ཞིག་ཡོད་པ་ནི་ཉིན་ཞིག་འཇོར་རྗེ་(Georgia)རི་ཕྲན་དམར་པོའི་སྟེང་ནས་བྲན་གཡོག་ཟུར་བའི་བུ་དང་། བྲན་གཡོག་བདག་པོ་ཟུར་བ་རྣམས་ཀྱི་བུ་རྣམས་སྤུན་ཟླའི་བརྩེ་སེམས་ཀྱི་མདུན་ཅོག་གཅིག་གི་སྟེང་སྡོད་རྒྱུ་དེ་ཡིན། 
 
ང་ལ་རྨི་ལམ་ཞིག་ཡོད་པ་ནི་ཉིན་ཞིག་དྲང་བདེན་མེད་པའི་རླུང་འཚུབ་དང་། གཉའ་གནོན་གྱི་ཚ་རླབས་ཁྲོད་དུ་ཡོད་པའི་མི་སི་སི་ཕི་མངའ་སྡེ་དེ་རང་དབང་དང་དྲང་བདེན་གྱི་ཡུལ་ལྗོངས་ཤིག་ཏུ་བསྒྱུར་རྒྱུ་དེ་ཡིན།
 
ང་ལ་རྨི་ལམ་ཞིག་ཡོད་པ་ནི་ཉིན་ཞིག་ངའི་བྱིས་པ་བཞིའི་རིན་ཐང་ཤ་མདངས་ལ་བལྟས་ནས་ཐག་གཅོད་མི་བྱེད་པར་མིའི་རང་གཤིས་ལ་བལྟས་ནས་ཐག་གཅོད་པའི་རྒྱལ་ཁབ་ཅིག་གི་ནང་དུ་གནས་ཐུབ་རྒྱུ་དེ་ཡིན།
 
ང་ལ་རྨི་ལམ་ཞིག་ཡོད་པ་ནི།  ཨ་ལ་པ་མ་མངའ་སྡེའི་ནང་གདུག་ཅིང་རྩུབ་པའི་མི་རིགས་དབྱེ་འབྱེད་ཀྱི་ཚིག་རྙོག་དང་། ཕན་མེད་ཀྱི་སྐད་ཆའི་ཐིགས་པ་དག་གཞུང་འཛིན་པ་ཚོའི་མཆུ་འདབ་ནས་འཐིག་གིན་ཡོད་ནའང་།  ཉིན་ཞིག་ཤ་མདངས་ནག་པོའི་བུ་ཕྲུག་ཚོ་དང་ཤ་མདངས་འཀར་པོའི་བུ་ཕྲུག་ཚོས་སྤུན་ཟླའི་བརྩེ་སེམས་བཅིངས་ཤིང་ཕན་ཚུན་ལག་གདང་སྤྲེལ་རྒྱུ་དེ་ཡིན།
 
ང་ལ་རྨི་ལམ་ཞིག་ཡོད་པ་ནི་ཉིན་ཞིག་ལུང་གཤོངས་རྣམས་མཐོ་རུ་འགྲོ་བ་དང་རི་བོ་རྣམས་དམའ་རུ་ཆགས་པ།  འབའ་འབུར་གྱི་ས་ཁུལ་འཁོད་སྙོམས་ཤིང་། ཀྱག་ཀྱོག་གི་ས་ཁུལ་རྣམས་བདེ་ཐང་དུ་གྱུར་ཏེ་དཔལ་ལྡན་ལྷའི་ཡུལ་གྱི་རང་གཟུགས་ཕྱིར་མངོན་སྐབས་མི་རྣམས་ཀྱིས་དུས་གཅིག་ཏུ་མཐོང་ཐུབ་རྒྱུ་དེ་ཡིན། འདི་ནི་ང་ཚོའི་རེ་བ་ཡིན་ལ། ཡིད་ཆེས་འདི་དང་མཉམ་དུ་ང་ལྷོ་ཕྱོགས་སུ་བསྐྱོད་ངེས་ཡིན།  ཡིད་ཆེས་འདི་ལ་བརྟེན་ནས་ཐབས་ཟད་ཨུ་ཐུག་གི་རི་བོ་ཡང་རེ་བ་ཡོད་པའི་བྲག་རིར་བསྒྱུར་ཐུབ་ལ།  ཡིད་ཆེས་འདི་ལ་བརྟེན་ནས་ང་ཚོས་མྱ་ངམ་ཐང་དུ་གནས་པའི་ང་ཚོའི་རྒྱལ་ཁབ་འདི་མི་ཚང་མས་ཕན་ཚུན་སྤུན་ཟླའི་འདུ་ཤེས་བཟུང་སྟེ། རོལ་གཞས་མཉམ་གཏོང་བྱེད་སའི་མཛེས་ལྗོངས་ཤིག་ཏུ་བསྒྱུར་ཐུབ།  ཡིད་ཆེས་འདི་ལ་བརྟེན་ནས་ང་ཚོས་ལས་དཀའ་མཉམ་ལས་དང་། གསོལ་བ་མཉམ་འདེབས། འཐབ་རྩོད་ཀྱི་ལས་འགུལ་མཉམ་སྤེལ། བཙོན་ཁང་དུ་མཉམ་བསྐྱོད་སོགས་རང་དབང་གི་ཆེད་དུ་མཉམ་ལངས་བྱས་ན་ང་ཚོར་རང་དབང་གི་ཉི་མ་ཤར་ཐུབ་པ་རྟོགས་ངེས་ཡིན། འདི་ནི་ལྷ་ཡི་བུ་ཕྲུག་རྣམས་ཀྱིས་ནང་དོན་གསར་བ་ལྡན་པའི་གཞས་ཏེ། ༼ངའི་རྒྱལ་ཁབ།  ངས་ཁྱེད་ལ་གཞས་ཤིག་འབུལ། རང་དབང་གི་མཛེས་ལྗོངས། ངའི་ཕ་མྱེས་རྣམས་གྲོངས་སའི་གནས།  གནས་མཇལ་བའི་ཡིད་ལ་སྤོབས་པས་ཁེངས་ས། རི་བོ་ཡོད་ཚད་ཀྱི་སྟེང་ནས་རང་དབང་གི་ཅོང་བརྡ་སྒྲོག་ཅིག  ༽ ཅེས་པའི་གླུ་གཞས་གཏོང་བའི་ཉིན་མོ་ཡིན།  གལ་ཏེ་ཨ་མི་རི་ཀ་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཆགས་དགོས་ཚེ་འདི་དག་ཚང་མ་ངེས་པར་དུ་མངོན་པར་བྱེད་དགོས།
དེར་བརྟེན། ནེའུ་ཧམ་ཕུ་ཤར་(new Hampshire)གྱི་རི་སྟེང་ནས་རང་དབང་གི་ཅོང་བརྡ་སྒྲོག་པར་སྨོན།
ནེའུ་ཡོག་གི་རི་ཆེན་ཡོད་ཚད་ཀྱི་སྟེང་ནས་རང་དབང་གི་ཅོང་བརྡ་སྒྲོག་པར་སྨོན།
ཕན་སི་ཝུ་ནི་ཡའི་(Pennsylvania)༽རི་བོ་ཨ་རྒུ་ནེ་ཟེའི་(Alleghenies)སྟེང་ནས་རང་དབང་གི་ཅོང་བརྡ་སྒྲོག་པར་སྨོན།
དབུ་རྩེ་གངས་ཀྱིས་བརྒྱན་པའི་ཁོ་ལོ་ར་ཌོ་ཡི(Colorado)བྲག་རིའི་སྟེང་ནས་རང་དབང་གི་ཅོང་བརྡ་སྒྲོག་པར་སྨོན།
ཁ་ལི་ཧྥོ་ནེ་ཡའི(California)གྱེན་གཟར་ངོས་ནས་རང་དབང་གི་ཅོང་བརྡ་སྒྲོག་པར་སྨོན།
ད་དུང་དེ་ཡིས་ག་ལ་ཚད།    འཇོར་རྗེ་ཡི་བྲག་རིའི་སྟེང་ནས་རང་དབང་གི་ཅོང་བརྡ་སྒྲོག་པར་སྨོན།
ཐེན་ནེ་ཟེའི་(Tennessee)རི་བོ་ལོ་ཁུ་ཨོ་ཐིའི་(lookout)སྟེང་ནས་རང་དབང་གི་ཅོང་བརྡ་སྒྲོག་པར་སྨོན།
མི་སི་སི་ཕིའི་རི་བོ་དང་རི་ཕྲན། ས་འབུར་ཡོད་ཚད་ཀྱི་སྟེང་ནས་རང་དབང་གི་ཅོང་བརྡ་སྒྲོག་པར་སྨོན།
ང་ཚོར་ག་དུས་རང་དབང་གི་ཅོང་བརྡ་སྒྲོག་ཏུ་བཅུག་ཚེ། དེ་དུས་ང་ཚོས་གྲོང་གསེབ་དང་གྲོང་སྡེ།  མངའ་སྡེ་དང་གྲོང་ཁྱེར་ཚང་མའི་ནང་དུ་རང་དབང་གི་ཅོང་བརྡ་བསྒྲགས་ཤིང་། ལྷ་ཡི་བུ་ཕྲུག་ཚང་མ་སྟེ། ཤ་མདངས་ནག་པོ་དང་དཀར་པོ།  ལྗེའུ་ཆོས་ལུགས་དང་། ཡི་ཤུའི་ཆོས་ལུགས་པ། གནམ་བདག་ཆོས་ལུགས་བཅས་ཆོས་ལུགས་ཚང་མ་ལག་གདང་སྤྲེལ་ཏེ། ང་ཚོའི་ཤ་མདངས་ནག་པོའི་མི་རྣམས་ཀྱིས་ཡིད་ཆེས་བྱེད་བཞིན་པའི་གནའ་བོའི་ཆོས་ཀྱི་གླུ་གཞས་ཏེ། ༼མཐའ་མར་རང་དབང་ཐོབ་བྱུང་། མཐའ་མར་རང་དབང་ཐོབ་བྱུང་། དཀོན་མཆོག་གི་ཐུགས་རྗེ་ལས་མཐའ་མར་ང་ཚོར་རང་དབང་ཐོབ་སོང་།༽ཞེས་པ་མཉམ་དུ་གཏོང་ཐུབ་ངེས། 

ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལན་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཊིན་ལུ་ཐར་ཁིན་དང་ཁོང་གི་སྐུ་ཟླ་ཁོ་རེ་ཐ་ཁིན་གཉིས་ཀྱི་བང་སོ། པར་པ་དཔལ་ལྡན་རྒྱལ

ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལན་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཊིན་ལུ་ཐར་ཁིན་དང་ཁོང་གི་སྐུ་ཟླ་ཁོ་རེ་ཐ་ཁིན་གཉིས་ཀྱི་བང་སོ། པར་པ་དཔལ་ལྡན་རྒྱལ

bangso

 སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་གིས་གནང་པའི་ང་ལ་རྨི་ལམ་ཞིག་ཡོད་ཅེས་པའི་བརྙན་འཕྲིན་ལ་གཟིགས་ན་གཤམ་གྱི་སྦྲེལ་ཐག་འདིར་མཐུད་རོགས།

 

ཁོང་གིས་ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཀྱི་གསུང་བཤད་ལ་གཟིགས་ན་གཤམ་གྱི་སྦྲེལ་ཐག་འདིར་མཐུད་རོགས



12 Comments so far ↓

  1. jamyang says:

    སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ་ངདོད་བྱུང་། ཉེ་ཆར་བདག་གིས་འདི་ཧི་གཟུགས་དང་འོད་དཀར་གཉིས་སུ་འགོད་སྤེལ་བྱས་པ་ཡིན། འོན་ཀྱང་ད་རེབ་ཉིད་ཀྱིས་སྤེལ་བ་ཧ་ཆང་འོས་འཚམས་རེད་ལ་རྗེས་སུའང་འདི་ལྟའི་རྩོམ་རྩ་ཆེན་དང་ལྷག་པར་བོད་ནང་གི་སྤུན་ཟླ་དག་གིས་མི་རྙེད་པ་དག་སྤེལ་རོགས་ཞེས་རེ་སྐུལ་ཞུ་རྒྱུ། འདི་ལྟར་ང་ཚོ་ཕན་ཚུན་ལ་མཁོ་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། དེའི་ཕྱིར་བདག་གིས་ཀྱང་རྩོམ་ཡིག་འདི་འདྲ་རེ་སྤེལ་ཐུབ་ན་སྙམ་པ་ལས་གཞན་དམིགས་ཡུལ་ཅི་ཡང་མེད་ཅེས་ཞོར་དུ་ཞུ་འདོད་བྱུང་།

  2. ཤེས་ཀྱི་བློ་རྩལ་རྒྱས་པའི་བོད་རིགས་སྤུན་ཟླ་བློ་ལྡན་ལགས། དཔེ་ཡག་འདུག

  3. གྲོགས་པོ་ལགས།
    ཞི་བདེའི་ལམ་ལ་བསྐྱོད་དང་ངེད་གཡང་དཀར་ལུག་ཁྱུའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་རྙེད་ཡོང་། དྲང་བདེན་གྱི་འབར་སྒྲ་བསྐྱོན་དང་ཁྱི་སྤྱང་དམར་པོ་གངས་ལསྗོངས་ཕྱུག་མོའི་མཐའ་ནས་བསྐྲད་ཆོག

  4. གངས་ཅན་པའི་ལས་དབང་ལགས།
    ཕྲན་གྱི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ།

  5. དཔལ་ལྡན་ལགས། དེབ་བོད་བསྒྱུར་མ་ཐེངས་གཅིག་བཀླགས་པ་ཡིན། ད་དུང་བོད་ཡིག་ཏུ་་བསྒྱུར་བ་ཡོད་ན་ཟིན་བྲིས་སུ་འགོད་རོགས་གནང་།

  6. རྒན་ལགས། བདག་གིས་རེ་སྐུལ་ཞུ་རྒྱུ་ཞིག་ལ། དེ་ཕྱོགས་ཀྱི་རྒྱུན་ལྡན་འཚོ་བ་རོལ་སྟངས་སྐོརཡིག་ཐོག་ནས་་ཟིན་བྲིས་སུ་འགོད་རོགས་དང་། ཆེས་ཧ་ཅང་གི་ཀློག་འདོད་་ཡོད་ཀི དེ་དང་མཉམ་དུ་འདྲ་པར་ཡོད་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན།

  7. CHIME IN ITALY says:

    it is very important our fatherland.
    we want to non violance strugglfor freedom

  8. མ་སངས says:

    ཁྱེད་ཀྱི་ཡིག་གཟུགས་འདི་ནི་ཅི་ཞིག་ཡིན་ནམ། ངས་ཀློག་ཀླད་ནང་ཉར་འདོད་བྱུང་བས་རྒན་ལགས་ནས་གསུངས་རོགས་ཞུ།

  9. palden says:

    Palden Gyal. thank you very much

  10. ཕྲན་གྱི་ཟིན་བྲིས་ནང་ཕེབས་པར་ཐུགས་རྗེ་ཆེ།

  11. Thoesam says:

    Dear Palden Gyal, Thank you so much for your articles, i personally appreciate what you have done and doing now. Please keep it up and if you have more interpretations into Tibetan please insert it in your blog. Thank you.

  12. Dear Thoesam,
    Thanks your appreciation.
    Palden

བསམ་ཚུལ་འབྲི་རོགས།





*