རེབ་གོང་སྒྱུ་རྩལ་ནི་བོད་གྱི་སྲོལ་རྒྱུན་ཐང་ཀ་དང༌། ལྡེབས་རིས། འཇིམ་བཟོ། ཤིང་བརྐོས་རི་མོ་བཅས་ཀྱི་བཟོ་རྩལ་ཁྱད་དུ་འཕགས་པ་ཞིག་ཡིན། དེ་ནི་རེབ་གོང་ཤོག་ཁག་བཅུ་གཉིས་ཀྱི་ནང་ཚན་ཙེ་ཁྲེ་བཞི་ཡ་གྱལ། རེབ་གོང་རོང་བོ་དགོན་ཆེན་གྱི་བྱང་ཕྱོགས་སུ་ཀེ་ལོ་མེ་ཀྲར་བདུན་ཙམ་གྱི་མཚམས་སུ་གྲོང་སྡེ་ཞིག་ཡོད་པ་དེའི་མིང་ལ་སེང་གེ་གཤོངས་ཟེར། གྲོང་སྡེ་དེ་ནི་ནང་ཚན་གསུམ་དུ་དབྱེ་ཡོད་པ་ནི་སེང་གེ་གཤོངས་ཡར་འགོ་དང༌། མར་འགོ རྒྱ་ཚང་མ་བཅས་ཡིན། གྲོང་སྡེ་དེའི་ནང་སྐྱེས་པ་ཞིག་ཡིན་ཕྱིན་བོད་ཀྱི་སྲོལ་རྒྱུན་ཐང་ཀ་དང། ལྡེབས་རིས། འཇིམ་བཟོ། ཤིང་བརྐོས་རི་མོ་སོགས་བཟོ་བཀོད་མི་ཤེས་མཁན་ཕལ་ཆེར་མེད་ཞེས་བརྗོད་ཆོག ཡིན་ནའང་གྲོང་སྡེ་དེའི་ཡུལ་མའི་མཆེད་ཁུངས་སྐོར་ལ་རེབ་གོང་གི་གྲོང་སྡེ་གཞན་དང་མི་འདྲ་བའི་རྩོད་གླེང་བྱེད་བཞིན་ཡོད་པས་མཁྱེན་ཡངས་པ་གང་མང་གིས་གྲོང་སྡེ་དེའི་སྐོར་ལ་དཔྱད་རྩོམ་མང་པོ་བྲིས་ཡོད་པ་རེད། དེའི་རྒྱུ་མཚན་ནི་གྲོང་སྡེ་དེའི་ཡུལ་མི་རྣམས་ལ་ཡུལ་སྐད་ཐུན་མོང་མ་ཡིན་པ་བོད་སྐད་དང་རྒྱ་སྐད་འདྲེས་མ་ལྟ་བུ་ཞིག་ཡོད་པ་མ་ཟད། བུད་མེད་རྣམས་ཀྱི་གྱོན་གོས་ཀྱང་རེབ་གོང་གི་གྱོན་གོས་དང་མི་འདྲ་བར་ལ་དགས་ཀྱི་བུད་མེད་རྣམས་ཀྱི་གྱོན་གོས་དང་འདྲ་ཙམ་ཡིན་པ་ཙམ་ལས་ཡུལ་སྲོལ་གོམས་འདྲིས་དང༌། ཆོས་ཕྱོགས་ཀྱི་མཛད་སྒོ་གང་ལ་བལྟས་ན་འང་བོད་རིགས་ཡིན་པ་གསལ་བོར་རྟོགས་ཐུབ། དེ་ཡང་བོད་རབ་བྱུང་དང་པོའི་ས་འབྲུག་ལོ་སྟེ། སྤྱི་ལོ༡༠༢༨ གཙང་ལ་སྟོད་ནས་ཡོང་བའི་ལྷ་བཟོ་སེང་གེ་རྣམ་གསུམ་སྟེ། གཉན་གྲགས་རྒྱ་མཚོ་དང། གསེར་བཟང༌། མགོན་པོ་རྡོ་རྗེ་བཅས་རེབ་གོང་དུ་སླེབས་ནས་གཞི་ཆགས་པ་དང་དེ་ནས་བཟུང་རེབ་གོང་སྒྱུ་རྩལ་དར་འགོ་ཚུགས་ཤིང༌། རྒྱ་བོད་སོག་གསུམ་གྱི་དགོན་པ་གང་མང་དུ་ཁོང་ཚོས་ལྷ་སྐུ་དང་རི་མོ་བཞེངས་པ་དང༌། ཁྱད་པར་དུ་མི་ཉག་རྒྱལ་བོའི་ཕོ་བྲང་དུ་རི་མོ་དང་ལྷ་སྐུ་བཞེངས་པ་མ་ཟད༌། རྒྱལ་བོའི་ཕོ་བྲང་གི་གཟིམ་ཤག་ཏུ་འཇའ་ཚོན་རི་མོ་འབྲུག་ཁྱུང་དགུ་བྲིས་ཡོད་པ་དེའི་དབུས་ཀྱི་མདུན་ངོས་སུ་རྒྱལ་པོས་ཁོང་ཚོར་བསྟོད་པའི་སྙན་ཚིག་ཞིག་ཕུལ་ཡོད་པ་ནི་འདི་ལྟར།
བོད་ཀྱི་སེང་གེ་མིང་ཅན་གྱིས།། སྦྱང་པའི་རི་མོ་ཡ་མཚར་ཅན།།
བྲིས་པའི་ལག་རྒྱུན་རྨད་དུ་བྱུང༌།། གངས་ཅན་བོད་ཀྱི་རི་མོབ།།
བལ་པོའི་ལྷ་བཟོས་འགྲན་པར་དཀའ།། ཚོན་གྱིས་བརྒྱན་པའི་རི་མོ་རྣམས།།
ཆུ་མཇའ་དགུང་ལ་ཤར་བ་འདྲ།། ཞེས་བཀོད་ཡོད་པ་རེད།
ཉེ་བའི་ལོ་འགའི་རིང་རེབ་གོང་སྒྱུ་རྩལ་གྱི་སྙན་པའི་གྲགས་པ་གང་སར་ཁྱབ་པ་དང༌། རེབ་གོང་སྒྱུ་རྩལ་ཁང་གི་ལྷ་བཟོ་མཁས་ཅན་གྱི་མིང་ལ་ཤ་བོ་ཚེ་རིང་ཟེར་བ་དང༌། ཁོང་ནི་དེང་སྐབསདགུང་ལོ་ ༧༥ ཟིན་ཡོད་པདང༌། ཁོང་ལ་བཟོ་རིས་སྒྱུ་རྩལ་གྱི་སློབ་དཔོན་ཆེན་མོའི་གོ་མིང་ཐོབ་ཡོད་པ་རེད། ༡༩༨༠ ལོར་པན་ཆེན་རིན་པོ་ཆེ་ཨ་མདོ་ས་ཁུལ་དུ་ཕེབས་སྐབས་རེབ་གོང་སྒྱུ་རྩལ་ཁང་དང༌། རེབ་གོང་སྒྱུ་རྩལ་གྱི་ཕ་ཡུལ་སེང་གེ་གཤོངས་གྲོང་སྡེ་ནང་ཕེབས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་བྲིས་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་སྐུལ་མ་བཏང་ཡོད་པ་རེད། གང་ལྟར་བཟོ་རིག་སྒྱུ་རྩལ་གྱི་སྙན་གྲགས་འཛམ་གླིང་ན་ཁྱབ་པའི་རེབ་གོང་སྒྱུ་རྩལ་ལ་འང་དུས་ཡུན་རིང་བའི་ལོ་རྒྱུས་ལྡན་པ་ཟད། དེ་ནི་བོད་མི་རིགས་ཀྱི་བློ་གྲོས་ཀྱི་བཅུད་ལས་བྱུང་བའི་ལག་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡིན།༡༩༩༦ ལོའི་ཟླ་ ༥ ཚེས ༡ རེབ་གོང་སྒྱུ་རྩལ་གསར་སྤེལ་ཁང་གིས་བཀོད་སྒྲིག་བྱས་ཏེ་མཚོ་སྔོན་རེབ་གོང་གཙོ་བྱས་པའི་བོད་ཀྱི་ས་གནས་ཁག་གི་ལྷ་བཟོ་གྲགས་ཅན་དང་ཉམས་མྱོང་ཅན་མི་བརྒྱས་དུས་ཡུན་ལོ་གཉིས་ནང་བོད་བརྒྱུད་ནང་བསྟན་ཀུན་འདུས་ཞལ་ཐང་ཆེན་མོ་ཞིག་བཞེངས་འགོ་ཚུགས་པ་དང༌། ཞལ་ཐང་དེའི་སྤྱིའི་རིང་ཚད་ལ་མི་ཀྲར་ལྔ་བརྒྱ་དང༌། ཞེང་ཁམས་སུ་མི་ཀྲར་གཅིག་དང་གྲངས་ཆུང་གཉིས་ཡོད་ངེས་རེད། བོད་བརྒྱུད་ནང་བསྟན་ཀུན་འདུས་ཞལ་ཐང་ཆེན་མོ་དེའི་བརྗོད་བྱ་ནི། བོད་ཀྱི་ལོ་རྒྱུས་སྤྱི་དང༌། ཆོས་འབྱུང༌། ཐུན་མོང་གི་རིག་གནས་སྐོར་བཅས་སྣོད་བཅུད་ཀྱི་འཇིག་རྟེན་ཐོག་མར་ཇི་ལྟར་ཆགས་པ་དང༌། བར་དུ་ཇི་ལྟར་འཕེལ་བ། མཐའ་མར་ཇི་ལྟར་འཇིག་པ། མ་འོངས་རྗེ་བཙུན་བྱམས་པ་མགོན་པོས་འདུལ་ཞིང་ཇི་ལྟར་འབྱོན་ཚུལ། བསྔོ་བ་སྨོན་ལམ་གྱི་འཇུག་བསྡུ་བ་བཅས་སྐབས་ཀྱྀ་སྐབས་ཀྱི་རིམ་པ་ལེའུ་དྲུག་ཏུ་ཕྱེས་ཡོད་ཅིང༌། ཞལ་ཐང དེའི་ནང་གསེས་སུ་བོད་དུ་འགྲོ་བ་མིའི་དང་རྒྱལ་རབས་བྱུང་ཚུལ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་དོན་ཚན་བཅོ་ལྔར་དབྱེ་ཡོད་པ་རེད། ཞལ་ཐང་ཆེན་མོ་དེ་ནི་ ༡༩༩༨ ལོའི་ལོ་དཀྱིལ་དུ་ལེགས་གྲུབ་བྱུང་ཡོད་པ་དང༌།་ དེ་ནི་འཛམ་གླིང་ཐོག་གི་ཆེས་རིང་བའི་རས་ཐང་ཆེན་མོ་ཆགས་ཡོད་པ་རེད།


ཨ་ཕ་དཔལ་ལྡན་ལགས། ཁྱེད་ནི་ང་ཚོའི་ལ་རྒྱ་དང་སྙིང་སྟོབས་ཡིན།
བཀའ་དྲིན་ཆེ།
དངོས་ནས་ཨ་མདོ་རེབ་གོང་དེ་གངས་ཅན་བོད་ཀྱི་སྒྱུལ་རྩལ་ལྟེ་གནས་ཞིག་རེད་འདུག