བོད་དང་སོག་པོའི་ནང་པའི་རིག་གཞུང་བསྟི་གནས་ཁང་།

འབྲི་མཁན། དཔལ་ལྡན་རྒྱལ། on September 29th, 2009

ཚེས་༢༧་ཉིན་ཉིག་ཡོག་གྲོང་ཁྱེར་ནས་མི་བཞི་བཅུ་ཙམ་གཤོངས་པའི་གནམ་གྲུ་ཆུང་ཆུང་ཞིག་ལ་བསྡད་ནས་ཆུ་ཚོད་གཉིས་དང་སྐར་མ་བཅུ་ཡི་རྗེས་སུ  Indiana་ཨིན་རྡིས་ཡ་ན་མངའ་སྡེའི་རྒྱལ་ས་Indianapolis ཨིན་རྡིས་ཡ་ན་པོ་ལི་ཟེ་གྲོང་ཁྱེར་གནམ་ཐང་དུ་འབྱོར་སོང༌།  དེ་ནས་རླངས་འཁོར་ཞིག་གླས་ནས་ཆུ་ཚོད་གཅིག་ལྷག་གི་རྗེས Bloomington སྦོ་ལོམ་མིན་ཀྲོན་གྲོང་ཁྱེར་དུ་འབྱོར།  མི་གྲངས་བདུན་ཁྲི་ཙམ་ཡོད་པའི་གྲོང་ཁྱེར་འདིའི་ནང་དུ་བོད་དང་སོག་པོའི་ནང་པའི་རིག་གཞུང་བསྟི་གནས་ཁང་ཡོད་ལ།་   ང་རང་བསྟི་གནས་ཁང་ལ་བལྟ་བསྐོར་དང༌། བསྟི་གནས་ཁང་དེའི་འགན་འཛིན་ཨ་ཀྱ་རིན་པོ་ཆེ་མཇལ་འཕྲད་བྱུང༌།

gate

བོད་དང་སོག་པོའི་ནང་པའི་རིག་གཞུང་བསྟི་གནས་ཁང་གི་སྒོ་ཆེན།

 བསྟི་གནས་ཁང་འདི་ནི་༡༩༧༩་ལོར་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་ཡིས་གསར་བསྐྲུན་གནང་ནས་བོད་ཀྱི་ཆོས་དང་རིག་གཞུང་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དར་ཁྱབ་དང་གོ་རྟོགས་སྤེལ་ཡོད་པ་རེད་ལ།   ༢༠༠༥་གོང་ས་རྒྱལ་བ་རིན་པོ་ཆེ་ཡིས་ཐད་ཀར་ཨ་ཀྱ་རིན་པོ་ཆེ་རིག་གཞུང་བསྟི་གནས་ཁང་དེའི་འགན་འཛིན་དུ་བསྐོ་བཞག་གནང་པ་དང༌།  དེ་ནས་བཟུང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཟེར་བ་ བོད་དང་སོག་པོའི་ནང་པའི་རིག་གཞུང་བསྟི་གནས་ཁང་ཞེས་མིང་བསྒྱུར་གནང་པ་རེད།

kubum

སྐུ་འབུམ་བྱམས་བརྩེ་གླིང༌།

  བསྟི་གནས་འདི་གསར་བསྐྲུན་གནང་མཁན་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་༢༠༠༨་ལོའི་ཟླ་བ་དགུ་བའི་ནང་དགོངས་པ་རྫོགས།   ད་ཐེངས་ང་རང་ཅུང་འབྲེལ་འདྲིས་ཡོད་པའི་སྟག་འཚེར་རིན་པོ་ཆེའི་གཟིམ་ཁང་དུ་བཅར་སྐབས་སེམས་པ་སྐྱོ་བའི་ངང་ཁོང་ཉིད་ཀྱི་ཞལ་རས་དང་སྐུའི་རྣམ་འགྱུར་སོགས་མིག་ལམ་དུ་འཆར།

t-rinpoche

སྟག་འཚེར་རིན་པོ་ཆེའི་གཟིམ་ཤག་ནང་ཡོད་པའི་བཞུགས་ཁྲི།

img_0396

བོད་དང་སོག་པོའི་ནང་པའི་རིག་གཞུང་བསྟི་གནས་ཁང་དུ་ཡོད་པའི་མཆོད་རྟེན།

  གྲོང་ཁྱེར་དེའི་ནང་དུ་ཨིན་རྡིས་ཡ་ན་སློག་གྲ་ཆེན་མོ་འང་་ཡོད་ལ།  འཛམ་གླིང་གི་སཕྱོགས་གང་ས་ནས་ཡོང་པའི་སློབ་མ་སུམ་ཁྲི་ལྔ་སྟོང་ཡོད་འདུག  སློབ་གྲ་དེའི་ནང་བོད་རིག་པའི་སྐོར་ལ་ཞིབ་འཇུག་དང༌།  བོད་ཡིག་སློབ་ཁྲིད་ཀྱི་འཛིན་གྲ་ཡོད་ལ།་    ཨ་རིའི་ནང་བོད་རིག་པའི་སྐོར་དང་བོད་ཡིག་སློབ་སྦྱོང་བྱེད་སའི་སློབ་གྲ་ཡག་ཤོས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། སློབ་གྲ་དེའི་དཔེ་མཛོད་ཁང་ནང་དུ་དཔེ་དེབ་གྲངས་ས་ཡ་གསུམ་ལྷག་ཡོད་པ་དང༌།  བོད་ཀྱི་གནའ་དཔེ་དང་དེང་རབས་དཔེ་དེབ་སྟོང་ཕྲག་ཁ་ཤས་ཡོད་པ་རེད་འདུག།

iu
                                                     ཨིན་རྡིས་ཡ་ན་སློབ་གྲ་ཆེན་མོའི་སྒོ་ཆེན།
 


2 Comments so far ↓

  1. འབའ་ལུ་གུ says:

    སྐུ་ཞབས་དཔལ་ལྡན་ལགས ། ཨ་རྒྱ་རིན་པོ་ཆེས་ནས་སྟག་འཚེར་རིག་གཞུང་བསྟི་གནས་བདག་སྐྱོང་ཞལ་བཞེས་ཐོབ་པ་དགའ་འོས་པའི་གནས་ཚུལ་ལེགས་ཀྱང་། ཁོང་གིས་སྟག་འཚེར་ཞབས་རྗེས་དེད་ནས། མ་འོངས་པར་་ཞི་བའི་གོམ་བགྲོད་གནང་རྒྱུའི་དགོང་བཞེས་ཡོད་མེད་གང་འདྲ་ཡིན་དང་། ཨ་རྒྱ་རེན་པོ་ཆེས་བཙན་བྱོལ་ལ་ཕེབས་ནས་ལོ་འདི་འགའི་རིང་ལ་སྐད་འབོད་དང་དུས་དྲན་སོགས་གང་ལ་འང་ཞུགས་མྱོང་གོ་ཐོས་མ་བྱུང་པའི་འདིས་སྐོར་སྐུ་ཉིད་ལ་དགོངས་ཚུལ་གང་ཡོད་དམ?

  2. གཙགས་བུ། says:

    བོད་མི་གནས་སྡོད་དང་རིག་གཞུང་བསྟི་གནས། སློབ་གྲྭ་ཆེནམོའི་བོད་རིག་པའི་ཞིབ་འཇུག་ཐད་ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ།  ཞིང་གཤེགས་སྟག་འཚེར་རིན་པོ་ཆེ་ནི་བོད་རང་བཙན་བརྩོན་ལེན་གནང་མཁན་ཁ་ཞེ་གཉིས་མེད་ཅིག་ཡིན། 

བསམ་ཚུལ་འབྲི་རོགས།





*