བརྙན་འཕྲིན་འོད་སྡེར། བོད་ལ་རང་དབང་མེད་པའི་སྙན་ཞུ།

འབྲི་མཁན། དཔལ་ལྡན་རྒྱལ། on September 1st, 2009

kalsangཨ་མདོ་བླ་བྲང་ཁུལ་བསང་ཆུ་རྫོང་གི་ཁོངས་སུ་ཡོད་པའི་རྒྱུས་ཚང་དགོན་པའི་གྲ་བ་སྐལ་བཟང་ཚུལ་ཁྲིམས ལགས་ཀྱིས་བོད་ནང་དུ་རང་དབང་མེད་པའི་སྐོར་དུས་ཚོད་གཅིག་ལྷག་རིང་བཤད་ཡོད་པའི་བརྙན་འཕྲིན་འོད་སྡེར་ཞིག་བོད་ཕྱི་ནང་གཉིས་སུ་བཀྲམས་འདུག བརྙན་འཕྲིན་འོད་སྡེར་དེ་ལག་ཏུ་ཐོབ་མཁན།  དེང་སྐབས་རྒྱ་གར་རྡ་རམ་ས་ལར་གནས་སྡོད་སྐལ་བཟང་དམ་ཆོས་ལགས་ཀྱིས་  “སྐལ་བཟང་ཚུལ་ཁྲིམས་ལགས་ད་ལྟའི་ཆར་གར་ཡོད་མི་ཤེས་པའི་གནས་སུ་གྱུར་ཡོད་པ་རེད་ལ།  ང་ཚོས་ཁོང་གི་གནས་སྟངས་ལ་སེམས་ཁྲལ་བྱེད་བཞིན་ཡོད་” ཟེར། སྐལ་བཟང་ཚུལ་ཁྲིམས་ཀྱི་སྨྱུག་མིང་ལ་རྒྱུས་ཚང་སྟག་སྨིག་ཟེར་ཞིང༌།  ཁོང་གིས་ སྙན་རྩོམ་དང་དཔྱད་རྩོམ་ཕྱོགས་བསྒྲིགས་ “མི་ཡུལ་ཕུལ་བའི་སེམས་པ”ཞེས་པའི་དེབ་ཞིག་༢༠༠༨་པར་འགྲེམས་བྱས་ཡོད་པ་རེད། བོད་ལ་རང་དབང་མེད་པའི་སྙན་ཞུ་ཞེས་པའི་བརྙན་འཕྲིན་འོད་སྡེར་དེའི་ནང་བཤད་ཡོད་པའི་སྐད་ཆ་ལ་ཉན་ན།་   

kt-sound1  kt-sound2  kt-sound3 kt-sound4

བོད་ལ་རང་དབང་མེད་པའི་སྙན་ཞུ་ཞེས་པའི་བརྙན་འཕྲིན་འོད་སྡེར་དེའི་ནང་བཤད་ཡོད་པའི་སྐད་ཆ་རྣམས་ཡིག་ཐོག་ཏུ་བཀོད་ཡོད་པར་གཟིགས་རོགས་ཞུ།

༄༅།། བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ།
རིགས་དང་རུས་པ་གཅིག་པ། ལས་དང་སྨོན་ལམ་གཅིག་པ། སྐྱེ་གནས་དང་དབང་ཐང་གཅིག་པའི་ཤ་རུས་གདུང་རྒྱུད་གཅིག་པའིེ་བོད་རིགས་སྤུན་ཟླ་རྣམ་པ། ཐོག་མར་ངས་དེ་རིང་ཕྱི་ལོ་༢༠༠༩ལོའི་ཉེན་ཁ་འདི་བརྒྱུད་ནས་ངས་བཤད་རྒྱུའི་གླེང་གཞི་གཙོ་བོ་ཅི་ཞིག་ཡིན་ཞེ་ན། རང་ཅག་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་རྒྱང་རིང་ས་མཐར་ཕེབས་ནས་ལོ་ང་གཉིས་འཁོར་བ་དང་།

 དེ་མིན་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྤྲུལ་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མུན་ནག་གི་བཙོན་ལ་བཅུག་ནས་ལོ་བཅོ་ལྔ་འཁོར་བའི་རྗེས་དྲན་གྱི་ཉིན་མོ་འདིར།ངས་རང་ཉིད་ཀྱི་འོད་ལྡེར་ཁ་བྱང་ལ་ཅི་ཞིག་བཏགས་ཡོད་ཅེ་ན།བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་ཞེས་བཏགས་ཡོད། དེའི་ཕྱིར། ཁྱེད་རྣམས་ཀྱིས་སྤྱིར་བཤད་ན་འུ་ཅག་བོད་མི་རིགས་ཀྱི་ལེགས་ཉེས་དང་བསམ་བློ་འདིའི་སྟེང་ནས་འདང་རེ་བརྒྱབ་ནས་མ་སྐུལ་དང་བླངས་སྒོ་ནས་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་བྱས་ཏེ་རང་ཉིད་ལ་ཕུགས་བསམ་རྒྱ་ཆེན་པོ་རེ་བཏང་ནས་ལག་ལེན་མངོན་གྱུར་བྱ་རྒྱུའི་ལས་ཀ་རེ་བསྒྲུབ་རྒྱུ་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་ཚང་མར་སྐབས་སུ་བབས་པའི་འོས་འགན་ཞིག་རེད། འོ་ན། དེ་རིང་ངས་བཤད་རྒྱུའི་གླེང་གཞི་གཙོ་བོ་ཅི་ཞིག་ཡིན་ཞེ་ན། ངས་གོང་དུ་བཤད་པའི་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་ཞེས་པ་ལྟར་རང་དབང་ཞེས་པ་འདི་ཅི་འདྲ་ཞིག་གི་སྒོ་ནས་བཤད་དགོས་ཤེ་ན། སྔོན་ང་ཚོར་སྤྱི་སྡོམ་གྱི་སྐད་ཆ་ཅི་འདྲ་ཞིག་ཡོད་ཟེར་ན་༼རང་དབང་ཐམས་ཅད་བདེ་སྐྱིད་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། ༽ཞེས་པ་ལྟར་རང་དབང་ཐམས་ཅད་བདེ་སྐྱིད་ཡིན་པ་འདི་ཇི་འདྲ་ཞིག་གི་སྒོ་ནས་བཤད་དགོས་ཤེ་ན། ང་རང་ཉིད་ལ་མཚོན་ན་རང་གི་ཆོས་དང་རིག་གནས་ཡུལ་སྲོལ་གོམས་གཤིས། དེ་མིན་ཚན་རིག་དང་ལག་རྕལ་འདི་འདྲ་ཞིག་གི་སྟེང་ནས་རང་དབང་ཡོད་མེད་བཤད་དགོས། དེ་ཡིན་ན་རང་ཅག་བོད་ལ་མཚོན་ན་གང་འདྲ་ཞིག་གི་སྒོ་ནས་འབད་བརྩོན་བྱ་དགོས་ཤེ་ན། ང་རང་ཉིད་ཀྱི་བསམ་ཚུལ་ཡིན་ན་འུ་ཚོའི་ཐོག་མའི་བསམ་བློའི་བརྒྱུད་རིམ་ཡིན་ནའང་འདྲ། བོད་གངས་ཅན་གྱི་སྤྱིའི་ཆགས་རིམ་ཡིན་ནའང་འདྲ། མང་བོ་ཞིག་གི་སྟེང་ནས་བསམ་བློ་བཏང་ན་སྤྱིར་བོད་ཆེན་པོ་ཞེས་པ་འདི་གང་འདྲ་ཞིག་གི་སྟེང་ནས་ཡོང་དགོས་པ་རང་ཅག་བོད་ལ་མཚོན་ན་སྔོན་གྱི་ལོ་རྒྱུས་སོགས་ལ་ཕྱིར་མིག་རེ་བལྟས་ན། འཇིག་རྟེན་ལ་འདི་འདྲའི་གཏམ་དཔེ་ཡོད་༼ལོ་རྒྱུས་ཚིགས་སུ་མ་བཅད་ན། ཕ་ཨ་ཁུ་ཡིན་ཡང་ངོ་མི་ཤེས།༽རང་ཅག་གི་བོད་ཅེས་པ་འདི་སྔོན་གྱི་རྒྱལ་རབས་དང་ལོ་རྒྱུས་སོགས་ཀྱི་སྟེང་ནས་བཤད་ན་ང་ཚོའི་བོད་ཅེས་པ་འདི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བསམ་བློའི་རྒྱབ་ལྗོངས་ཟབ་མོ་ཡོད་པ་འདི་འདྲའི་ཡ་མཚན་པ་ཞིག་ཡིན་པ་བཤད་མ་དགོས་པ་རེད། འོ་ན་རང་རེའི་བོད་ཅེས་པ་འདི་བྱུང་རིམ་གང་འདྲ་ཞིག་གི་སྟེང་ནས་འཇོག་དགོས་ཟེར་ན། ཐོག་མའི་རྒྱལ་ཕྲན་སོགས་ཀྱི་སྐོར་ལ་མཁས་པ་ཚོར་བཤད་ཚུལ་མི་འདྲ་བ་མང་།་ཡིན་ཡང་།་ཚང་མས་བོད་གཅིག་གྱུར་གྱི་རྒྱལ་རབས་ངོས་འཛིན་བྱེད་སྟངས་ནི་རྒྱལ་རབས་ཞེ་གཉིས་བྱུང་བར་བཤད། དེ་ལྟར་ན་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐབས་དང་། སོ་བདུན་པ་ཁྲི་སྲོང་ལྡེའུ་བཙན་སྐབས་ལ་བོད་ཅེས་པ་འདི་ཡ་མཚན་པ་འཛམ་གླིང་སྟེང་ལ་སྙན་གྲགས་ཅན་ཞིག་ཡིན་པ་ཚང་མས་ཁས་ལེན་གྱི་ཡོད་པར་མ་ཟད། དེང་སང་འཛམ་གླིང་སྤྱིའི་སྟེང་ནས་བདེན་དཔང་བྱེད་ཀྱིན་ཡོད། འོ་ན་དེང་སང་རང་ཅག་བོད་ཅེས་པ་འདི་གང་འདྲ་ཞིག་ཆགས་ཡོད་ཅེ་ན། ང་ཚོས་ང་ཚོར་བལྟས་ན་མི་ཤེས་རྒྱུ་གང་ཡང་མེད། མིག་ཆུ་མིག་ནང་ནས་བཞུར་རྒྱུ་དང་སྡུག་བསྔལ་འདི་ཁོག་ལ་བཅུག་ནས་བསྡད་ཡོད་པའི་སྐབས་འདིར་མིའི་རང་དབང་ཞེས་པ་འདིའི་སྟེང་ནས་བཤད་དགོས་པའི་རྒྱུ་མཚན་ང་ཚོའི་བོད་ལྟ་བུ་ལ་མཚོན་ན་རང་དབང་ཞེས་པ་འདི་གཏན་ནས་མེད། དཔེར་ན། ༡༩༥༡ལོར་ང་ཕོད་གཙོ་བྱས་པས་ཞི་བའི་དོན་ཚན་བཅུ་བདུན་ཅན་གྱི་ཆིངས་ཡིག་ཞིག་བཞག འོན་ཀྱང་། ཆིངས་ཡིག་བཞག་པ་དེ་ཡང་དག་པ་དང་དྲང་བདེན་གྱི་སྒོ་ནས་བཞག་པ་ཞིག་གཏན་ནས་མིན། དེང་སང་རྒྱལ་ཁབ་གཞན་གྱི་ལོ་རྒྱུས་མཁས་པ་དང་རང་རེའི་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་སྐབས་དེའི་ཆིངས་ཡིག་བཞག་པ་དེ་རང་དབང་སྤུ་ཙམ་ཡང་མེད་པར་བཙན་གྱིས་ཐམ་ག་བརྒྱབ་ཏུ་བཅུག་པ་ཞིག་ཡིན་པ་གོང་གི་འཛམ་གླིང་གི་ལོ་རྒྱུས་མཁས་ཅན་དག་གིས་བདེན་དཔང་གཙང་མར་བྱས་དང་བྱེད་བཞིན་ཡོད། ལྷག་པར་༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་གཉིས་ནི་ཆིངས་ཡིག་དེར་མོས་མཐུན་རྩ་བ་ནས་མེད། མའོ་ཙེ་ཏུང་གི་གཡོ་སྒྱུ་ཁོ་ན་ཡིན།ཚང་མས་ཤེས་གསལ་ལྟར་རྗེས་སུ་ང་དགུ་ལོའི་ཟླ་བ་གསུམ་པའི་ཚེས་བཅུ་བདུན་གྱི་དགོང་མོའི་ཆུ་ཚོད་བཅུ་བའི་སྟེང་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཁོང་གི་སྐུ་སྲོག་ཉེན་ཁར་ཐུག་པའི་སྐབས་དེར་ཁོང་གིས་ཐུགས་དགོངས་ཟབ་མོ་གནང་ནས་རང་ཅག་བོད་མི་ཚོའི་དཔྲལབའི་མིག་དང་ཁོག་པའི་སྙིང་ལྟ་བུ་འདི་ཉིད་བསྟན་སྲིད་མི་རིགས་ཀྱི་བདེ་དོན་ལ་དམིགས་ཏེ་མི་འདོད་བཞིན་དུ་ཕྱི་རྒྱལ་དུ་མི་ཕེབས་ཀ་མེད་བྱུང་། དེའི་རྗེས་སུ་ང་དགུ་ལོའི་ཟླ་གསུམ་པའི་ཚེས་ཉི་ཤུ་ནས་རྒྱ་དམག་གིས་བཙན་འཛུལ་གྱི་དྲག་པོའི་ལམ་ཁ་འདི་བེད་སྤྱད་ནས་དྲང་བདེན་སྐྱོང་མཁན་གྱི་བོད་མི་ཁྲི་ཕྲག་མང་བོ་ཞིག་སྲོག་ཐོག་ལ་བཏང་བ་དང་མང་བོ་ཞིག་མུན་ནག་གི་བཙོན་ལ་བཅུག སྐབས་དེའི་ཁྲག་དྲི་དང་སྐྱུག་བྲོ་བའི་གནས་ཚུལ་དངོས་ནི་འདི་འདྲའི་དུས་ཡུན་ཐུང་ཐུང་ཞིག་གི་ནང་བཤད་ན་རྫོགས་འགྲོ་བ་ཞིག་དང་བྲིས་ན་ཚར་འགྲོ་བ་ཞིག་མིན་པ་འདི་ང་ཚོའི་བསམ་བློའི་གླེང་གཞི་ཡིན། དེའི་རྗེས་ནས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བ་ཡིན་ཟེར་གྱིན་ཡོད། ངས་བལྟས་ན་ཞི་བའི་བཅིངས་འགྲོལ་ཞིག་གཏན་ནས་མ་རེད། རྒྱུ་མཚན་མི་དེ་འདྲའི་མང་བོ་ཞིག་གི་ཚེ་སྲོག་འཕྲོག་པ་དང་མང་བོ་ཞིག་མུན་ནག་གི་བཙོན་ལ་བཅུག་པ་འདིའི་སྟེང་ནས་བལྟས་ན་ཞི་བའི་བཅིངས་འགྲོལ་ཞིག་མིན་པ་གསལ་ཐག་ཆོད་རེད།གལ་སྲིད་ཞི་བའི་བཅིངས་འགྲོལ་ཡིན་ན་ཕན་ཚུན་ཕྱོགས་གཉིས་ཀའི་ངོས་ནས་མོས་མཐུན་བྱས་ཏེ་གྲོས་ཐག་བཅད་ན་གཟོད་ཞི་བའི་བཅིངས་འགྲོལ་རེད་མ་གཏོགས། གཡོ་སྒྱུ་དང་བཙན་ཐབས་དེ་འདྲ་ཞིག་བེད་སྤྱོད་བཏང་ནས་དེ་འདྲའི་མི་མང་བོ་ཞིག་དམར་གསོད་བཏང་ན་ཞི་བའི་བཅིངས་འགྲོལ་མ་ཡིན་པ་དངོས་ཡོད་ཀྱིས་བདེན་དཔང་བྱེད་ཐུབ། གཉིས་ནས་སྐབས་དེར་གོང་ནས་བཤད་པ་ལྟར་༸རྒྱལ་དབང་ཐམས་ཅད་མཁྱེན་པས་ཕྱོགས་མང་བོ་ཞིག་ལ་གཟིགས་ནས་ཕྱི་རྒྱལ་དུ་མི་ཕེབས་ཀ་མེད་བྱུང་བ་རེད། རྗེས་ནས་སྤྱང་ཀིའི་ཧམ་པ་ཇེ་ཆེར་སོང་ནས་ང་ཚོའི་བོད་ཀྱི་ཁ་དཔེ་ལྟར་༼རྒྱ་ནག་པོ་ཡར་ལོག་དང་རླུང་བསེར་བུ་ཐུར་ལོག་བྱུང་༽ཞེས་པ་ལྟར་རིག་གནས་གསར་བརྗེ་ཆེན་མོ་བྱུང་ནས་བོད་མི་ཚོ་མུ་གེར་ཤི་བ་སོགས་ཀྱི་སྡུག་བསྔལ་རྣམས་མ་བཟོད་པར་སྐབས་དེའི་གནས་ཚུལ་དངོས་༸པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གིས་༼བོད་མི་སྡུག་བསྔལ་ལས་སྐྱོབ་པའི་འབོད་སྒྲ༽ཞེས་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་རྒྱ་གཞུང་ལ་ཕུལ་བ་དེ་བྱ་བ་ཡང་དག་པ་དང་དྲང་བདེན་ཞིག་ཏུ་ངོས་འཛིན་མ་བྱས་པར་མ་ཟད། ལོ་དགུ་དང་ཟླ་བ་བརྒྱད་ལ་བཙོན་དུ་བཅུག འདི་དག་ནི་ང་ཚོར་རང་དབང་མེད་སོང་བ་རེད་མ་གཏོགསགལ་སྲིད་རང་དབང་ཡོད་ན་རང་གི་སྲིད་འབྱོར་རིག་གསུམ་གྱི་གནས་བབས་དང་བོད་མིའི་བསམ་བློ་དངོས་ཡར་ཞུས་པ་དང་ལེན་བྱེད་དགོས་པ་ཞིག་རེད། སྐབས་དེར་རྒྱ་གཞུང་གིས་ང་ཚོར་མོས་མཐུན་ཡོད་རུང་མེད་རུང་བོད་མིའི་མངོན་འདོད་ལ་མ་ལྟོས་པར་ཡ་ང་བའི་བྱ་སྤྱོད་འདྲ་མིན་ཞིག་བེད་སྤྱད་ནས་༸པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་༡༩༧༦ལོའི་བར་མུན་ནག་གི་བཙོན་ནས་ལུས་པ་རེད། ༡༩༨༠ལོ་ནས་བོད་ལ་རང་དབང་ཅུང་སྤྲད་ནས་བོད་མིའི་བསམ་བློ་ཕྱིར་འཁོར་རྒྱུའི་ཆེད་ཆོས་སྒོ་ཕྱེས་པ་དང་བཅའ་ཁྲིམས་གཞིར་བཞག་གི་སྟེང་ནས་རིག་གནས་སོགས་ཀྱང་དར་དུ་འཇུག་རྒྱུ། ལས་བྱེད་པ་ཚོས་བྱ་བ་ཡང་དག་སྒྲུབ་རྒྱུ།བོད་མིའི་བསམ་བློ་བཀག་འགོག་མི་བྱེད་རྒྱུ། རང་སྐྱོང་ཁུལ་ཞིག་ཡིན་ན་དེའི་མི་མང་གི་བསམ་བློ་དང་མཐུན་པའི་སྟེང་ནས་བྱ་བ་བསྒྲུབ་རྒྱུ། འོ་ན། དེ་རིང་ང་ཚོས་ཕྱི་ལོ་༢༠༠༩ལ་སླེབས་པའི་སྐབས་འདིར་འདས་ཟིན་པའི་ལོ་འཁོར་ལྔ་བཅུ་བོ་འདི་ལ་བོད་མིའི་བསམ་བློ་འཁོར་ཕྱོགས་ཀྱི་སྟེང་ནས་ཕྱིར་འདང་རེ་བརྒྱབ་ན། ཕྱི་ལོགས་ཀྱི་བོད་མིའི་དཔེ་དེབ་༼ཁྲག་ཐིགས་ལས་སྐྱེས་པའི་ལྗང་མྱུག་༽ཅེས་པའི་ནང་འདི་ལྟར་བྲིས་འདུག༼རྒྱ་ནག་ནི་ནམ་ཡིན་ཡང་རྒྱ་རེད།བོད་ཅེས་པ་ནམ་ཡིན་ཡང་དགྲ་རུ་བཟུང་ཡོད། རྒྱ་ནག་ལ་མཚོན་ན་བོད་ཀྱི་༸ཏཱ་ལའི་བླ་མ་མི་དགོས། བོད་ཀྱི་ཆོས་དང་རིག་གཞུང་མི་དགོས། བོད་ཀྱི་ཡུལ་སྲོལ་གོམས་གཤིས་མི་དགོས། རྒྱ་ནག་ལ་དགོས་པ་ནི་བོད་ཀྱི་ས་ཆ་དང་ཐོན་ཁུངས་སོགས་རེད༽། ངས་བལྟས་ན་འདི་རིག་པ་ཡང་དག་པ་ཞིག་དང་འདང་བརྒྱབ་ནས་བཤད་ཡོད་པའི་སྐད་ཆ་ཞིག་རེད་སྙམ།རྒྱུ་མཚན་དེང་སང་བལྟས་ན་འཆར་ལྡན་བུ་སྐྱེས་ཀྱི་ལམ་ལུགས་དང་ལོ་བཅོ་བརྒྱད་མ་ལོན་པར་གྲྭ་བ་བྱེད་མི་ཆོག་པ་སོགས་ཀྱི་ལམ་ལུགས་མི་འདྲ་བ་མང་བོ་ཞིག་བཟོས་པ་འདི་ང་ཚོའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བསྟན་པ་ནུབ་པའི་སྔ་ལྟས་ཡ་ང་བ་ཞིག་དང་།རང་ཉིད་བོད་ལ་དུང་བ་ཡོད་མཁན་གྱི་མི་ཞིག་ཡིན་ན་འདི་ཧ་ཅང་གི་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་། རྒྱུ་མཚན་༸རྒྱལ་དབང་ཀརྨ་བ་སྐུ་ཕྲེང་བཅུ་བདུན་པ་ལྟ་བུ་ལ་མཚོན་ན། ཁོང་རང་ཉིད་ཀྱི་ཐོབ་གོ་ས་དང་རང་གི་འཚོ་བའི་ཕྱོགས་ནས་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན། ཡིན་ནའང་། བོད་ཀྱི་སྲིད་འབྱོར་རིག་གསུམ་དང་རྒྱལ་ཁབ་ཡུན་དུ་གནས་རྒྱུའི་ཆེད་དུ་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་རེད། ད་དུང་ཨ་ཀྱཱ་རིན་པོ་ཆེ་ལྟ་བུ་ལ་མཚོན་ནའང་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱ་རྒྱུའི་བསམ་ངན་བཅངས་ནས་རྒྱ་གཞུང་ཁོ་ཚོས་ངོས་འཛིན་བྱས་པའི་༸པཎ་ཆེན་༸པཎ་ཆེན་དངོས་ཡིན་པར་བཙན་གྱིས་ངོས་འཛིན་བྱས་བཅུག་ནའང་།ཁོང་གིས་རྒྱ་གཞུང་ལ་བཅའ་ཁྲིམས་ནང་གསལ་བ་བཞིན་ང་ཚོའི་བོད་མིའི་གཞི་རྩའི་ཐོབ་ཐང་ལ་སྲུང་བརྩི་བྱས་ནས་ང་ཚོའི་སྲོལ་རྒྱུན་ལྟར་༸རྒྱལ་དབང་ཐམས་ཅད་མཁྱེན་པ། ༸པཎ་ཆེན་ཐམས་ཅད་མཁྱེན་པས་ངོས་འཛིན་གནང་རྒྱུ་དང་།༸པཎ་ཆེན་ཐམས་ཅད་མཁྱེན་པ་༸རྒྱལ་དབང་ཐམས་ཅད་མཁྱེན་པས་ངོས་འཛིན་གནང་རྒྱུའི་བསམ་འཆར་ཕུལ་ཡང་སྣང་མེད་དུ་བཞག་ནས་ཆོས་ལུགས་དད་པ་རང་དབང་སོགས་ཀྱི་ཁེ་དབང་མང་བོ་ཞིག་འཕྲོག་སྟེ་རྒྱ་ནག་རང་གི་བཅའ་ཁྲིམས་དང་འགལ་བའི་བྱ་ངན་འདི་དག་མ་བཟོད་པརམཐར་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་། འདི་དག་ཕྱོགས་མང་བོ་ཞིག་གི་སྟེང་ནས་བལྟས་ན་ང་ཚོར་རང་དབང་ཞེས་པ་སྤུ་ཙམ་ཡང་མེད་པ་མཚོན་ཐུབ།
 ༡༩༥༩ལོ་ནས་༡༩༧༩ལོའི་བར་ཕྱི་ལོགས་ཀྱི་བཙན་བྱོལ་བོད་གཞུང་དང་འཛམ་གླིང་སྟེང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་བོ་ཞིག་གིས་བོད་འདི་རང་བཙན་གཙང་མ་ཞིག་ཡིན་པ་དང་། དེའི་ལངས་ཕྱོགས་བཟུང་ནས་བསྡད། ཡིན་ཡང་རྗེས་སུ་༡༩༧༩ལོར་འཛམ་གླིང་མཁས་པའི་ཡང་རྩེར་སོན་པ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཁོང་གི་ཐུན་མོང་གི་རྣམ་དཔྱོད་ཀྱི་རྩལ་དང་ཕྱི་ནང་གི་གནས་ཚུལ་མང་བོ་ཞིག་ལ་གཟིགས་ནས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ངན་པ་དོར་ནས་བོད་རྒྱ་མི་རིགས་གཉིས་ཀར་བདེ་འཇགས་དང་འཆམ་མཐུན་ཞི་བདེ་ཡོང་རྒྱུའི་ཆེད་ད་ལྟའི་བོད་རྒྱ་གཉིས་ཀར་ཁེ་ཕན་ཆེ་བ་རྒྱ་ནག་རང་གི་བཅའ་ཁྲིམས་དང་མཐུན་པའི་ཡོངས་གྲགས་ལ་༼གཉིས་ཕན་དབུ་མའི་ལམ་༽སྲོལ་འདི་བསྩལ། གཉིས་ཕན་དབུ་མའི་ལམ་ལ་བོད་ནང་ལོགས་ཀྱི་མཁས་པ་མང་བོ་ཞིག་གིས་རྒྱབ་སྐྱོར་ཚད་མེད་གནང་བཞིན་ཡོད་པ་མ་ཟད། ཕྱི་ལོ་༢༠༠༥ལོར་རང་རེའི་མཁས་པ་ཆེན་པོ་ཕུན་ཚོགས་དབང་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ལ་སྙན་ཞུ་ཕུལ་ཡོད།དེའི་ནང་༸རྒྱལ་བ་རིན་པོ་ཆེའི་གཉིས་ཕན་དབུ་མའི་ལམ་འདི་ཧ་ཅང་ཡ་མཚན་པ་བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་ཆེ་བའི་བསམ་བློ་ཞིག་ཡིན་པས་འདི་ལ་དགོངས་པ་རྒྱ་ཆེན་པོ་རེ་བཞེས་ནས་ཞི་བའི་གྲོས་མོལ་གནང་རྒྱུའི་སྙན་ཞུ་ཡང་ཡང་ཕུལ།འདིའི་གནས་ཚུལ་དེང་སང་༼ན་གཞོན་གསར་བའི་༽དེབ་ནང་གསལ། དེ་རིང་ངས་ཕྱི་ལོ་༢༠༠༩ལོ་ནས་ཕྱིར་འདང་རེ་བརྒྱབ་ན། བོད་སྐད་དང་བོད་ཡིག་བོད་མིའི་རང་དབང་སོགས་ལ་རྒྱ་ནག་རང་གི་བཅའ་ཁྲིམས་དང་མཐུན་པའི་ལག་ལེན་ཞིག་རྩ་བ་ནས་བྱས་མེད། རྒྱ་གཞུང་གི་བཅའ་ཁྲིམས་ནི་ཡིག་ཐོག་གམ་ཁ་ནས་བཤད་རྒྱུ་ཞིག་ལས་ལག་ལེན་དངོས་ལ་བཏབ་མེད། དཔེར་ན་ཚོགས་འདུ་ཆེ་ཆུང་གང་འདྲ་ཞིག་ཚོགས་ན་བོད་སྐད་ཡག་པོ་ཞིག་བཤད་ནས་ཚོགས་འདུ་ཡག་པོ་ཞིག་ཚོགས་ཀྱིན་མེད། ལས་ཁུངས་ཆེ་ཆུང་ཚང་མའི་ནང་བོད་སྐད་བོད་ཡིག་བེད་སྤྱོད་ཡག་པོ་ཞིག་རྩ་བ་ནས་བྱེད་ཀྱིན་མེད། ལྷག་པར་བོད་པའི་མཐོ་རིམ་སློབ་མ་ཧ་ཅང་མང་བོ་ཞིག་ལས་མེད་དུ་ལུས་པ་ལྟ་བུ་རེད། བོད་ཡིག་མ་གཏོགས་མི་ཤེས་མཁན་གྱི་མི་ཞིག་ཡིན་ན་དེ་ལ་དམའ་འབེབས་དང་ཁྱད་གསོད་བྱས་ནས་དུད་འགྲོར་བརྩི་བའི་ས་གནས་རང་གི་བཅའ་ཁྲིམས་དང་འགལ་བའི་བྱ་ངན་འདི་དག་ཆབ་སྲིད་ཀྱི་གཡོ་བྱུས་ཁོ་ན་རེད། ངས་གཡོ་བྱུས་འདི་ལ་གཟུགས་ཅན་གཟུགས་མེད་གཉིས་ཀྱི་སྟེང་ནས་ངོས་འཛིན་བྱེད་ཀྱིན་ཡོད། གང་འདྲ་ཞིག་ལ་གཟུགས་ཅན་ཞེ་ན། རང་གིས་བལྟས་ཀྱང་ཧ་ཅང་གསལ་བོ་རེད། དེང་སང་བོད་ཀྱི་བདེན་དོན་རེ་བཤད་ན་ཆབ་སྲིད་ལ་གནོད་རབས་བཤད་ནས་ལོ་རྒྱུས་རྫུན་མ་ཞིག་ལ་རྒྱབ་ལྗོངས་རྫུན་མ་ཞིག་གིས་རྒྱབ་སྐྱོར་བྱས་ནས་དྲང་བདེན་གྱི་སྐད་ཆ་བཤད་ན་དེ་བསམ་བློ་ནོར་འཁྲུལ་ཅན་ཞིག་ཏུ་ངོས་བཟུང་སྟེ་འགྲོ་བ་མིའི་བསམ་བློའི་བཀོལ་སྤྱོད་ལ་རང་དབང་མི་སྟེར་བར་གང་སར་དམར་དམག་བཀྲམ་ནས་དེང་དུས་ཀྱི་གོ་མཚོན་བེད་སྤྱད་དེ་ཉམ་ཆུང་གི་ཉེས་མེད་མི་སེར་རྣམས་འཇིགས་སྣང་གི་གནས་སུ་སྐྱེལ་བཞིན་ཡོད།
གཉིས་པ་གང་འདྲ་ཞིག་ལ་གཟུགས་མེད་ཅེ་ན། བོད་ཀྱི་སྲིད་འབྱོར་རིག་གསུམ་ཉམས་བཞིན་པ་འདིའི་སྟེང་ནས་བཤད་དགོས་པར་སྙམ། རྨ་འབྲི་རྫ་གསུམ་གྱིས་མཚོན་པའི་ཆུ་བོ་ཆེན་པོ་རྣམས་དང་བོད་མདོ་དབུས་ཁམས་གསུམ་གང་སར་གཏེར་ཁ་བསྔོགས་ནས་རྒྱལ་ནང་དུ་སྐྱེལ་འདྲེན་བྱས་དང་བྱེད་མུས་སུ་ཡོད་པ་དང་།སྙིགས་རོ་རྣམས་གང་སར་གཡུགས་ནས་དེས་བོད་ཀྱི་ཁོར་ཡུག་དང་མི་ཟོག་སེམས་ཅན་གང་མང་ཞིག་གི་ཚེ་སྲོག་འཕྲོག་བཞིན་ཡོད། གཉིས་ནས་གྲངས་ཉུང་མི་རིགས་ཁག་ལ་སློབ་གསོ་སྤྲོད་སྟངས་དང་རྒྱ་མི་རིགས་ལ་སློབ་གསོ་སྤྲོད་སྟངས་གཉིས་ལ་ཧ་ཅང་ཧེ་བག་ཆེན་པོ་ཡོད། ལྷག་པར་བོད་པའི་སློབ་གྲྭ་ཁག་ལ་ཚན་རིག་ལག་རྩལ་སོགས་ཀྱི་སློབ་གསོ་ཆ་ཚང་བ་ཞིག་གཏན་ནས་སྤྲོད་ཀྱིན་མེད། ད་དུང་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ཕྱོགས་ནས་བཤད་ན། བོད་ཡུལ་ཆོལ་ག་གསུམ་གང་སར་རོང་འབྲོག་མང་ཚོགས་རྣམས་གྲོང་ཁྱེར་ཅན་དུ་བསྒྱུར་ནས་རྒྱ་རིགས་མི་མང་དང་མཉམ་བསྲེས་བྱས་ཏེ་བོད་མི་རང་གི་སྲོལ་རྒྱུན་གྱི་ཐུན་མོང་གི་ཁྱད་ཆོེས་རྣམས་རྩ་བརླག་ཏུ་ཕྱིན་དང་འགྲོ་བཞིན་པའི་གནད་འགག་གི་སྐབས་འདིར།རང་གི་མི་རིགས་ལ་དུང་ཞེན་ཅན་གྱི་བོད་མི་ཞིག་ཡིན་ན་ཁ་བཙུམ་ནས་འདུག་རན་མ་རེད། བཤད་རན་རེད། སྔོན་རྩོམ་ཡིག་ཅིག་གི་ནང་༼དགོད་ན་ཚང་མ་མཉམ་དུ་བགད་ན་སྐྱིད་པོ་ཡིན།  ངུ་ན་ཚང་མ་མཉམ་དུ་ངུས་ནས་ཤི་ན་དཔའ་བོ་ཡིན།༽ཞེས་གསུངས་པ་འདི་ཧ་ཅང་གཏམ་ཡང་དག་ཏུ་སྣང་། ཚང་མས་གནས་ལུགས་ཤིག་དང་དྲང་བདེན་ཞིག་གི་ཆེད་དུ་སྐད་ཆ་བཤད་དགོས། ཆབ་སྲིད་རྫུན་མ་ཞིག་དང་སློབ་གསོ་རྫུན་མ་ཞིག་བརྒྱབ་ནས་བསྡད་ཡོད་པ་འདི་ལ་ནམ་ཡིན་ཡང་ང་རང་ལ་སྙིང་ཁོང་རུས་པའི་གཏིང་ནས་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་འདུག དཔེར་ན་རྔ་བའི་བློ་བཟང་བཀྲ་ཤིས་ཀྱིས་འདི་ལྟ་བུའི་སྡུག་བསྔལ་མ་བཟོད་པར་རང་གི་རྒྱལ་ཁབ་དང་། མི་རིགས། འགྲོ་བ་མིའི་རང་དབང་གི་ཆེད་དུ་ཚེ་སྲོག་མེ་ལ་སྒྲོན་ཏེ་སྐུ་གཤེགས་པ་དང་།ཡང་རྭ་རྒྱ་དགོན་པའི་གྲྭ་བ་ཞིག་གིས་ཀྱང་རང་གི་མི་རིགས་དང་རང་དབང་གི་ཆེད་ཚེ་སྲོག་ཕངས་མེད་དུ་བཏང་ནས་ཆུ་ལ་མཆོངས་ཏེ་སྐུ་གཤེགས། དེ་མིན་རྔ་ཡུལ་གྱི་སྤྱིན་པ་དང་། ཐོས་བསམ་གཉིས་ཀྱིས་ཀྱང་བཙོན་ནང་ནས་ཉེན་རྟོག་པའི་མནར་གཅོད་སྡུག་བསྔལ་མ་བཟོད་པར་རང་སྲོག་རང་གིས་བཅད་པ་ལྟ་བུ། ད་དུང་ཕྱི་སྡོད་བོད་མི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་ཀྱང་རང་དབང་གི་ཆེད་དུ་རང་ལུས་མཆོད་མེ་རུ་སྦར་ནས་སྐུ་གྲོངས། ང་དགུ་ལོ་ནས་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དང་། ལྷག་པར་ན་ནིང་ད་ལོ་བོད་ཡུལ་སྟོད་སྨད་བར་གསུམ་གང་སར་འགྲོ་བ་མིའི་ཐོབ་ཐང་དང་རང་མི་རིགས་ཀྱི་ཆེད་ཞི་བའི་སྒེར་ལངས་བྱས་ནས་ཧ་ཅང་མང་བོ་ཞིག་གི་ཚེ་སྲོག་ཤོར་བ་དང་མང་བོ་ཞིག་གིས་ད་དུང་ཁྲིམས་ཁང་དུ་མནར་གཅོད་མྱངས་དང་མྱོང་བཞིན་པ་ཐམས་ཅད་ཀྱི་དམིགས་ཡུལ་བོད་རང་གི་རྒྱལ་ཁབ་ཀྱིས་མཚོན་པའི་སྲིད་འབྱོར་རིག་གསུམ་པོ་འདི་ཡུན་རིང་གནས་དགོས་པའི་ཆེད་དང་། སྤྱིར་མང་བོ་ཞིག་བག་འཁུམས་ནས་བསྡད་ཡོད་པ་འདི་ཚོ་ལའང་སེམས་ནང་དུ་འདི་འདྲའི་ན་ཟུག་མེད་སོང་བ་མིན། རྒྱ་ནག་གི་གདུག་རྩུབ་དང་འཇིགས་རྔམ། བཙན་གནོན་འདི་འདྲ་ཞིག་གི་འོག་ནས་ང་ཚོར་རང་དབང་འཐོབ་ཐབས་མེད་བསམས་ནས་ཞེད་སྣང་གིས་ལུས་ཡོད། ད་ང་ཚོས་སྐབས་སུ་བབ་པའི་རང་འགན་འཁུར་ནས་གནད་འགག་གི་སྐབས་འདིར་གནད་འགག་གི་བྱ་བཞག་རེ་བསྒྲུབ་རྒྱུ་གལ་ཆེར་མཐོང་།
མང་བོ་ཞིག་གིས་རང་ཉིད་ལ་ཕམ་ཁ་མ་གཏོགས་རྒྱལ་ཁ་མེད་སྙམ་ཡོད། དེ་ནི་ཧ་ཅང་མཐོང་རྒྱ་ཐོས་རྒྱ་མེད་པའི་གཏམ་ཞིག་རེད། གལ་སྲིད་ཁྱེད་རང་བོད་བཙན་པོའི་གདུང་རྒྱུད་འདི་ལ་དུང་བ་ཡོད་མཁན་དང་ཤ་ཚ་ཡོད་མཁན་ཞིག་ཡིན་ན། བག་འཁུམས་ནས་འདུག་དགོས་དོན་གང་ཡང་མེད། ང་ཚོས་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཞིག་དང་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བའི་ལས་ཀ་གང་ཡང་བྱས་མེད། ང་ཚོའི་དྲང་བདེན་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གི་འཐབ་རྩོད་འདི་ལ་དེང་སང་རྒྱལ་སྤྱིའི་ཁྲིམས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་དྲང་བདེན་ལ་དགའ་བའི་སྲིད་གཞུང་མང་བོ་ཞིག་གིས་ང་ཚོར་རྒྱབ་སྐྱོར་ཚད་མཐོན་པོ་གནང་དང་གནང་བཞིན་ཡོད། སྤྱིར་ང་ཚོའི་བོད་རིགས་ཞེས་པ་འཛམ་གླིང་སྟེང་མིང་ཙམ་མ་ཡིན་པར་དོན་གྱིས་གནས་དགོས་ན། ནང་ལོགས་ཀྱི་གནད་ཡོད་མི་སྣ་ཚོས་མིག་སྔའི་གནས་སྟངས་ལ་བསམས་ནས་ལག་ལེན་དངོས་ཀྱི་ཐོག་བྱ་བ་རེ་བསྒྲུབ་རྒྱུ་ད་ལྟའི་དུས་འདིར་ཧ་ཅང་མཁོ་བར་འདུག འདི་ལ་སྐུ་དྲིན་ཅན་གྱི་སྐྱེས་བུ་དམ་པ་མང་བོ་ཞིག་གིས་མཛད་རྗེས་བླ་ན་མེད་པ་རེ་བཞག་ཡོད་པ་དཔེ་མཚོན་འགའ་དྲངས་ན། གུང་ཐང་འཇམ་པའི་དབྱངས་ཡིན་ན་སྔོན་རིག་གསར་སྐབས་རང་མི་རིགས་ཀྱི་ཆེད་ལོ་ངོ་ཉེར་གསུམ་ལ་མུན་ནག་གི་བཙོན་ལ་བཅུག་པ་ཚང་མས་ཤེས་གསལ་རེད། རྗེས་སུ་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་ངོས་འཛིན་གནང་བའི་སྐབས་ཀྲུང་དབྱང་ཚོགས་འདུའི་སྟེང་ནས་བོད་རང་གི་སྲོལ་རྒྱུན་ལྟར་འགྲོ་དགོས་པའི་དྲང་བདེན་གྱི་གསུང་བཤད་གནང་བ་དེར་རྐྱེན་བྱས་ནས་རྗེས་ཕྱོགས་སྡིགས་ར་སྐུལ་བ་དང་གནོན་ཤུགས་གང་འདྲ་ཞིག་སྤྲད་སོང་བ་ང་ཚོས་ཤེས་གསལ་ལྟར་ཡིན།  ད་དུང་ང་ཚོས་ཤེས་གསལ་ལྟར་སྐྱབས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཁོང་གིས་སྤྱིར་རང་མི་རིགས་ཀྱི་སྐྱིད་སྡུག་དང་ལྷག་པར་ཁོང་གི་ལྔ་རིག་ནང་བསྟན་སློབ་གླིང་ལ་རྒྱ་ནག་གིས་བཀག་འགོག་གང་འདྲ་བྱས་ནས་མཐར་གཏོར་བཤིག་བཏང་བ་རེད། སྤྱིར་དེང་སང་མང་བོ་ཞིག་དུད་འགྲོ་དང་ཁྱད་མེད་པར་ལྟོ་རྒྱབ་འགྲིག་ཙམ་ལ་གཡེང་བ་དང་། ཁ་ཤས་དཔལ་འབྱོར་འཚོ་སྒྲུབ་ཀྱི་ལས་ལ་བྲེལ་ནས་རང་གི་རྒྱལ་ཁབ་ཆགས་འཇིག་གི་ཉེན་ཁར་སླེབས་པ་སོགས་མི་ཚོར་བར་འདི་ལྟར་རང་ཅག་ཉམས་རྒུད་དུ་སོང་ན་མན་ཇུ་མི་རིགས་ལྟར་མི་འགྱུར་བའི་ངེས་པ་མེད། དེ་རིང་ངས་འདི་ལྟར་བཤད་དོན་ཡང་ང་རང་མཁས་པ་ཞིག་ཡིན་བསམ་ནས་མཁས་རྟགས་བསྟན་པ་ཞིག་དང་དཔའ་རྟགས་བསྟན་པ་ཞིག་གཏན་ནས་མིན། ང་རང་གི་ཤ་ཁྲག་རུས་གསུམ་པོ་བོད་རང་གི་རྒྱུད་པ་ཡིན་པ་དང་རང་གི་སྐད་ཡིག་འདིའི་དྲིན་གྱིས་ང་ལ་ལྟོ་གོས་གཏམ་གསུམ་འཛོམ་གྱི་ཡོད། དེ་བཞིན་དུ་ཀན་ལྷོ་ཁུལ་གྱི་ཁུལ་དཔོན་གྱིས་མཚོན་པའི་ས་གནས་ཁག་གི་དབུ་ཁྲིད་རྣམས་ལ་ཡང་རྐུབ་སྟེགས་རེ་ཐོབ་པ་དེ་ཡང་རང་གི་རིག་གནས་འདིའི་དྲིན་ཡིན་པ་བཤད་མ་དགོས་པ་རེད། དེ་ལྟར་ན་ཁྱེད་རྣམས་ཀྱིས་བོད་འདི་ཉམས་རྒུད་དུ་འགྲོ་བཞིན་པ་དང་མི་མང་གི་སྐྱིད་སྡུག ལྷག་པར་དེའི་ཆེད་མང་བོ་ཞིག་གི་ཚེ་སྲོག་འཆོར་བཞིན་པ་ལ་བསམ་བློ་རེ་བཏང་སྟེ་ཉེན་ཁར་མ་འཛེམ་པར་རང་གིས་རང་ལ་སྙིང་སྟོབས་སྤར་ནས་སྲིད་གཞུང་ལ་གནས་སྟངས་དངོས་སྙན་ཞུ་ཙམ་ཡིན་ཡང་འབུལ་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་། དཔེར་ན་རྒྱ་གར་ལྟ་བུ་ལ་མཚོན་ན་དབྱིན་ཇུའི་འོག་ནས་རང་དབང་མེད་པར་ལོ་ཉིས་བརྒྱ་ལྷག་ལ་གནས་པ་རེད། ཕྱི་ལོ་༡༩༤༧ལོར་ཁོང་ཚོར་དངོས་སུ་རང་དབང་ཐོབ། ཁོང་ཚོས་དེའི་ཆེད་མི་མང་བོ་ཞིག་གི་སྲོག་བཏང་། མཧཱ་ངྷརྨ་གྷནངྷི་མཆོག་གིས་མི་ཚེ་གང་བོར་ཉེན་ཁ་མང་བོ་ཞིག་བརྒྱུད་ནས་སྡུག་བསྔལ་གང་མང་མྱངས་ཏེ་མཐར་རང་དབང་ཐོབ་པ་རེད། རང་ཅག་བོད་མི་ཚོས་ཀྱང་དེ་ལྟར་ལག་ལེན་གནང་ན་ནམ་ཞིག་ཏན་ཏན་རང་དབང་ཐོབ་ངེས་ཡིན།རང་ཅག་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་ཀྱང་ད་ལྟ་དགུང་ལོ་དོན་བཞི་ལ་ཐུག་གི་བར་འཛམ་གླིང་གི་གར་སྟེགས་སྟེང་ནས་རང་གི་ཆོས་སྲིད་དང་།མི་རིགས་ཀྱི་ཆེད་ཕ་ཡུལ་དང་ཞལ་གྱེས་ནས་འདས་ཟིན་པའི་ལོ་ངོ་འདི་དག་གི་རིང་སྐུ་ངལ་བསྐྱོན་དང་སྐྱོན་བཞིན་པ་རེད། ང་ཚོའི་ཁ་དཔེ་ལ༼མྱི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན།༽ཞེས་པ་ལྟར། ཁོང་གིས་ཕ་ཡུལ་མ་དྲན་པ་དང་ཕྱིར་ལོག་མི་འདོད་པ་ག་ལ་ཡིན། ནམ་ཞིག་གཞིས་བྱེས་ལྷན་འཛོམ་བྱུང་ནས་ང་ཚོའི་ཁ་དཔེ་ལ་༼གསེར་གྱི་ཕ་བོང་སྒོ་ཁར་ཁུར་ནས་དགོང་གི་ཉི་ཟླ་ཐང་ལ་འབེབ་༽རྒྱུ་ང་རང་གཙོས་པའི་གཞིས་སྡོད་བོད་མི་ཀུན་གྱི་རེ་བ་ཉག་ཅིག་ཡིན། དེའི་ཕྱིར་ན་ང་ཚོ་བོད་མི་ཚང་མས་ཁོང་གི་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་ལ་དེང་སང་འཛམ་གླིང་མི་མང་གིས་རྒྱབ་སྐྱོར་ཐོབ་དང་འཐོབ་བཞིན་པ་ལྟར།འདི་ལ་རྒྱབ་སྐྱོར་ཚད་མེད་བྱས་ཏེ་མེ་མདའི་ཁ་ནས་སྐད་ཆ་བཤད་དགོས་ཀྱང་སྙིང་སྟོབས་ཀྱི་གོ་ཆ་གྱོན་དགོས། ད་དུང་ངའི་རེ་བ་ལ་བྱ་བྲལ་རིན་པོ་ཆེ་དང་འབའ་བ་ཕུན་ཚོགས་དབང་རྒྱལ།ཆབ་ཆ་ཁུལ་གྱི་དོན་འགྲུབ་རྒྱལ་ཁོང་རྣམ་པས་རང་མི་རིགས་ཀྱི་ཆེད་ཕྱག་ལས་གནང་བ་ལྟར་ཤུལ་ལུས་བླ་མ་རྣམ་པས་གཙོས་པའི་གནད་ཡོད་མི་སྣ་ཀུན་གྱིས་དྲང་བདེན་གྱི་བསམ་འཆར་བཏོན་ནས་བོད་རྒྱ་ཞི་བའི་གྲོས་མོལ་འབྱུང་ཐབས་བྱ་རྒྱུ་དུས་ལ་སླེབས་ཡོད། ད་དུང་ང་ཚོར་རང་དབང་མེད་ཚུལ་ཅུང་གླེང་ན། ན་ནིང་ཀན་ལྷོ་ཁུལ་གྱི་བཅའ་ཁྲིམས་ཞིག་གི་ནང་གསལ་བ་ལྟར། བོད་མིའི་ཁེ་དབང་གཅིག་ཀྱང་མི་གླེང་བར་འོས་འགན་རྐྱང་རྐྱང་བྲིས་འདུག ད་དུང་ཁོང་ཚོས་སྒོར་ཁྲི་སུམ་བརྒྱ་ལྷག་བཏང་ནས་བཅའ་ཁྲིམས་བཟོས་པར་བཤད། ཁྲི་བརྒྱ་ལྷག་བཏང་ཡང་འདི་འདྲའི་བཅའ་ཁྲིམས་རྫུན་མ་ཞིག་གིས་བོད་མི་ཚོར་མགོ་སྐོར་བཏང་ན། དྲང་བདེན་སྐྱོང་མཁན་གྱི་མི་ཞིག་ཡིན་ན་ཁས་ལེན་གྱི་མ་རེད། འདི་ལྟར་བཅའ་ཁྲིམས་རྫུན་མ་དང་སློབ་གསོ་རྫུན་མ་རྐྱང་རྐྱང་གི་རྐྱེན་གྱིས་བོད་མི་མང་བོ་ཞིག་མགོ་འཐོམ་ནས་རང་གི་ཁེ་དབང་ཙམ་ཡང་ངོས་མི་ཟིན་པ་དང་། བོད་རང་གི་སྲིད་འབྱོར་རིག་གསུམ་གྱི་གནས་སྟངས་ཉམས་རྒུད་དུ་འགྲོ་བཞིན་པ་ཚོར་གྱིན་མེད།  ཡིན་ན་ཡངཁོང་ཚོའི་སེམས་ནང་ནམ་ཞིག་ན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་བོད་ནང་ཕྱིར་ཕེབས་ནས་ཞལ་མཇལ། གསུང་ཐོས་ཐུབ་ན་སྙམ་པའི་སྐྱོ་གདུང་རེ་ཉར་ནས་ཡོད། ད་དུང་ལས་བྱེད་པ་མང་བོ་ཞིག་གིས་གྲངས་ཉུང་མི་རིགས་ཀྱི་བསམ་བློ་དང་མངོན་འདོད་དངོས་ལ་ཕན་མིན་ལ་མི་བལྟ་བར་རང་སྣང་གང་དྲན་བྱེད། སྲིད་གཞུང་གིས་ཀྱང་དེ་ལ་རྒྱབ་སྐྱོར་བྱེད། འདི་དག་གིས་བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་གཉའ་གནོན་བྱེད་ཀྱིན་ཡོད་པ་མཚོན་ཐུབ།དངོས་གནས་ང་ཚོར་རང་དབང་གི་སྒོ་ནས་བཤད་དབང་ཞིག་ཡོད་ན་བོད་མིའི་སྲིད་འབྱོར་རིག་གསུམ་གྱི་ཐོབ་ཐང་ལ་བརྩི་མཐོང་བྱེད་རྒྱུ་དང་། ང་རང་ཚུད་པའི་བོད་མི་ཡོད་དོ་ཅག་གི་སེམས་ནང་༸གོང་ས་མཆོག་གིས་གཙོས་པའི་༸རྒྱལ་དབང་ཀརྨ་པ་དང་། ཨ་ཀྱཱ་རིན་པོ་ཆེ། ཟམ་གདོང་རིན་པོ་ཆེ། ཨ་ལགས་ཀིརྟི་རིན་པོ་ཆེ་རྣམས་བོད་ནང་ཕྱིར་ཕེབས་སུ་འཇུག་དགོས་པའི་བསམ་བློ་ཡོད། འོན་ཀྱང་འདི་འདྲའི་བསམ་བློ་ཕྱིར་མངོན་དུ་མ་བཅུག་པར་བཙན་དབང་གིས་བཀག་འགོག་བྱས་དང་བྱེད་བཞིན་ཡོད། ངས་དེ་རིང་འདི་ལྟར་ང་རང་གི་ཁོག་ན་ཡོད་པའི་སྡུག་བསྔལ་རྣམས་དྲང་བདེན་གྱི་སྒོ་ནས་བཤད་ན་མི་ཆོག་པ་གང་ཡང་མེད། དྲང་བདེན་གཅིག་མ་གཏོགས་གཉིས་མེད།  འདི་ལྟར་དྲང་བདེན་བཤད་ན་འཛམ་གླིང་གི་རྩ་ཁྲིམས་དང་འགལ་མེད། རྒྱ་ནག་རང་གི་བཅའ་ཁྲིམས་དང་འགལ་མེད། ལྷག་པར་ངས་འདི་ལྟར་བཤད་པ་འདི་རྒྱ་མི་རིགས་དགྲ་ཟླར་བཟུང་ནས་བཤད་ཀྱིན་མེད། སྲིད་གཞུང་རང་ངོས་ནས་དྲང་བདེན་མ་ཡིན་པའི་ཆབ་སྲིད་ཀྱི་གཡོ་བྱུས་སྣ་ཚོགས་ཤིག་གྲངས་ཉུང་མི་རིགས་ཁག་ལ་མི་འདོད་བཞིན་དུ་ལག་བསྟར་བྱེད་བཞིན་པ་འདི་ངའི་སེམས་ནས་མ་བཟོད་པར་འདི་ལྟར་བཤད་པ་ཡིན།   སྤྱིར་ང་ཚོས་འཚེ་བའི་ལས་དང་དྲག་པོའི་ལས་ཀ་བྱེད་མ་ཤེས་པ་དང་བྱས་མ་ཐུབ་པ་མིན། གོང་དུ་བགྲང་ཟིན་པ་ལྟར་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་སོ་སོའི་ལུས་ལ་མེ་སྦར་བ་དང་རང་སྲོག་འདོར་ཐུབ་ན་ཕར་འཚེ་བའི་ལས་བྱེད་པར་ང་ཚོར་སྙིང་སྟོབས་ཀྱིས་མ་འདང་བ་དང་བྱེད་མ་ཤེས་པ་མིན། འོན་ཀྱང་ང་ཚོས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཞག་སྟེ་དྲང་བདེན་ལ་རྒྱབ་བཅོལ་ནས་ཡར་ལངས་རེ་བྱེད་སྐབས་ཀྱང་ཚད་མེད་ཞི་བ་རང་གི་སྟེང་ནས་བྱེད་ཀྱིན་ཡོད། དེང་སང་འཛམ་གླིང་སྟེང་གི་དྲག་སྤྱོད་པའི་ལས་དེ་འདྲ་ང་ཚོས་ནམ་ཡིན་ཡང་རྩོམ་རྒྱུ་མིན། ད་དུང་ང་ཚོའི་ཕྱི་རབས་པ་ཚོ་ལ་བོད་མི་ཁྲི་ཕྲག་མང་བོ་བསད་ཚར་བའི་རོ་ཚབ་རོ་ཡིས་ལེན་རྒྱུའི་བསམ་བློ་མེད། བོད་རང་གི་ནང་ཁུལ་ལ་མཚོན་ན་ད་ལྟའི་བར་རོང་འབྲོག་གཉིས་ཀས་ཧ་ཅང་བློ་ཕམ་དགོས་པའི་ལས་ནང་དམེ་བྱས་ནས་ཚེ་སྲོག་བཏང་བ་ལས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཚེ་སྲོག་བཏང་ན་དངོས་གནས་ཨ་མའི་བུ་རེད་སྙམ། ང་རང་ཉིད་ལ་མཚོན་ནའང་དྲང་བདེན་ཞིག་དང་གནས་ལུགས་ཤིག་གི་ཆེད་དུ་སྲོག་གཏོང་ཐུབ་ན་འགྱོད་པ་རྩ་བ་ནས་མེད་ལ་དེ་འདྲའི་བསམ་བློའང་ཡོད། དེའི་ཕྱིར་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་འདི་འདྲའི་བསམ་བློ་རེ་གཏོང་ཐུབ་ན་མི་རིང་བར་ང་ཚོའི་ཕུགས་བསམ་མངོན་འགྱུར་འབྱུང་ཐུབ་པར་སྙམ། སྤྱིར་ང་ཚོས་བོད་དོན་སྒྲུབ་ན་ངེས་པར་དུ་སྲང་ལ་བུད་ནས་ཁུ་ཚུར་གནམ་ལ་འཕྱར་དགོས་དོན་མེད། དཔེར་ན་བོད་ནང་ལོགས་ཀྱི་དེབ་༼ཤར་དུང་རི་དང་།བཙན་པོའི་སྙིང་སྟོབས། ངའི་ཕ་ཡུལ་དང་ཞི་བའི་བཅིངས་གྲོལ། ངའི་ཕ་ཡུལ་དང་གཟབ་ཉན་༽ལ་སོགས་དང་། ཕྱི་ལོགས་ཀྱི་དེབ༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། ཀྱག་ཀྱོག་ཆེ་བའི་བཞུད་ལམ་དང་འོད་སྟོང་འབར་བའི་མི་ཚེ། བོད་ཀྱི་སྲིད་དོན་རྒྱལ་རབས།༽ལ་སོགས་པའི་དེབ་འདི་དག་གི་ནང་བོད་ཀྱི་སྐྱིད་སྡུག་དང་ལེགས་ཉེས་བླང་དོར། བདེན་རྫུན་གྱི་ཁྱད་པར་མང་བོ་ཞིག་བཤད་ཡོད། ཤེས་ཡོན་པའི་སྐོར་གྱིས་དི་དག་ཤེས་ཡོད། ཡིན་ན་ཡང་དེ་ལས་མང་བོ་ཞིག་གིས་གོང་དུ་བཤད་པ་ལྟར་བོད་རང་གི་ད་ལྟའི་གནས་སྟངས་དངོས་དང་གང་འདྲ་ཞིག་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ཕལ་ཆེར་ཤེས་ཀྱིན་མེད། དེའི་ཕྱིར་ངས་དེ་རིང་འདི་ནས་རང་གི་ཁ་སྐད་ཀྱི་སྟེང་ནས་མི་མང་ལ་ཕན་རེ་ཐོགས་ན་སྙམ་ནས་གོ་བདེའི་ངང་བཤད་པ་ཡིན། དེ་ལྟར་ཁ་གསལ་པོ་བྱས་ནས་བཤད་པ་ཡིན་ན་ངོ་མ་དང་རྫུན་མ་གཉིས་ཀྱི་དབྱེ་བ་གསལ་བོ་བྱས་ནས་ཤེས་རྒྱུ་རེད། དེ་བས་དེ་རིང་ངས་འདི་ནས་རང་གི་ཚེ་སྲོག་ལ་མ་འཛེམས་པར་སྐད་ཆ་འདི་ཅི་འདྲ་ཞིག་གི་སྟེང་ནས་བཤད་ཀྱིན་ཡོད་ཟེར་ན།  དྲང་བདེན་གྱི་ཆེད་དུ་སྐད་ཆ་བཤད་ཀྱིན་ཡོད་པ་ལས་ཕྱོགས་རིས་ཀྱི་སྐད་ཆ་གཏན་ནས་བཤད་ཀྱིན་མེད། འོ་ན་དེ་ལྟར་བཤད་པ་ཡིན་ན་ང་ཚོའི་བོད་མི་རིགས་ཡིན་ནའང་ཆོག ཕྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་བྱེད་མཁན་ཁག་ཚོ་ཡིན་ནའང་ཆོགདེ་འདྲ་མང་པོ་ཞིག་ལ་དམིགས་བསྡད་དེ་རང་གི་བསམ་བློའི་སྟེང་གི་ངོ་མ་དང་རྫུན་མ་འདི་མི་སུ་འདྲ་ཞིག་ཡིན་ནའང་ཁྱབ་བསྒྲགས་བྱེད་རྒྱུའི་འགན་འཁུར་ཡོད་པ་རེད་མོད། འོན་ཀྱང་དེ་ལྟར་བཤད་ཐུབ་ཀྱིན་མེད་པའི་རྩ་བ་དེ་གང་ལ་ཐུག་ཡོད་པ་རེད་ཟེར་ན།  ད་ལྟ་ངས་གོང་ནས་བཤད་པ་ཇི་བཞིོན་ཀླད་ནས་མར་ཆབ་སྲིད་ཀྱི་དབང་ཤུགས་ཤིག་དང་བཙན་གནོན་ཞིག་ཡོད་པས་ཡིན་པ་རེད། འོན་ཀྱང་དེ་རིང་ང་ལྟ་བུ་ཞིག་ལ་མཚོན་ནས་བཤད་ན་ངས་རང་ཉིད་ཀྱི་བསམ་བློའི་སྟེང་ནས་ཁ་ཚོན་བཅད་ནས་བཤད་ཀྱིན་ཡོད་པ་ལས་མི་མང་པོ་ཞིག་གི་བསམ་བློའི་ཚབ་བྱས་ནས་ང་ལྟ་བུ་ཞིག་གིས་བཤད་ཐུབ་པ་ཞིག་མ་རེད། ང་རང་ཉིད་ཀྱི་བསམ་བློའི་སྟེང་ནས་ཁ་ཚོན་བཅད་དེ་བཤད་པ་ཡིན་ན་དེ་གང་འདྲ་ཞིག་རེད་ཟེར་ན།དཔེར་ན་བླ་མ་ཞིག་ཡིན་ནའང་ཁོ་རང་ཉིད་ཀྱི་བསམ་བློ་དེ་གང་འདྲ་ཞིག་གི་སྟེང་ནས་འགྲོ་རྒྱུ་ལོ་རྒྱུས་དངོས་ཀྱི་སྟེང་ནས་འགྲོ་དགོས་པ་དང་ཡིག་ཆ་དངོས་མ་དེ་དྲང་བདེན་གྱིས་བཤད་དགོས་པ་རེད། དེ་ལྟར་བླ་མ་ཞིག་ཡིན་ནའང་ངོ་མ་དེ་འདི་རེད། རྫུན་མ་དེ་གན་རེད་ཟེར་ནས་རང་རང་ས་ནས་བསྡད་ཐུབ་དགོས། དེ་བཞིན་དཔོན་པོ་ཞིག་ལ་མཚོན་ནའང་སྤྱིར་ཁྱོད་ཀྱི་ཟླ་ཕོགས་སོགས་ལ་བལྟ་ལས་དགོས། གལ་སྲིད་ཟླ་ཕོགས་ལ་ལྟ་དགོས་ན་བདེན་རྫུན་གྱི་དབྱེ་བ་ངོས་ཟིན་རྒྱུ་གལ་ཆེ།ང་རང་གི་གྲངས་ཉུང་མི་རིགས་བོད་མི་རིགས་ཀྱི་ཚེ་སྲོག་མང་པོ་ཞིག་ཤོར་གྱིན་ཡོད་པ་དང་མུན་ནག་གི་བཙོན་ལ་མང་བོ་གནས་ཡོད་པ་འདི་ལ་བལྟས་པ་ཡིན་ན་ཟླ་ཕོགས་འདི་ཆུང་ཆུང་ཞིག་རེད། དེའི་ཕྱིར་བྱ་བ་འདིའི་སྟེང་ནས་ངོ་མ་ཞིག་མ་རེད། བྱ་བ་འདིའི་སྟེང་ནས་བོད་རྒྱ་གཉིས་འགྲིག་མཐུན་གྱི་བསམ་བློ་འདི་ཐག་བཅོད་དགོས་ཟེར་ནས་བྱ་བ་མ་ལས་ན་འགྲིག་གི་སྙམ་པའི་བསམ་བློ་ཞིག་ང་ལ་ཡོད། དེ་མིན་སློབ་གྲྭ་བ་ཞིག་ལ་མཚོན་ནས་བཤད་ན་སློབ་མ་དེའི་འཁྲིད་གཞི་ཡང་དག་པ་ཞིག་ཡོང་ཀྱིན་མེད་པ་དང་རྒྱ་ཡིག་རྒྱ་སྐད་ཞིག་མ་ཤེས་པ་ཡིན་ན་ལག་ཏུ་བྱ་བ་ལེགས་པོ་ཞིག་དང་ཟླ་ཕོགས་ཡག་པོ་ཞིག་ཡོང་ཀྱིན་མེད་པ་འདི་ནི་ཆབ་སྲིད་ཀྱི་གཡོ་སྒྱུ་ཞིག་རེད་ཟེར་གྱིན་ཡོད་པ་རེད། དེས་ན་འདི་ཆབ་སྲིད་ཀྱི་གཡོ་སྒྱུ་ཞིག་ཡིན་ན་ཁྲིད་གཞི་ཡང་དག་ཅིག་མིན་པ་དང་བྱ་བ་དང་ཟླ་ཕོགས་སྟེར་སྟངས་འདིའང་ཡག་པོ་ཞིག་མིན་པ་འདིས་བོད་མི་རིགས་རང་གི་རིག་གནས་འདི་ལ་མཐོང་ཆེན་བྱེད་ཀྱིན་མི་འདུག་ཅེས་སློབ་མཚམས་བཞག་བཏང་ནའང་མི་འགྲིག་རྒྱུ་མེད་ཁུ་འདོད་ཀི མི་དམངས་ཀྱི་ངོས་ནས་ཀྱང་རྒྱ་ནག་གི་ཟ་མ་དང་རྒྱ་ནག་གི་གོན་
པ་ལ་སོགས་བེད་སྤྱོད་བྱེད་རྒྱུ་བཀག་འགོག་བྱེད་བཏང་ན་བསམ་གི དེ་ལྟར་བྱ་རྒྱུའི་བསམ་བློ་འདི་ངས་གང་འདྲ་ཞིག་གི་སྟེང་ནས་བཏང་བ་ཡིན་ཟེར་ན་ཡིན་གཅིག་མིན་གཉིས་ཀྱིས་སོང་ནས་རྡུང་བཅག་འཕྲོག་བསྲེག་གི་བྱ་བ་ལས་ནས་རྒྱུག་དགོས་རྒྱུ་ཞིག་དང་སྐད་རྒྱག་དགོས་རྒྱུའི་རྩ་བ་མེད་ཀི ང་ལ་རང་དབང་མེད་ན་རང་དབང་མེད་པའི་རྒྱུ་མཚན་ད་ལྟ་ངས་གོང་ནས་བཤད་པ་ལྟར་རང་གི་ཆོས་སྲིད་གཉིས་ཀྱི་ཐད་ནས་རང་དབང་གཏན་ནས་མི་འདུག་ཟེར་བ་དང་། ནམ་ཡང་ཆབ་སྲིད་རྫུན་མ་ཞིག་དང་སློབ་གསོ་རྫུན་མ་ཞིག་གིས་སྐྱོང་བས་མི་མང་པོ་ཞིག་མགོ་འཐོམ་དུ་བཅུག་ནས་བཞག་བསྡད་ཡོད་པ་རེད། དེ་ཡིན་ན་ངས་རྒྱ་ནག་མི་མང་དེ་ཚོར་དགྲ་ཕྱོགས་སུ་བཅད་པ་མ་ཡིན་པར་དངོས་གནས་དྲང་བདེན་ཞིག་སྐྱོང་ཀྱིན་ཡོད། ངས་དྲང་བདེན་དེ་ག་འདྲ་ཞིག་སྐྱོང་ཀྱིན་ཡོད་ཟེར་ན་ངེད་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་སྲོལ་ཡིག་གི་ངོས་ན་བོད་ཀྱི་ཐོབ་ཐང་ལག་ལེན་ཡང་དག་ཅིག་བྱེད་རྒྱུའི་དབང་གིས་ངས་བྱ་བ་མ་བྱས་པར་བསྡད་པ་ཡིན། དཔེར་ན་ཙུང་ལི་བུན་ཅ་པོ་ཡིས་ཀྱང་ངེད་ཀྲུང་གོ་རྒྱལ་ཁབ་ཀྱིས་དྲང་བདེན་དང་གནས་ལུགས་ལ་མཐོང་ཆེན་བྱེད་རྒྱུ་ཡིན་ཟེར། དྲང་བདེན་དང་གནས་ལུགས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ན་ང་བོད་མི་རིགས་ལྟ་བུ་ཞིག་ལ་མཚོན་ནས་ངའི་སྐད་དང་ཡི་གེ་ཡུལ་སྲོལ་གོམས་གཤིས་ཐམས་ཅད་ཀྱི་སྟེང་ན་འདྲ་མཉམ་གྱི་ལྟ་བ་གཏན་ནས་མེད་ཀི་ཟེར་བ་ཡིན། དེ་འདྲ་ཞིག་ཡིན་ན་ངས་གོང་དུ་བཤད་བཞིན་པ་ལྟར་བླ་མ་དང་། གྲྭ་བ། དཔོན་པོ་དང་ལས་བྱེད།ཡང་ན། སློབ་མ་དང་མི་སྐྱ་ཕོ་མོ་སུ་ཡིན་ཡང་བྱ་བ་མ་བྱས་པར་འདུག་དགོས་པ་རེད། བྱ་བ་མ་བྱས་པར་འདུག་ཐུབ་པ་ཞིག་ཡིན་ནམ་ཟེར་ན་རང་གི་ཚེ་སྲོག་འདི་འཇིག་རྟེན་ལ་རྒྱབ་བསྟེན་ཏེ་གཤིན་རྗེའི་འཕྲང་ལ་ཁ་ཕྱོགས་ནས་འགྲོ་བཞིན་པའི་རྒྱལ་གཅེས་པ་འདི་དག་བོད་མི་རིགས་འདིའི་ཆེད་དུ་ཡིན་པ་ལས་རང་རང་གི་རྒྱབ་དོན་དང་ལྟོ་དོན་གཏན་ནས་མ་རེད།  རྒྱུ་མཚན་བོད་ཅེས་པ་འདིའི་ལས་ལ་རྒྱ་དང་། རིགས་རུས་པ་འདི་ཡུན་རིང་གནས་རྒྱུ། འདིའི་ཆོས་སྲིད་ཡུན་རིང་བརྟན་རྒྱུ། དེ་མ་ཟད་ཕྱི་ནང་གཉིས་ཀའི་བོད་རིགས་སྤུན་ཟླ་ཐམས་ཅད་མཉམ་གཅིག་ཏུ་ལྷན་འཛོམས་འབྱུང་རྒྱུ། དེའི་ཕྱིར་ཁོང་ཚོས་གཅེས་སྲོག་ཕངས་མེད་དུ་དོར་ཐུབ་ན་ང་ཚོས་ནང་ནས་བྱ་བ་མ་ལས་པར་འདུག་ཐུབ་དགོས། ལོ་ལྔ་བཅུའི་རིང་ང་ཚོས་འདི་ལྟར་རང་དབང་མེད་པར་གཡོ་སྒྱུ་དང་གཉའ་གནོན་བགྲང་ལས་འདས་པ་ཞིག་མྱངས་ནས་ཡོང་བ་ཡིན། ང་ཚོའི་ཉམ་ཆུང་གི་མི་རིགས་འདིས་ཞི་བདེིའི་ངང་ཡར་ལ་སྙན་ཞུ་རེ་ཕུལ་ཡང་དང་ལེན་བྱེད་ཀྱིན་མེད། དཔེར་ན། དེང་སང་དྲང་བདེན་སྐྱོང་མཁན་ཐམས་ཅད་ཆབ་སྲིད་ཀྱི་ཉེས་ཅན་པར་བརྩིས། རྒྱ་ནག་སྲིད་གཞུང་རང་གི་ཆབ་སྲིད་ཡང་དག་པ་ཞིག་མ་ཡིན་པས་རྐྱེན་གྱིས་རེད་མ་གཏོགས་དྲང་བདེན་སྐྱོང་མཁན་ཞིག་ཆབ་སྲིད་ཀྱི་ཉེས་ཅན་མིན། དེར་མ་ཟད་ང་ཚོས་ཡར་ཞུས་པ་ཚང་མ་ཡང་དག་པ་དང་དྲང་བདེན་རང་ཡིན། ༸རྒྱལ་བ་རིན་པོ་ཆེ་ཁོང་ལ་མཚོན་ན་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་འདི་འདྲའི་ཡ་མཚན་པ་ཞིག་གསུང་གིན་ཡོད་པ་འདི་ལ་དམའ་འབེབས་བྱས་ནས་ཏཱ་ལའི་ཚོགས་ཁག ལྷག་པར་བོད་མི་དང་ཁོང་ལ་དད་ཞེན་ཅན་གྱི་མི་ཚོས་གོ་ན་སེམས་པར་ན་ཟུག་སློང་བྱེད་ཀྱི་སྐད་ཆ་༼༸རྒྱལ་བ་རིན་པོ་ཆེ་ཟེར་བ་འདི་སྤྱང་ཀི་ལྟ་བུ་ཞིག་རེད༽ཟེར། དོན་དངོས་ནས་རྒྱ་ནག་མི་དམངས་སྲིད་གཞུང་གི་ཆབ་སྲིད་གཡོ་སྒྱུ་འདི་དཔེར་བཞག་ན་སྤྱང་ཀིས་ཤ་ཟ་རྒྱུར་དམིགས་པ་ལྟ་བུ་ཞིག་རེད། རང་ཉིད་ཀྱིས་རང་ཉིད་ལ་མིང་འདོགས་རྒྱུ་དེ་༸རྒྱལ་བ་རིན་པོ་ཆེ་ལ་བཏགས་ནས་རང་ཉིད་སྤྱང་ཀི་ཡིན་པ་འདི་ཕར་བཞག་ནས། དེང་སང་འཛམ་གླིང་སྟེང་ན་མཆོག་དམན་འབྲིང་གསུམ་ཀུན་གྱིས་ཞི་བདེའི་དེད་དཔོན་དུ་བཀུར་བཞིན་པའི་སྐྱེས་བུ་དམ་པ་ཞིག་ལ་མྱི་རྫུན་མ་ཞིག་རེད་ཟེར། སོ་སོ་མྱི་རྫུན་མ་ཞིག་ལ་མྱི་དངོས་མ་ཡིན་ཟེར་ནས་སྐད་ཆ་བཤད་བཞིན་པ་འདི་དྲང་བདེན་མེད་པ་ཞིག་དང་གནས་ལུགས་མེད་པ་ཞིག་རེད། དཔེར་ན་ང་ཚོས་མའོ་ཙེ་ཏུང་ལ་འདི་ལྟར་སྐད་ཆ་ངན་པ་བཤད་དེ་གནམ་བདེ་སྒོ་མོ་ཆེ་ཡི་སྟེང་གི་མའོ་ཡི་འདྲ་པར་ཆེན་པོ་དེ་བླང་ནས་རྡོག་རྫིས་སུ་བཏང་ན་ཁྱོད་རྒྱ་མི་རིགས་ཀྱི་སེམས་ལ་སྡུག་བསྔལ་གང་འདྲ་ཞིག་ཡོང་། དེ་བཞིན་དུ་ཡེ་ཤུའི་ཆོས་དཔོན་ལ་དེ་ལྟར་དམའ་འབེབས་བྱས་ནས་དྲང་བདེན་སྐྱོང་བཞིན་པ་ལ་དྲང་བདེན་མ་རེད་ཟེར་ནས་གཞི་མེད་སྐྱོན་བརྗོད་བྱས་ན་དེའི་མི་སེར་གྱི་སེམས་ལ་གང་འདྲ་ཞིག་ཤར་རྒྱུ་རེད། ངེད་ཅག་བོད་མི་རིགས་ལ་མཚོན་ན་༸རྒྱལ་བ་རིན་པོ་ཆེ་ཡི་སྐུ་པར་དེ་ལྟར་གཤག་རྒྱུ་གཤགས།བཅག་རྒྱུ་བཅགས་ན་སེམས་ལ་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་ཡོད་པ་བཤད་མ་དགོས་པ་རེད། དངོས་གནས་བོད་རྒྱ་མི་རིགས་གཉིས་ཀར་བསམ་བློའི་སྟེང་ནས་འཆམ་མཐུན་ཞིག་ཡོང་དགོས་ན་༸རྒྱལ་བ་རིན་པོ་ཆེ་གཙོས་པའི་བཙན་བྱོལ་བོད་གཞུང་ཕྱིར་ཡོང་དུ་བཅུག་སྟེ་ཞི་བའི་གྲོས་མོལ་བྱས་ནས་དྲང་བདེན་གྱི་སྒོ་ནས་ཐག་བཅད་ན་ད་གཟོད་དོན་དངོས་ཀྱི་འཆམ་མཐུན་སྤྱི་ཚོགས་ཤིག་སྐྲུན་ཐུབ། དེ་མིན་ན་རྒྱ་ནག་གཞུང་གིས་འཆམ་མཐུན་སྤྱི་ཚོགས་དང་ཞི་བདེ་ཇི་ལྟར་བཤད་ཀྱང་ཁ་སྟོང་ནང་གི་ཚིག་སྟོང་ཙམ་དང་གཡོ་སྒྱུ་ཁོ་ན་རེད། བོད་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་པོ་འདི་ལ་འདྲེས་ལྡན་མཁན་གྱི་མི་ཞིག་ཡིན་ཕྱིན་འདི་འདྲའི་བསམ་བློ་མེད་མཁན་གཅིག་ཀྱང་མེད། འོད་ཀྱང་རྒྱ་ནག་གི་གཡོ་སྒྱུའི་ཆབ་སྲིད་དང་།དྲག་གནོན། བཙན་གནོན་སོགས་ཀྱི་དབང་གིས་འདི་འདྲའི་བསམ་བློ་ཡོད་ཀྱང་འཇིགས་སྐྲག་གི་དབང་གིས་ངག་ནས་གྲོལ་ཐུབ་ཀྱིན་མེད། ད་ལྟའི་དུས་འདིར་ང་ཚོས་སེམས་ཤུགས་མ་ཉམས་པར་སྙིང་སྟོབས་ཆེན་པོ་ཞིག་སྐྱེད་ནས་བོད་མི་རིགས་འདིའི་བདེན་དཔང་འཚོལ་དགོས། རྒྱ་གཞུང་གི་དྲང་བདེན་མ་ཡིན་པའི་སྲིད་ཇུས་འདི་མཚམས་མ་བཞག་བར་དུ་ང་ཚོས་རང་གི་བྱ་བ་མཚམས་བཞག་ནས་བྱ་བ་ཡང་དག་པ་ཞིག་གི་འགོ་རྩོམ་རྒྱུ་ང་ཚོའི་ད་ལྟའི་མི་རབས་འདིའི་སྐབས་སུ་བབས་པའི་ལས་འགན་རེད།སྐབས་སུ་བབས་པའི་བྱ་བ་འདི་ང་ཚོས་ཁ་ཙམ་མ་ཡིན་པར་ལག་ལེན་དངོས་ཀྱི་སྟེང་ནས་བསྒྲུབ་དགོས་རྒྱུའི་བསམ་ཚུལ་ངོ་མ་འདི་འདྲ་ཞིག་ང་ལ་ཡོད་ཀི དེ་རིང་ངས་འདི་ལྟར་དྲང་བདེན་ཞེས་པ་འདི་གཙུག་ཏུ་བཀུར་ནས་བཤད་པའི་སྐད་ཆ་འདི་དག་མགོ་མཇུག་ལྡན་པ་ཞིག་དང་གོ་རིམ་ལྡན་པ་ཞིག་གཏན་ནས་མིན་མོད། འོན་ཀྱང་།  རང་གི་རིགས་ལ་དུང་བ་ཟབ་ཅིང་ཤ་ཚ་མཁན་ཞིག་ཡིན་པས་རང་གི་ཁོག་ལ་ཤར་ཚུལ་རྣམས་དྲང་བདེན་གྱི་ལམ་ནས་མཐོ་ས་དམའ་ས་ཐམས་ཅད་ལ་བཤད་པ་ཡིན། དྲང་བདེན་ཞེས་པ་འདི་ཆོས་ལུགས་པ་ཡིན་ན་ཆོག ཆབ་སྲིད་པ་ཡིན་ནའང་ཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དྲང་བདེན་ལ་ཁས་མི་ལེན་མཁན་གཅིག་ཀྱང་མེད། དེའི་ཕྱིར་སྐད་ཆ་འདི་བཤད་རྒྱུའི་ཐོབ་ཐང་ཡོད་ལ་བཤད་ནའང་ཆོག གང་ལ་ཡང་འགལ་མེད། རྒྱུ་མཚན་དེའི་དབང་གིས་ང་རང་ཉིད་ཡིན་ཡང་སྐྲག་དགོས་ས་ཞིག་དང་འཇིགས་དགོས་ས་ཞིག་གཏན་ནས་མེད། དེའི་དབང་གིས་རང་ཉིད་ཀྱི་ཁོག་ན་ཡོད་པའི་སྐད་ཆ་འདི་གཡོ་སྒྱུ་དང་མ་འདྲེས་པའི་སྒོ་ནས་དྲང་བོར་བཤད་པ་ཡིན། འཛམ་གླིང་གི་མཁས་པ་ཚོས་གཅིག་མཐུན་དུ་༼སྡུག་བསྔལ་བརྒྱ་སྟོང་ཁྲི་འབུམ་ལས་མི་རིགས་ཉམས་པ་བཟོད་པར་དཀའ༽ཞེས་པ་ལྟར་ད་ལྟ་རང་ཅག་གི་མི་རིགས་འདི་ཉམས་རྒྱུ་གང་འདྲ་ཞིག་ལ་ཐུག་འདུག ཉེན་ཁ་གང་འདྲ་ཞིག་ལ་སླེབས་ཡོད་པ་འདི་དག་ལ་བསམ་གཞིགས་གནང་སྟེ། བོད་མི་རིགས་ཀྱི་ཨ་མའི་བུ་ཞིག་ཡིན་པའི་ཆ་ནས་རང་གིས་རང་ལ་བློ་སྟོབས་ཆེན་པོ་ཞིག་གི་སྙིང་སྟོབས་བསྐྱེད་དགོས། སྙིང་སྟོབས་ཤིག་མ་བཀོལ་ན་རང་དབང་ཞིག་གཏན་ནས་ཐོབ་རྒྱུ་མེད། རྒྱུ་མཚན་འདི་དག་ལ་གཟིགས་ནས་རང་རང་གི་ཐད་ནས་མཐོ་ས་དམའ་ས་གང་ཡིན་ཡང་ཁ་ནས་བཤད་པ་ཙམ་མ་ཡིན་པར་དེང་སང་ལག་ལེན་དངོས་ལ་དབབ་རྒྱུའི་དུས་ལ་སླེབས་ཡོད། དཔེར་ན་༸རྒྱལ་བ་རིན་པོ་ཆེ་ལྟ་བུ་ལ་མཚོན་ན་ད་ལྟ་རང་ཅག་གི་མི་རིགས་འདིའི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས། ཐོན་ཁུངས་སོགས་ཉམས་བཞིན་པ་དང་། ལྷག་པར་བོད་མི་རིགས་ཀྱི་ངོ་བོ་འདི་རྒྱ་མི་རིགས་ཀྱི་ངོ་བོར་སྒྱུར་བཞིན་པ་འདི་ལ་ཐུགས་ངལ་ཞིག་ཡོད་པ་བཤད་མ་དགོས་པ་རེད། གོང་གི་མཁས་པ་ཚོའི་བཤད་པ་བཞིན་ནོ།།  ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་དགུང་ལོ་ཉེར་ལྔའི་སྟེང་རང་མི་རིགས་ཀྱི་ཆེད་ཕྱི་རྒྱལ་ལ་ཕེབས་ནས་ད་ལྟའི་བར་ལོ་ལྔ་བཅུའི་རིང་ཕྱི་རྒྱལ་ནས་བོད་མི་རིགས་ཀྱི་བདེ་སྡུག་འདི་གང་འདྲ་ཞིག་གི་སྒོ་ནས་སྒྲུབ་བཞིན་པ་ང་ཚོས་མིག་མཐོང་ལག་ཟིན་རེད།ང་ཚོའི་མི་གྲངས་ལ་བལྟས་ནའང་ཉམས་བཞིན་པ་གསལ་བོ་རེད། སྔོན་ཡིན་ན་བོད་མི་ས་ཡ་དྲུག་གམ་ཁྲི་དྲུག་བརྒྱ་ཡོད་པ་རེད། དེང་སང་ལ་མཚོན་ན་བོད་མི་ཁྲི་བཞི་བརྒྱ་མ་གཏོགས་མེད་པ་འདི་མི་རིགས་ཉམས་སོང་བའི་རྟགས་ཡང་དག་ཅིག་རེད།འདི་འདྲའི་མང་བོ་ཞིག་རྒྱ་ནག་གི་གཡོ་བྱུས་འདྲ་མིན་གྱིས་མེད་པར་བཏང་བ་རེད། དཔེར་ན་ཀན་ལྷོ་ཁུལ་ལ་མཚོན་ན་༢༠༠༣་དང་༢༠༠༤་ལོར་བོད་མིའི་གྲངས་ཁྲི་བཅུ་གཉིས་བཅུ་གསུམ་ཡོད་པར་བཤད། ཁ་སང་དེ་རང་བོད་མི་ཁྲི་བརྒྱད་མ་གཏོགས་མེད། དེ་བཞིན་ཀན་ལྷོ་ཁུལ་ན་༢༠༠༣་དང་༢༠༠༤་ལོར་གྲྭ་བ་ཁྲི་གཅིག་དང་སྟོང་གཉིས་ཡོད། དེང་སང་བརྒྱད་སྟོང་ལྷག་ལས་མེད། འདི་དག་རྒྱ་ནག་ཁོ་རང་གིས་མི་དམངས་ལ་མི་སེར་ལག་ཁྱེར་བཟོ་བཞིན་པ་ལ་བལྟས་ན་ཧ་ཅང་གསལ། འདི་ལྟར་མི་རིགས་ཤིག་ཉམས་བཞིན་ཡོད་དུས་མི་རིགས་དེའི་སྲིད་འབྱོར་རིག་གསུམ་ཉམས་བཞིན་པ་བཤད་ཀ་ལ་དགོས།རྒྱ་ནག་རང་ལ་མཚོན་ན་མི་གྲངས་དུང་ཕྱུར་བཅུ་གཉིས་བཅུ་གསུམ་ཙམ་ཡོད། ཁོང་ཚོའི་ས་ཆར་ཁོ་ཚོས་ཁ་མི་སོས་ཤིང་རྒྱབ་མི་ཁེབས་པས། བོད་མི་རིགས་ཀྱི་རིགས་རྒྱུད་ཚར་གཅོད་བྱས་ནས་བོད་མིའི་ཁེ་དབང་དང་གོ་ས་འཕྲོག་གི་ཡོད། ང་ཚོའི་བོད་ལ་མཚོན་ན་མི་གྲངས་ཁྲི་བཞི་བརྒྱ་ལས་མེད་པས་མི་གྲངས་འཕར་དགོས་པ་ལས་འཆར་ལྡན་བུ་སྐྱེས་ཟེར་བ་འདི་ཁྱོན་ནས་ལག་ལེན་བསྟར་དགོས་དོན་མེད། ད་ལྟའི་ང་ཚོའི་མི་གྲངས་འདིས་ང་ཚོའི་ས་ཆར་ཁེབས་ཀྱི་མེད། རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ནང་བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་ཟེར་གྱིན་ཡོད་ཀྱང་། བརྩི་འཇོག་རྩ་བ་ནས་བྱེད་ཀྱིན་མེད་པ་མ་ཟད་ཉམས་རྒུད་དུ་འགྲོ་རྒྱུར་བསམ་ངན་བཅངས་ནས་རྒྱ་མི་རིགས་གཅིག་པས་བོད་ས་བཟུང་ནས་བེད་སྤྱོད་བྱེད་རྒྱུའི་ཧམ་སེམས་ཆེ་སྟབས།ང་རང་གི་སེམས་ནས་མ་བཟོད་པ་ཡིན། གཡོ་སྒྱུས་འཆམ་མཐུན་དངོས་མ་ཞིག་ཡོང་ཐབས་མེད། དོན་དངོས་ཀྱི་འཆམ་མཐུན་ཞིག་སྐྲུན་འདོད་ན་སེམས་ཀྱི་འཆམ་མཐུན་ཡང་དག་པ་ཞིག་སྐྲུན་ན་ད་གཟོད་འཆམ་མཐུན་རེད། འུ་ཚོས་བཤད་ཕྱོགས་ལ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་འཛམ་གླིང་སྟེང་མཚན་དང་སྙན་གྲགས་ཐོབ་དགོས་པར་གླེང་གིན་ཡོད་ལ། དེ་བཞིན་འཛམ་གླིང་གི་མཁས་པ་ཀུན་གྱིས་གཙུག་ཏུ་བཀུར་ནས་ཞི་བདེའི་གཟེངས་རྟགས་ཐོབ་ཡོད། ད་དུང་ཉིན་རེ་ལས་ཉིན་རེ་བཞིན་ཁོང་གི་མཛད་འཕྲིན་རྒྱས་བཞིན་ཡོད། ཡིན་ན་ཡང་ཁོང་གི་སེམས་ན་ཐུགས་ངལ་མེད་སོང་བ་མ་རེད། ཕྱི་རྒྱལ་ནས་ད་ལྟ་དགུང་ལོ་དོན་བཞི་ལ་ཐུག་གི་བར་བཞུགས་དགོས་པའི་རྒྱུ་མཚན་རང་གི་བོད་མི་རིགས་ཀྱི་ཁེ་དབང་གི་ཆེད་དུ་དྲང་བདེན་གྱི་སྒོ་ནས་ལྟ་བ་མཁྲེགས་འཛིན་བྱེད་ཀྱིན་མེད་པར་བོད་རྒྱ་གཉིས་ཞི་འགྲིག་འབྱུང་རྒྱུ་དགོངས་ཡོད།ང་ཚོས་ཀྱང་བསམ་བློའི་གཞི་རྩ་དེ་འདྲ་ཞིག་བཟུང་ནས་རང་རང་ས་ནས་རང་ཚུགས་བཟུང་སྟེ་བོད་མི་ཡོད་དོ་ཅོག་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་སྐབས་སུ་བབས་པའི་གནད་འགག་གི་ལས་དོན་གལ་ཆེར་མཐོང་། ང་ཚོས་ང་ཚོ་བཙན་པོའི་གདུང་རྒྱུད་ཡིན་རབས་དང་། སྔོན་ལྟ་བུ་ལ་མཚོན་ན་ཁྲི་སྲོང་ལྡེའུ་བཙན་དང་། སྲོང་བཙན་སྒམ་པོའི་སྐབས་ལ་བོད་ཆེན་པོའི་རྒྱལ་ཁབ་འདི་ཡ་མཚན་ཡིན་རབས་སོགས་མང་བོ་བཤད་བཞིན་ཡོད། དངོས་གནས་ཁྱོད་བཙན་པོའི་གདུང་རྒྱུད་ཡིན་ན་ཐ་ན་ང་རང་གི་རྩ་བའི་བླ་མ་གཙུག་གི་ནོར་བུ་༼ཡ་ཐོད་ཀྱི་མིག་ལྟ་བུ། ཡ་ཁོག་གི་སེམས་ལྟ་བུ་༽འདི་དེང་སང་ང་ཚོས་བདག་པོ་རྒྱག་མ་ཐུབ་པར་ས་མཐའ་ན་མྱི་འཁྱམ་བཞིན་བསྡད་ཡོད། འདི་ལྟར་ནམ་ཞིག་ཕྱི་ལོགས་ནས་ཞིང་དུ་ཕེབས་ན་ང་ཚོའི་བོད་མི་རིགས་འདིའི་ངོ་ཚ་མ་རེད་དམ། ངས་འདང་བརྒྱབ་ན་༸རྒྱལ་དབང་རིན་པོ་ཆེ་ཕྱི་ལོགས་ནས་ཞིང་དུ་ཕེབས་སོང་ཟེར་ན། ང་རང་ལ་མཚོན་ན་འདི་ནས་གོམ་པ་གསུམ་སྤོ་རྒྱུར་ངོ་ཚ། རྒྱུ་མཚན་ང་ཚོར་ཕན་ཚུན་ལ་ཕ་མ་དང་བུ་ཕྲུག་ལྟ་བུའི་བརྩེ་དུང་ཆགས་ཡོད་པ་དང་། ཕ་མ་དང་བུ་ཕྲུག་ལྟ་བུའི་བསམ་བློ་ཆགས་ཡོད་པ་འདིའི་སྟེང་ནས་འདང་བརྒྱབ་ན་ང་ཚོའི་བོད་ཟེར་བ་འདི་སའི་གོ་ལའི་སྟེང་གོམ་པ་སྤོས་ཏེ་རང་རང་གིས་མྱི་ཚུགས་རེ་བཟུང་ནས་འགྲོ་བཞིན་པ་འདི་མྱི་ཡི་རིན་ཐང་མེད་ཀི་བསམ། དེའི་ཕྱིར་ང་ཚོས་རང་ཚུགས་ཐུབ་དགོས། རང་གི་ཕ་མ་ལྟ་བུ་ལ་བདག་པོ་རྒྱག་མ་ཐུབ་པར་རྒྱ་ནག་གི་འོག་ནས་འཛུམ་བསྟན་ནས་བསྡད་ན། མི་རིགས་གཞན་གྱི་མདུན་ནས་གདོང་བསྟན་ཏེ་འགྲོ་འམ་རྒྱབ་སྐོར་ནས་འགྲོ་རྒྱུ་ཡིན། ཁྱོད་ཀྱི་བཙན་པོའི་གདུང་རྒྱུད་དེ་གང་འདྲ་ཞིག་ལ་ཟེར། ད་དུང་དགོང་གི་ཉི་ཟླ་སྐར་གསུམ་ལ་དཔེ་རུ་བཞག་ནས་མཐོང་ཆེན་བྱས་ནས་དད་པ་བྱེད་བཞིན་པ་གང་ལ་ངོས་འཛིན་དགོས། ནམ་རྒྱུན་ཁ་ནས་རྫིག་པོ་བཤད་ནས་ལག་ལེན་གྱི་སྟེང་ནས་དབེན་ན། ངས་བལྟས་ན་མི་དེ་རིགས་ལ་ཤ་ཞེན་རུས་ཞེན་མེད་པར་ནམ་ཡིན་ཡང་དཔལ་འབྱོར་ཁོ་ནའི་ཕྱོགས་ལ་གཡེང་ནས་བོད་རང་གི་སྲིད་འབྱོར་རིག་གསུམ་ལ་ཤ་ཚ་མེད་ཚེ་གད་སྙིགས་ནང་གི་མིར་མཐོང་།ད་ལྟ་ང་ཚོས་རང་རང་གི་ཐད་ནས་སྐེ་རགས་ལྷམ་སྒྲོག་བསྡམ་སྟེ་སྙིང་སྟོབས་ཆེན་པོ་ཞིག་གི་སྒོ་ནས་རང་ཚུགས་བཟུང་ན། ད་གཟོད་ང་ཚོའི་མི་རིགས་འདི་རང་སྐྱ་ཐུབ་རྒྱུར་ཕན་ཐོགས་ཆེན་པོར་མཐོང་། གལ་སྲིད་དངོས་གནས་ང་ཚོའི་མགོར་མི་ལེགས་པའི་ལྟས་ངན་དེ་འདྲ་ཞིག་ཤར་ན། མ་འོངས་པར་བོད་མི་རིགས་འདི་གང་འདྲ་ཞིག་ཆགས་རྒྱུ་རེད། ང་ཚོར་འདི་ལས་ལྷག་པའི་དཀའ་ཁག་མི་ཉུང་བ་ཞིག་འབྱུང་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། ཁ་སང་དེ་རིང་ང་ཚོར་ཅུང་གུ་ཡངས་ཤིག་ཡོད་པ་འདི་སུའི་བཀའ་དྲིན་རེད། འདི་ང་ཚོས་ངེས་པར་དུ་ངོས་ཟིན་དགོས། ནུབ་ཕྱོགས་གསར་གཏོད་ཟེར་བ་འདིར་ངོ་བོའི་ཆ་ནས་བལྟས་ན་རོགས་སྐྱོར་གྱི་རྣམ་པ་ཡོད། དོན་གྱིས་རང་མི་རིགས་འདི་རྒྱ་ནག་གི་ངོ་བོར་བསྒྱུར་རྒྱུ་དང་བོད་ཀྱི་ས་ཆ་དང་ཐོན་ཁུངས་མང་པོ་ཞིག་རྒྱ་མི་རིགས་ཀྱིས་བདག་འཛིན་བྱེད་རྒྱུའི་ཧམ་སེམས་རེད། དེ་རིང་ང་ཚོས་ཕྱོགས་ཡོངས་ལ་ལྟོས་ཏེ་རང་ཚུགས་བཟུང་ནས་རྡོག་རྩ་གཅིག་སྒྲིལ་བྱས་ནས་མི་རིགས་འདི་རང་ཚུགས་ཐུབ་ཚད་དང་རང་སྐྱ་འཕེར་ཚད་ཡིན་པས་ང་ཚོའི་སུ་ཡིན་ནའང་སྙིང་སྟོབས་འདི་བསྐྱེད་པའི་དུས་ལ་སླེབས་པ་རེད། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་སྙིང་སྟོབས་མ་བསྐྱེད་པ་ཡིན་ན་ང་ལྟ་བུའི་སེམས་སུ་ད་སྙིང་སྟོབས་འདི་བསྐྱེད་ས་མི་འདུག་སྙམ་ཀི དཔེར་ན་འཛམ་གླིང་གི་མཁས་པ་མང་བོ་ཞིག་གིས་ཅི་ཞིག་བཤད་ཀྱིན་ཡོད་པ་རེད་ཟེར་ན། མི་ཚེ་ཟེར་བ་དེ་ཁ་སང་དང་དེ་རིང་། སང་ཉིན་བཅས་ཀྱི་དུས་ཚོད་འདིས་གྲུབ་ཡོད་པ་དང་དེ་བས་ང་ཚོས་དེ་རིང་གི་དུས་ཚོད་འདི་དམ་འཛིན་བྱས་ཏེ་སང་ཉིད་ཀྱི་བྱ་བ་ལེགས་པོ་ཞིག་འགྲུབ་རྒྱུར་རེ་སྒུག་བྱེད་དགོས་པ་རེད་ཟེར་བ་རེད།དེས་ན་ང་ཚོས་དེ་རིང་གི་དུས་ཚོད་འདི་དམ་འཛིན་བྱས་ནས་སང་ཉིན་ང་ཚོའི་བོད་ཕྱི་ནང་གཉིས་མཉམ་འཛོམས་བྱས་ཏེ་བོད་མི་རིགས་རང་གི་སེམས་གཏིང་གི་བདེ་སྡུག་འདི་སེལ་རྒྱུའི་རེ་བ་ཞིག་ང་རང་གི་སྙིང་ཁུངས་རུས་པའི་སྟེང་ན་ཡོད་ཀིམི་སུ་འདྲ་ཞིག་ཡིན་ནའང་རང་གི་ཚེ་སྲོག་ལ་མི་གཅེས་མཁན་ཞིག་ཡོད་པ་མ་རེད། འོན་ཀྱང་རང་གི་མི་རིགས་འདིའི་བདེ་སྡུག་དང་དྲང་བདེན་གྱི་ཆེད་རང་ཉིད་ཀྱི་ཚེ་སྲོག་འདི་འདོར་ཐུབ་དགོས་པ་ཞིག་ཅེས་ཀྱང་ཡོད་དགོས། ཚེ་སྲོག་འདོར་མ་ཐུབ་ན་ད་ལྟ་ངས་གོང་ནས་བཤད་པ་ཇི་བཞིན་ནམ་ཞིག་ན་བོད་མི་རིགས་ཀྱི་ཤུལ་རེད་ཟེར་བ་དང་། ད་ལྟའི་མན་ཇི་རྒྱལ་ཁབ་ཅི་བཞིན་བོད་འདི་གནའ་རྫས་ཁང་གི་ནང་འགྲེམ་སྟོན་མི་བྱེད་རྒྱུའི་ངེས་པ་ཡོད་པ་མ་རེད་བསམ་ཀི དེ་ལྟར་ཡིན་ནའང་ང་ཚོའི་བོད་ཀྱི་རྩོམ་པ་པོ་ཡིན་ནའང་ཆོག ལོ་རྒྱུས་འབྲི་མཁན་ཞིག་ཡིན་ནའང་ལྔ་བཅུ་ལྔ་དགུའི་སྔ་རྗེས་ཀྱི་ལོ་རྒྱུས་ངོ་མ་ཞིག་འབྲི་ཐུབ་ཀྱིན་མེད་པ་མ་ཟད། བོད་ཀྱི་བརྙན་འཕྲིན་ལ་སོགས་ཀྱི་ནང་དུའང་དངོས་ཡོད་ཀྱི་གནས་ཚུལ་ཞིག་སྟོན་དུ་འཇུག་གི་མེད་པ་རེད། དེ་ལྟར་དངོས་ཡོད་གནས་ཚུལ་བཤད་པ་ལ་སོགས་ཡིིན་ན་རྒྱ་ནག་རང་གི་རྫུན་རྔ་འཕུལ་གྱིན་ཡོད་པས་རེད། རྒྱ་ནག་ཁོང་རང་ཉིད་ལ་མཚོན་ན་འཇར་པན་དང་ཁོང་ཚོའི་སྐོར་བརྙན་འཕྲིན་དང་དཔེ་དེབ་མང་པོའི་ནང་དུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་ང་ཚོ་བོད་མི་རིགས་ཀྱི་སྐོར་དེ་འདྲ་ཞིག་རིག་རྒྱུ་མེད་པ་མ་ཟད་དེ་འདྲའི་རིགས་བཟོ་རྒྱུར་གོང་རིམ་ནས་མར་གཉའ་གནོན་དང་བཙན་འཛིན་གྱིས་རྫུན་ཐོག་ལ་རྫུན་བརྩེགས་ནས་བསྡད་ཡོད་པ་དེར་བལྟས་པ་ཡིན་ནའང་ཤེས་རྒྱུ་ཞིག་ཡོད་པ་རེད། དེ་མིན་ང་ཚོའི་བླ་མ་དང་། དཔོན་པོ། རྩོམ་པ་པོ། གཞས་པ་སོགས་སུ་ཡིནའང་རང་མི་རིགས་ཀྱི་ལྟ་བ་མི་འབོར་བར་མི་རིགས་ཀྱི་གནད་འགག་གང་དུ་ཡོད་པ་ངོས་ཟིན་དགོས་པ་རེད། དེང་སང་དེ་འདྲའི་རིགས་ཀྱིི་ནང་ན་མི་རིགས་ཀྱི་ལ་རྒྱ་མེད་པར་དཔེར་ན། ཕོ་མོའི་བརྩེ་དུང་སོགས་ཀྱི་ནང་མགོ་འཁོར་ནས་མི་རིགས་ཀྱི་ལྟ་བ་དང་བསམ་བློ་ངོ་མ་དེ་འབོར་གྱིན་པ་རེ་འགའ་མཐོང་རྒྱུ་འདུགདེའི་རིགས་ཀྱིས་རང་སྐྱོན་ངོས་བཟུང་སྟེ་བདེན་པའི་ལམ་ཆེན་ཞིོག་དུ་བསྙེག་རྒྱུ་དེ་མི་ཚེའི་ལྟ་བ་མཐར་ཐུག་ཅིག་ཡིན། སོ་སོའི་མི་རིགས་ཀྱི་གནད་དོན་འདི་མི་རིགས་རང་ཉིད་ཀྱིས་རྩོད་ལེན་མ་བྱས་ན་གཞན་གྱིས་རྩོད་ལེན་བྱེད་རྒྱུ་མ་རེད། དེ་ལྟར་རྩོད་ལེན་བྱས་པ་ཡིན་ན་ད་ང་ཚོེར་བདེ་སྐྱིད་ཀྱི་ཉི་མ་ཡང་དག་པ་ཞིག་འཆར་རྒྱུ་ཡོད། དེ་མིན་ང་ཚོའི་སྤྱི་ཚོགས་ནང་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དགོས་མིན་དང་རང་རང་ས་ནས་བསམ་བློ་འདྲ་མིན་ཐོག་ནས་རྩོད་པ་བྱེད་བཞིན་ཡོད་པ་འདི།འདིར་དཔེར་དྲངས་ནས་གཅིག་བཤད་པ་ཡིན་ན། ང་ཚོས་རང་གི་རྐང་འོག་གི་སར་བདག་པོ་རྒྱག་ཐུབ་ཀྱིན་མེད་བཞིོན་དུ་ཁང་པ་ཕིབས་སྟངས་དང་ནང་དུ་ཅ་ལག་བསྒྲིགས་སྟངས་བཤད་ཀྱིན་ཡོད་པ་ལྟ་བུ་རེད། ཐུན་མོང་གིས་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཐོག་མར་ང་ཚོའི་ས་འདི་ལེན་དགོས་པ་རེད། ས་འདི་བླང་རྗེས་ད་གཟོད་ཆོས་སྲིད་ཟུང་འབྲེལ་དགོས་མིན་དང་ལྟ་བ་སྣ་ཚོགས་གླེང་ནས་ཁང་པ་ཕིབས་སྟངས་དངཅ་ལག་བསྒྲིགས་སྟངས་བཤད་ན་འགྲིག་གི་ཡོད་པ་རེད། ད་ལྟའི་ང་ཚོའི་སྐབས་སུ་བབས་པའི་བྱ་བའང་དེ་ཡིན། ང་ཚོའི་ཁ་དཔེར་ཡང་འདྲེ་ཤར་དུ་ཡོད་པ་ལ་ཀླུད་ནུབ་དུ་འཕང་ནས་བསྡད་ན་མི་རིགས་ཤིག་རང་སྐྱ་མི་ཐུབ།དེ་བས་ང་ཚོས་ཐོག་མར་ཤར་གྱི་འདྲེ་དེ་འདུལ་དགོས་པ་རེད། དེ་ལྟར་ང་ཚོས་རང་ཉིད་ཀྱི་རྐང་འོག་གི་ས་འདིར་བདག་པོ་རྒྱག་ཐུབ་སོང་བ་ཡིན་ན་ང་ཚོར་ས་འོག་གི་གཏེར་ཁ་དང་ས་སྟེང་གི་རིག་གནས་བཅུས་མཚོན་པའི་ཐོན་ཁུངས་དང་རིག་གཞུང་ཕུན་སུམ་ཚོགས་པ་ཡོད་པ་འདི་དག་བོད་མི་རིགས་ཟེར་བ་འདི་རང་སྐྱ་འཕེར་བྱེད་ཅིག་དང་རང་ཚུགས་ཐུབ་བྱེད་ཅིག་ཡིན་པ་མ་ཟད། སྔོན་ཐོན་མི་རིགས་ཤིག་གི་གྲས་ལ་འགྲོ་ཐུབ་པ་ཞིག་ཀྱང་ཡིན། དེ་བས་ང་ཚོའི་བོད་ཕྱི་ནང་གཉིས་ཀྱིས་བསམ་བློ་རྡོག་རྩ་གཅིག་སྒྲིལ་བྱས་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པ་དང་བསམ་བློའི་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་། སྟོབས་ཤུགས་ནི་རྒྱལ་ཁའི་སྔོན་འགྲོ་ཡིན་པ་འདིར་དམིགས་བསྡད་ནས། ང་ཚོས་མཐུན་སྒྲིལ་བྱས་ཏེ་སྟོབས་ཤུགས་བསྐྱེད་རྒྱུ་ནི་ངའི་རེ་བ་ཡིན།སྤྱིར་རྒྱ་ནག་གིས་སྔར་ལོའི་དོན་རྐྱེན་སྐབས་སུ་རྡུང་བཅག་འཕྲོག་བསྲེག་གི་བྱ་བ་འདི་མ་འདྲེས་པར་རང་གི་རང་དབང་དང་འབྲས་བུའི་ཆེད་ཡར་ལངས་སོགས་བྱེད་ན་ཆོག་པའི་དྲིལ་བསྒྲགས་བྱས་ཡོད་པ་རེད་མོད། ཡིན་ན་ཡང་ད་ལོའི་མཚོ་སྔོན་གྱི་ཀླུ་ཚང་དགོན་
པ་དང་བླ་བྲང་གི་བོད་རིགས་སློབ་འབྲིང་གཉིས་ནས་རྡུང་བཅག་འཕྲོག་བསྲེག་གི་བྱ་བ་གཅིག་ཀྱང་མ་བྱས་པར་ཞི་བས་ཡར་ལངས་བྱས་པ་དེར། རྒྱ་ནག་གིས་ཆབ་སྲིད་ཀྱི་ལྐོག་གཡོའི་ངན་ཇུས་ཀྱིས་སྐད་འབོད་རྗེས་སུ་སློབ་གྲྭའི་སློབ་གཙོ་ལས་གནས་ནས་ཕུད་པ་དང་། དགེ་རྒན་ཚོའི་ཟླ་ཕོགས་དུས་ལྟར་མ་བྱིན་པ་མ་ཟད། ད་དུང་སློབ་མ་འགའ་སློབ་གྲྭ་ནས་ཕྱིར་ཕུད་བཏང་ཡོད་པ་དང་རེ་འགའི་སློབ་ཆེན་རྒྱུགས་སྤྲོད་ཀྱི་གོ་སྐབས་འཕྲོག་ཡོད་པ་དེ་དག་ཚང་མས་མཚོན་པའི་ཆེ་ཆུང་བར་གསུམ་ཚང་མར་རྫུན་གཏམ་དང་ལྐོག་ཇུས་ཀྱི་རང་བཞིན་མངོན་པ་ལྟ་བུ་རེད། དེ་དག་ལས་ངས་བཤད་པ་འདི་དག་ཚང་མ་གཡོ་སྒྱུའི་ཚིག་ཉག་ཅིག་མེད་པའང་ར་སྤྲོད་བྱེད་ཐུབ་པ་ཞིག་ཡིན། སྤྱིར་ང་ལྟ་བུ་ཞིག་ལ་མཚོན་ནས་བཤདན་རིག་གནས་དང་ཕྱོགས་གང་ཐད་ནས་ཆུ་ཚད་དམའ་བ་མ་ཟད་འདི་འདྲ་ཞིག་བཤད་དགོས་པ་ཡིན་ན་ཁ་ལྕེ་ལ་སོགས་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་པ་ཡིན་མོད། འོན་ཀྱང་ང་རང་བོད་མི་ཞིག་ཡིན་པས་ཆ་ནས་བོད་མི་རིགས་རང་གི་སྐྱིད་སྡུག་འདི་མི་གླེང་ཐབས་མེད་ཡིན། དེ་ང་གཅིག་པུ་མ་ཡིན་པར་བོད་མི་ཡོངས་རྫོགས་ཀྱི་ཐོག་ན་བྱ་བ་འདིའི་འགན་འཁུར་མ་སྐུལ་དང་ལེན་བྱེད་རྒྱུའི་འོས་འགན་ཡོད་པ་རེད། འགན་འཁུར་འདི་དང་ལེན་བྱས་ནས་མི་རིགས་འདིའི་ལས་དོན་གྱི་ཆེད་དུ་ལས་ཀ་ཡང་དག་རེ་བྱ་རྒྱུའང་ང་རང་གི་རེ་བ་ཉག་གཅིག་ཡིན། དེ་མིན་འདིར་གཟུགས་བརྙན་ཤར་གྱིན་ཡོད་པ་འདི་ཚང་མར་བོད་མི་རིགས་འདིའི་ལོ་རྒྱུས་དང་བསམ་བློ་ཆ་ཚང་ཞིག་དང་གནས་སྟངས་ངོ་མ་ཞིག་མཚོན་གྱིན་ཡོད་པ་རེད། སེམས་ཀྱི་ཤེས་རྒྱུ་ཡོད་པ་དང་མིག་གི་མཐོང་རྒྱུ་ཡོད་པ་འདིར་བལྟས་བསྡད་ནས་རྒྱ་ནག་གིས་ང་ཚོར་གཅར་རྡུང་དང་འཛིན་བཟུང་བྱེད་ཀྱིན་ཡོད་པ་འདི་དག་དངོས་ཡོད་གནས་ཚུལ་ཡིན་པ་ཤེས་དགོས་པ་དང་སེམས་ལ་འཛིན་དགོས་པ་རེད། དེའི་འཕྲོ་ནས་ང་རང་ཉིད་ཡིན་ན་དཔེ་དེབ་དང་རྩོམ་ཡིག་ནང་མི་རིགས་ཀྱི་གནད་དོན་རེ་བྲིས་ནས་འགྲེམ་སྤེལ་བྱས་པ་ཡིན་མོད། འོན་ཀྱང་ཡིག་རྨོངས་པ་བརྒྱ་ཆའི་བརྒྱད་ཅུ་ཡིན་པ་འདི་ལ་བལྟས་ནས་མི་མང་པོ་ཞིག་གིས་ང་ལ་སྐད་ཆ་འདི་དག་བཤད་ཞོར་དུ་གཟུགས་བརྙན་ཅིག་བླངས་བ་ཡིན་ན་རྫ་ལུང་རི་ལུང་ན་བསྡད་ཡོད་པའི་ང་ཚོའི་སྤུན་ཟླ་མང་བོ་ལ་བག་ཆགས་ཡག་པོ་ཞིག་དང་ཁ་ཕྱོགས་ལེགས་པོ་ཞིག་སྟོན་ཐུབ་རྒྱུ་རེད་ཟེར་བ་ལ་སོགས་ང་རང་གིས་འདི་ལྟར་མ་སྐུལ་དང་བླངས་ཀྱིས་འོད་ལྡེར་འདིའི་འགོ་མཇུག་བར་གསུམ་གྱི་བརྗོད་བྱའི་བརྒྱུད་རིམ་དང་རྗོད་བྱེད་ཁ་སྐད་ཀྱི་ལམ་ནས་བཤད་ཞོར་དུ་གཟུགས་བརྙན་ཞིག་བླངས་པ་ཡིན་ན་ཚང་མར་ཕན་པ་རྒྱ་ཆེན་ཞིག་ཡོད་པར་དམིགས་ནས་ལས་དོན་འདི་བསྒྲུབས་པ་ཡིན།  མཇུག་མཐར་ངས་མི་རིགས་འདི་ལ་བཅངས་པའི་རེ་བ་ནི་རང་རང་གིས་རང་ཚུགས་རེ་བཟུང་སྟེ་༸པཎ་ཆེན་སྐུ་ཕྲེང་བཅུ་བ་ཚང་གིས་༼ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་མི་རབས་ཚ་རྒྱུད་རྣམས་ལ་གནོད་པའི་བྱས་རྗེས་ཕྲ་མོ་ཙམ་ཡང་ངའི་མི་ཚེའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་ཡོད་༽ཅེས་གསུངས་ཡོད་པ་དང་། ཡང་ན་༼བོད་མི་རིགས་ཀྱི་རྗེས་ལུས་ཀྱི་རྣམ་པ་འདི་སེལ་མ་ཐུབ་ན་ང་ཤི་ཡང་མིག་མི་བཙུམ་༽ཞེས་གསུངས་ཡོད་པ་བཞིན་སྔོན་བྱོན་དམ་པ་ཚོའི་གསུང་དེ་དག་སེམས་ལ་བཟུང་ནས་བོད་སྐད་གཙང་མ་ཞིག་བཤད། བོད་ཡིག་ཡང་དག་ཅིག་སྦྱངས་ཏེ། མིག་རྒྱང་ཐུང་དུ་མ་བཅུག་པར་བོད་ཅེས་པའི་ཐ་སྙད་འདིར་དོན་བཤད་ལེགས་པོ་ཞིག་བྱས་ཏེ་མཐུན་སྒྲིལ་ཡག་པོའི་སྒོ་ནས་བོད་ཀྱི་རིག་གནས་འདི་ལ་གཅེས་སྤྲས་གང་ལེགས་ཤིག་བྱ་དགོས་པ་དང་གནས་ཚུལ་ཆུང་ཆུང་རེའི་སྟེང་ནས་རང་གི་རང་ཚུགས་འཆོར་དུ་མི་འཇུག་རྒྱུ་འདི་ནི་ངའི་བསམ་བློའི་གཏིང་གི་ཆེས་མཐའ་མཇུག་གི་རེ་བ་ཡིན། དེ་མིན་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ལ་ང་རང་ཉིད་ཀྱིས་བཤད་ཡོད་པ་འདིར་འཆུག་ནོར་ཡོད་རིགས་ལ་གཟུར་གནས་མཁས་པ་རྣམས་ཀྱིས་འོད་ལྡེར་གྱི་ལམ་དུ་དྲངས་ནས་ཁ་ཇེ་ཚང་དང་སྐད་ཆ་ཇེ་གསལ་དུ་གཏོང་རྒྱུའང་ངའི་རེ་བ་ཡིན།



4 Comments so far ↓

  1. http://bodmerangwang.blogspot.com/
    དྲ་གྲོགས་དཔལ་ལྡན་རྒྱལ་ལགས། ཁྱེད་ཟིན་བྲིས་དེ་ངས་བཤུས་ནས་ངས་blogནང་བླུག་ཡོད་ཐུགས་འགལ་མེད་པར་མཁྱེན། གང་ཡིན་ཟེར་ན་བོད་མིའི་གང་མང་མང་ཞིག་གཟིགས་ཐུབ་ན་ཉིད་ཀྱི་ཟིན་བྲིས་བཀོད་པའི་དགོས་པ་དང་བོད་མིའི་སྐྱིད་སྡུག་ཕྱི་གསལ་ནང་གསལ་ཆགས་ཐུབ་ན་ཅི་མི་རུང་སྙམ།

  2. ཕེབས་པར་དགའ་བསུ་ཞུ། ཁྱེད་ཀྱི་འདོད་པ་ལྟར་གནང་རོགས།

  3. CHIME IN ITALY says:

    he is very brave man. when i saw this letter my feel is very happy , thank you paden lak.
    i am very sorry, because .i cant write tibetans.

  4. བོད་ལ་རང་དབང་མེད་པའི་གནས་ཚུལ་དེ་བདེན་པ་རེད་ ང་ཚོ་བོད་མི་ཡོང་ནས་ང་ཚོའི་ཆོས་དང་རིགས་གཞུང་མི་རིགས་རང གི་རང་དབང་དུས་ནམ་ཡང་ཇེས་ཟབས་མེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་

བསམ་ཚུལ་འབྲི་རོགས།





*