ཨ་རིའི་གདོད་མའི་མི་ཡི་གནས་ཚུལ་ཟུར་ཅིག

འབྲི་མཁན། དཔལ་ལྡན་རྒྱལ། on October 2nd, 2009
img_05681
ཨ་སྦུ་ཁོར་ཁའེ་གྲོང་ཁྱེར།

ཚེས་༢༩་ཉིན་ཨིན་རྡིས་ཡ་ན་མངའ་སྡེའི་རྒྱལ་ས་ཨིན་རྡིས་ཡ་ན་པོ་ལི་ཟེ་གྲོང་ཁྱེར་ནས་གནམ་གྲུར་བསྡད་ནས་ཆུ་ཚོད་གསུམ་དང་ཕྱེད་ཀ་ལྷག་གི་རྗེས་སུ Albuquerque ཨ་སྦུ་ཁོར་ཁའེ་གྲོང་ཁྱེར་དུ་འབྱོར་། ཨ་སྦུ་ཁོར་ཁའེ་གྲོང་ཁྱེར་ནི་ཨ་རིའི་ལྷོ་ནུབ་ཀྱི་ཉིག་མེ་སི་ཁོ་མངའ་སྡེའི་ནང་གི་ཡོད་ལ། གྲོང་ཁྱེར་འདིའི་ནང་དུ་མི་ལྔ་འབུམ་ཉིས་ཁྲི་ཙམ་ཡོད་འདུག མངའ་སྡེའི་འདིའི་ནང་ཨ་རིའི་གདོད་མའི་མིའམ་ས་སྐྱེས་རྡོ་སྐྱེས་ཀྱི་མི་གྲངས་ལྡ་ཁྲི་ལྷག་རང་བཙན་ལྟ་བུའི་གནས་སྟངས་འོག་ས་ཁུལ་ཁག་བཞིའི་ནང་གནས་སྡོད་བྱས་ཡོད། ཨ་རིའི་གདོད་མའི་མི་རྣམས་ནི་བོད་མིའི་གདོང་དབྱིབས་དང་གཟུགས་བྱད་འདྲ་བོ་ཡིན་ལ། ས་ཁུལ་འདིར་ཡོད་པའི་གདོད་མའི་མི་ཡི་ལག་ཤེས་ནི་འཐག་ཐག་པ་དང༌། དངུལ་བཟོ། དེབཞིན་ས་རྫ་བཟོ་བ་སོགས་ཀྱི་ལག་ཤེས་ལ་སྙན་གྲགས་ཡོད་པ་རེད་།

img_06421

ཨ་རིའི་གདོད་མའི་མི་ཡིས་བཟོས་པའི་ས་རྫ།

ད་ཐེངས་ཡུལ་བསྐོར་ཁྲོད་གཙོ་བོར་ས་གནས་དེར་ཡོད་པའི་ཨ་རིའི་གདོད་མའི་མི་ཡི་འཕྲོད་བསྟེན་གནས་སྟངས་སྐོར་ལ་རྒྱུས་ལོན་བྱས་པ་ཡིན། ཟླ་བ་བཅུ་བའི་ཚེས༡་ཉིན་ Laguna Reservation ཨ་རིའི་གདོད་མའི་རུས་རྒྱུད་ལ་གུ་ན་ཚོ་ཁག་གི་རྒྱལ་ཕྲན་ནང་བལྟ་བསྐོར་དུ་ཕྱིན་པ་ཡིན། རང་བཙན་ལྟ་བུར་གནས་ཡོད་པའི་རྒྱལ་ཕྲན་འདིའི་ནང་དུ་ཨ་གུ་ན་རུས་རྒྱུད་ཀྱི་མི་གྲངས་བརྒྱད་སྟོང་ལྔ་བརྒྱ་གྲོང་ཚོ་དྲུག་གི་ནང་གནས་སྡོད་བྱས་ཡོད་པ་དང༌། རྒྱལ་ཕྲན་འདིའི་སྲིད་སྐྱོང་བ་གཞོན་པ་དང༌། གྲོས་ཚོགས་འཐུས་མི་ལོ་ཉེར་ལྔ་གནང་མྱོང་བའི་ སྐུ་ཞབས་སི་ཐན་ལོ་ཟེར་རོ་ཁྱིམ་དུ་སོང་ནས་ཁོང་ཚོའི་སྐད་ཡིག་རྒྱུད་འཛིན་བྱེད་ཕྱོགས་ཐད་ལ་བཀའ་མོལ་བྱུང། སྐུ་ཞབས་ལོ་ཟེར་རོ་ཡི་དབུ་སྐྲ་སླས་མ་གཉིས་སུ་སླས་ནས་ཕྲག་གཡས་གཡོན་ནས་མདུན་ངོས་སུ་དཕྱངས་འདུག་ལ། ཁོང་གིས་ཁོང་ཚོའི་སྲོལ་རྒྱུན་གྱི་ཇ་དཀར་ཡོལ་གང་ངའི་མདུན་དུ་བཞག་ནས་གསུང་རྒྱུར། ང་ཚོའི་རུས་རྒྱུད་ཚོ་ཁག་འདིའི་མི་རྣམས་ས་གནས་འདི་རུ་ལོ་ངོ་ལྔ་སྟོང་གོང་ནས་གནས་སྡོད་བྱས་ཡོད་པ་ཚན་རིག་གིས་བདེན་དཔང་བྱས་ཡོད་ལ། ང་ཚོའི་རུས་རྒྱུད་ཚོ་ཁག་གི་མིང་ངོ་མ་ནི་ཁའེ་ཝེ་ཁའེ་ཟེར་ནའང་ལོ་དྲུག་བརྒྱའི་སྔོན་ལ་སི་པན་མི་རིགས་ཀྱིས་ང་ཚོའི་ཡུལ་ལ་བཙན་འཛུལ་བྱས་རྗེས་ལ་གུ་ན་ཞེས་མིང་བསྒྱུར་བྱས་པ་རེད། ང་ཚོར་ཡི་གེ་མེད་ཀྱང་གནས་འདིར་ཡོད་པའི་ལོ་ལྔ་བཅུ་ཡན་གྱི་མི་རྣམས་ཀྱིས་རང་གི་སྐད་བཤད་ཐུབ། ལོ་ཆུང་ཚོས་རང་སྐད་ཆ་ཚང་བཤད་མི་ཤེས་བའི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། ང་ཚོའི་ཁའེ་ཝེ་ཁའེ་སྐད་དབྱིན་ཡིག་གཟུགས་གི་སྒྲ་གདངས་སུ་བཀོད་ནས་ལོ་ཆུང་རྣམས་ལ་བརྒྱུད་སྤྲོད་བཞིན་ཡོད་ཟེར་བཞིན་ཁའེ་ཝེ་ཁའེ་སྐད་དབྱིན་ཡིག་གཟུགས་གྱི་སྒྲ་གདངས་ནང་བཀོད་ཡོད་པའི་དེབ་ཞིག་ངའི་ལག་ཏུ་བཞག་ནས་མུ་མཐུད་གསུང་རྒྱུར། ང་ཚོའི་སློབ་གྲའི་ནང་ཁའེ་ཝེ་ཁའེ་སྐད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད། ཡིན་ནའང་བྱིས་པ་རྣམས་ཁྱིམ་ནང་སླེབས་རྗེས་ཕ་མ་ཚོས་དབྱིན་སྐད་བཤད་བཞིན་ཡོད་པས་ང་ཚོའི་སྐད་ཡིག་རྒྱུན་འཛིན་བྱེད་པར་དཀའ་ངལ་མང་པོ་འདུག་ཟེར། དེ་ནས་ངེད་གཉིས་ཀྱི་བོད་དང་ ཁའེ་ཝེ་ཁའེ་སྐད་གཉིས་འདྲ་ས་ཡོད་མེད་བཤད་སྐབས། འདྲ་ས་ཁ་ཤས་རྙེད་བྱུང་། དཔེར་ན། གནམ་གྱི་ཟླ་བ་ལ་ཁོང་ཚོས་ཟླ་བ་ཅི་ཟེར་ཞིང༌། ཁ་བ་ལ་ཁ་ཝེ། ཆུ་བོ་ལ་ཆུ་ནེ་ཟེར་གྱི་འདུག། ཁོང་ལ་ཚ་བོ་ཞིག་ཡོད་པ་དེའི་མིང་ལ་ Khaweshihina  ཁ་ཝའེ་ཞི་ཧི་ན་ཟེར་ཞིང་ནང་དོན་ནི་ཁ་བ་རི་ལ་བབས་ཟེར་གི་ཡོད་པ་རེད་འདུག ཡང་སྐུ་ཞབས་ལོ་ཟེར་རོ་ཡིས། ༡༩༩༡་ལོར་གོང་ས་ཏ་ལའི་བླ་མ་ Santa Fe སན་ཏ་ ཕའེ་ནང་ཕེབས་ནས་ཨརིའི་གདོད་མའི་རུས་རྒྱུད་ཚོ་ཁག་གི་དབུ་ཁྲིད་རྣམས་ལ་མཇལ་འཕྲད་གནང་སྐབས་ང་ཡང་དེའི་གྲས་སུ་ཡོད་ལ། གོང་ས་ཏ་ལའི་བླ་མས་ང་གནང་ལ་གནང་བའི་ཁ་བཏགས་དེ་ངས་གཅེས་ཉར་བྱས་ཡོད་ཟེར།

 སྐུ་ཞབས་ལོ་ཟེར་རོ་དང་ལྷན་དུ་པར།

སྐུ་ཞབས་ལོ་ཟེར་རོ་དང་ལྷན་དུ་པར།

དེ་ནས་སྐུ་ཞབས་ལོ་ཟེར་རོ་ཡིས་ང་རང་ས་གནས་དེའི་སྨན་ཁང་དུ་བལྟ་བསྐོར་ལ་ཁྲིད་བྱུང༌། སྨན་ཁང་དེ་ནི་ཨ་རིའི་དབུས་གཞུང་གིས་འགྲོ་གྲོན་བཏང་ནས་ས་ཁུལ་དེར་ཡོད་པའི་གདོད་མའི་མི་རིགས་རྒྱལ་ཕྲན་གཉིས་ཀྱི་མི་གྲངས་ཆིག་ཁྲི་བདུན་སྟོང་ལྷག་ལ་རིན་མེད་ངང་སྨན་བཅོས་བྱེད་ཀྱི་ཡོད་པ་རེད་། སྨན་ཁང་དེའི་ནང་དུ་སྨན་པ་བདུན་དང་། ནད་གཡོག་བརྒྱད་འདུག ཉེ་ལམ་ནད་པ་ཞག་སྡོད་བྱེད་སའི་ཉལ་ཁྲི་བཞི་བཅུ་ཡོད་ནའང་ཨ་རིའི་དཔལ་འབྱོར་ཉམས་དང་བསྟུན་ནས་སྨན་ཁང་དེའི་ནང་ཉལ་ཁྲི་བཞི་བཅུ་ཡོད་པ་དེ་ཉལ་ཁྲི་བདུན་ལ་མཁུ་བསྡུ་བྱེད་དགོས་བྱུང་འདུག སྨན་ཁང་དེའི་སྨན་པ་ ཕུ་རང་ཆའེ་ཡིས་གསུང་ན། ཁུལ་དེའི་ནང་ནད་ཚ་མང་ཤོས་ནི་གཅིན་སྙིའི་ན་ཚ་དང་སྙིང་གི་ན་ཚ་རེད་ཟེར།

ལ་གུ་ན་རུས་རྒྱད་ཚོ་ཁག་རྒྱལ་ཕྲན་གྱི་སྨན་ཁང༌།

ལ་གུ་ན་རུས་རྒྱད་ཚོ་ཁག་རྒྱལ་ཕྲན་གྱི་སྨན་ཁང༌།

ཚེས་གཉིས་ཀྱི་ཞོགས་པར་ཨ་སྦུ་ཁོར་ཁའེ་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཡོད་པའི་ཨ་རིའི་གདོད་མའི་རུས་རྒྱུད་ཚོ་ཁག Isleta ཨི་ཟེ་ལིས་ཏ་རྒྱན་ཕྲན་ནང་བལྟ་བསྐོར་ཕྱིན་ནས་རྒྱལ་ཕྲན་དེའི་སྲིད་སྐྱོང་བ་དང་། ཁོང་གི་ལས་བྱེད་རྣམས་ལ་མཇལ་འཕྲད་དང༌། དེ་ནས་ས་ཁུལ་དེའི་འཕྲོད་བསྟེན་ཁང་ཞིག་ལ་བལྟ་བསྐོར་དུ་སོང་བ་ཡིན

ཨི་ཟེ་ལིས་ཏ་རུས་རྒྱུད་ཚོ་ཁག་རྒྱན་ཕྲན་ནང་བསྐྱོད་ལམ་རྟགས།

ཨི་ཟེ་ལིས་ཏ་རུས་རྒྱུད་ཚོ་ཁག་རྒྱན་ཕྲན་ནང་བསྐྱོད་ལམ་རྟགས།

སྲིད་སྐྱོང་བ་རོ་སྦེར་ཐི་སྦི་ན་ཝི་ནི་དགུང་ལོ་བདུན་ཅུ་ཙམ་སོན་ཞིང་མིག་ཤེལ་གྱོན་ཡོད་པའི་མི་བསྒམ་བརླིང་ཅན་ཞིག་དང། སྐད་ཆ་ག་ལེར་དང་གསལ་བོར་བཤད་མཁན་ཞིག་རེད། ཁོང་གིས་གསུང་དོན། Isleta་ཨི་ཟེ་ལིས་ཏ་རྒྱན་ཕྲན་ནང་མི་གྲངས་སུམ་སྟོང་བརྒྱད་བརྒྱ་ཡོད་ལ། ང་ཚོའི་རྒྱལ་ཕྲན་འདི་ལ་འཛིན་སྐྱོང་དང༌། ཁྲིམས་བཟོ་ལྷན་ཁང༌། ཁྲིམས་ཁང་བཅས་ཡོད་། མི་མང་གི་འཚོ་བརྟེན་མ་རྨོས་ལོ་ཏོག་དང༌། སེ་པན། སིལ་བཀའ་འདྲ་མིན་རྨོ་འདེབས་བྱེད་ཀྱི་ཡོད་ལ། མི་མང་གི་འཕྲོད་བརྟེན་དང་སློབ་གསོའི་འགྲོ་གྲོན་ཨ་རིའི་དབུས་གཞུང་ནས་གཏོང་གི་ཡོད་པ་རེད། དེ་མིན་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བ་ཞིག་ནི་ཁ་ཟེ་ནོ་ཞེས་པའི་ཤོ་རྒྱན་རྩེད་ས་དེ་རེད་ཟེར་བཞིན་ཁོང་གིས་སྲིད་སྐྱོང་བ་གཞོན་པར་བལྟས་ནས་ཁོང་ཚོའི་ཡུལ་སྐད་ནང་ཚིག་ཁ་ཤས་གསུངས་རྗེས།

ཨི་ཟེ་ལིས་ཏ་རུས་རྒྱུད་ཚོ་ཁག་རྒྱན་ཕྲན་གྱི་སྲིད་སྐྱོང་གཙོ་གཞོན་གཉིས་དང་ལྷན་དུ།

ཨི་ཟེ་ལིས་ཏ་རུས་རྒྱུད་ཚོ་ཁག་རྒྱན་ཕྲན་གྱི་སྲིད་སྐྱོང་གཙོ་གཞོན་གཉིས་དང་ལྷན་དུ།

ལག་གཡས་པས་ངའི་ཕྲག་པར་ཡང་མོ་ཞིག་བརྡབ་བཞིན་མུ་མཐུད་གསུང་རྒྱུར།་ ང་ཚོའི་ཚོགས་འདུ་གྲོལ་རྗེས་སྲིད་སྐྱོང་བ་གཞོན་པས་ཁྱེད་རང་ཤོ་རྒྱན་རྩེད་སར་བལྟ་བསྐོར་དུ་ཁྲིད་ངེས་ཡིན། ཁྱོད་ཚོའི་བོད་ནང་གི་གནས་སྟངས་ངས་ཅུང་ཙམ་ཤེས་ཡོད། ཁྱེད་ཚོར་འབྱུང་བཞིན་པའི་དཀའ་ངལ་དེ་དག་ང་ཚོར་ཡང་ལོ་བརྒྱ་ཕྲག་མང་པོ་རིང་འཕྲད་ཡོད་ནའང༌། ང་ཚོར་སེམས་ཤུགས་བརྟན་པོའི་ངང་རང་གི་རིག་གཞུང་དང་སྐད་ཆ་རྒྱུན་འཛིན་བྱས་ཡོད་པ་རེད། ཡིན་ནའང་དེང་སྐབས་ལོ་ཆུང་ཚོས་རང་ཉིད་ཀྱི་སྐད་ཆ་བཤད་མི་ཤེས་པའི་གནས་སུ་གྱུར་འདུག་པས་མུ་མཐུད་དུ་ང་ཚོའི་རིག་གཞུང་དང་། སྐད་ཆ་རྒྱུད་འཛིན་བྱེད་རྒྱུར་དཀའ་ངལ་ཆེན་པོ་འདུག སྤྱིར་ང་ཚོའི་ནི་བདག་དབང་ཆ་ཚང་ཡོད་པའི་རྒྱལ་ཕྲན་ཞིག་ཡིན་ནའང༌། གང་ཅིའི་ཐད་ཨ་རིའི་དབུས་གཞུང་ལ་བརྟེན་དགོས་པ་དང༌། དབུས་གཞུང་གིས་ཕྱོགས་མང་པོ་ནས་ང་ཚོར་བཏང་འཛིན་བྱེད་ཀྱི་ཡོད་པ་རེད་ཟེར། ངེད་གཉིས་ཀྱི་སྐད་ཆ་དང་སྐད་ཡིག་སྐོར་ལ་ཁ་བརྡ་བྱེད་སྐབས་ངས་ཁ་སང་ལ་གུ་ན་ཚོ་ཁག་གི་ཁའེ་ཝེ་ཁེལ་སྐད་ནང་བོད་སྐད་དང་འདྲ་ས་ཁ་ཤས་ཡོད་པ་དེ་དྲན། མིང་ཚིག་དེ་དག་ཁོང་ཚོའི་སྐད་ནང་བཤད་དུ་བཅུག་དུས་དེ་ནི་བོད་སྐད་དང་ཁྱོན་ནས་འདྲ་བ་མི་འདུག ཁོང་ཚོས་ཟླ་བ་ལ་པཧ་ཟེར་ཞིང༌། ཁ་བ་ལ་ཕན་དང་། ཆུ་བོ་པེ་ལ་ཟེར་འདུག་ ཁོང་ཚོའི་ནང་ཁུལ་དུ་ཕན་ཚུན་བར་ཁོང་རང་ཚོའི་སྐད་བཤད་ཀྱི་འདུག་ལ། དེ་ནས་སྲིད་སྐྱོང་གཞོན་པའི་རླངས་འཁོར་བཏང་ཏེ་ངེད་གཉིས་ཤོ་རྒྱན་རྩེད་སར་སོང་བ་ཡིན། ཤོ་རྒྱན་རྩེད་ས་དེ་ནི་ཁོང་ཚོའི་གྲོང་སྡེ་ནས་་སྐར་མ་བཅུ་ཙམ་གྱི་ལམ་ཁར་ཡོད་པ་དང་ཁང་བརྩེགས་ཆེན་པོ་ཞིག་རེད།

ཨི་ཟེ་ལིས་ཏ་རུས་རྒྱུད་ཚོ་ཁག་རྒྱན་ཕྲན་གྱི་ཤོ་རྩེད་ཁང༌།

ཨི་ཟེ་ལིས་ཏ་རུས་རྒྱུད་ཚོ་ཁག་རྒྱན་ཕྲན་གྱི་ཤོ་རྩེད་ཁང༌།

ཁོང་གིས་སྤོབས་ཉམས་དང་བཅས་ང་ཚོའི་རྒྱན་ཕྲན་འདི་ལ་ད་ལྟའི་ཆར་ཤོ་རྒྱན་རྩེད་ས་གཉིས་ཡོད་ལ། འདི་ནི་ལོ་གཅིག་དང་ཟླ་བ་གསུམ་གྱི་སྔོན་ལ་གསར་དུ་སྒོ་འབྱེད་བྱས་པ་ཡིན།  གཞན་དེ་སྔོན་ལ་ནས་ཡོད་ལ་འདི་ལས་ཆུང་ཙམ་ཡིན།  ཤོ་རྩེད་ཁང་འདིའི་ནང་དུ་ཤོ་རྩེད་འཕྲུལ་ཆས་ཆིག་སྟོང་ཙམ་ཡོད།   འདི་ང་ཚོའི་རྒྱལ་ཕྲན་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་བྱུང༌། ཤོ་རྒྱན་རྩེད་ས་་དེའི་ནང་ངེད་གཉིས་ཀྱིས་ཉིན་གུང་ཟ་མ་ཟས་རྗེས་ཨི་ཟེ་ལིས་ཏ་རྒྱན་ཕྲན་ནང་ཕྱིར་བསྐྱོད་པ་ཡིན།  དེ་དུས་ང་རང་རྒན་པོ་ལོ་དགུ་བཅུ་གོ་གཉིས་ཅན་ཞིག་ལ་འཕྲད་བྱུང་།  ཁོང་དང་མཉམ་དུ་བཀའ་མོལ་བྱེད་སྐབས་ཁོང་གིས་དབྱིན་སྐད་ཤེས་ནའང༌། ཁོ་རང་ཚོའི་ཡུལ་སྐད་བཤད་ན་བདེ་བོ་འདུག་ཟེར་ནས་ལོ་ཆུང་ཞིག་གིས་ངེད་གཉིས་བར་སྐད་བསྒྱུར་བྱས་སོང༌།  ཁོང་གིས།  ང་ཚོར་སེམས་འཚུབ་ཆེ་ཤོས་ནི་སྐད་དང་། རིག་གཞུང་མི་རབས་རྗེས་མའི་རྒྱུད་འཛིན་བྱེད་ཐུབ་མིན་དེ་རེད།  དེ་བས་ང་ཚོའི་ཚོ་ཁག་གི་རྒན་རྒོན་རྣམས་ཀྱིས་དཀའ་ལས་བརྒྱབ་ནས་ང་ཚོའི་རིག་གཞུང་དང༌། ཡུལ་སྲོལ་གོམས་གཤིས་སོགས་མི་རབས་རྗེས་མར་སྟོན་ཆེད་འགྲེམས་སྟོན་ཁང་ཞིག་སྒོ་འབྱེད་བྱེད་འཆར་ཡོད་ཟེར་ནས།  ཆ་ཚང་འགྲུབ་མེད་པའི་འགྲེམས་སྟོན་ཁང་དེའི་ནང་ང་རང་འཁྲིད་ནས་པར་ཁ་ཤས་རྩིག་ངོས་པ་དཕྱངས་ཡོད་པ་རེ་རེ་བཞིན་འགྲེལ་བཤད་གནང་བྱུང༌། དེའི་ཁྲོད་བུད་མེད་དར་མ་ཞིག་གིས་སྐུད་པ་འཁལ་བཞིན་ཡོད་པ་དེ་ནི་བོད་ཨ་མདོའི་ས་ཁུལ་གྱི་སྐུད་པ་འཁལ་སྟངས་དང་ཧ་ཅང་འདྲ་བ་ཞིག་འདུག

img_0665

ཨི་ཟེ་ལིས་ཏ་རུས་རྒྱུད་ཚོ་ཁག་རྒྱན་ཕྲན་གྱི་འགྲེམས་སྟོན་ཁང་ནང་ཡོད་པའི་པར།

ཁོང་གིས་པར་དེ་ལ་མཛུམ་མོ་བཙུགས་ནས་འདི་ངའི་ཨ་མ་རེད་ཟེར།   མ་འོངས་པའི་ཟླ་བ་ཁ་ཤས་ནང་ཁོང་ཚོའི་འགྲེམས་སྟོན་གྱི་ལས་དོན་ཡོངས་འགྲུབ་བྱེད་ཐུབ་པའི་དགའ་ཚོར་ཡོད་ནའང༌།  ངའི་སེམས་སུ་རང་བཞིན་གྱིས་སྐྱོ་སྣང་ཞིག་འཁོར་ཡོང༌།   གང་ལ་ཟེར།  ཨ་རིའི་གདོད་མའི་རུས་རྒྱུད་ཚོ་ཁག་འདིའི་ལོ་སྟོང་ཕྲག་མང་པོར་རྒྱུན་འཛིན་བྱས་པའི་རང་ཉིད་ཀྱི་རིག་གཞུང་ནི་ད་ལྟའི་ཆར་རང་ཉིད་གནས་སྡོད་བྱས་ཡོད་པའི་གྲོང་ཚོ་འདིའི་ནང་དུའང་འགྲེམས་སྟོན་དུ་གྱུར་ཡོད་པ་དེ་རེད།

སྤྱིར་ཨ་རི་ཁྱོན་ཡོངས་སུ་གདོད་མའི་མི་གྲངས་ས་ཡ་གསུམ་དང་འབུམ་གཅིག་ཡོད་པ་དང༌།   རུས་བརྒྱུད་དམ་ཚོ་ཁག་མི་འདྲ་བ་༥༦༤ཡོད་པ་རེད།  ཚོ་ཁག་དེ་དག་ཨ་རིའི་ས་ཁུལ་གང་སར་རང་བཙན་ལྟ་བུར་གནས་ཡོད་པ་དང་ཁོང་ཚོའི་ནང་གི་ཚོ་ཁག་ཆེ་ཤོས་རྣམས་ལ་རང་ཉིད་སྲིད་གཞུང་དང༌།   ཁྲིམས་ཁང་།  རྩ་ཁྲིམས།   ཕྱི་བསྐྱོད་ལག་ཁྱེར་སོགས་ཡོན་ནའང༌།  དཔལ་འབྱོར། འཕྲོད་བསྟེན། འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་ལ་ཨ་རིའི་དབུས་གཞུང་ལ་མ་བརྟེན་པར་འཚོ་གནས་བྱེད་ཐབས་མེད་པའི་གནས་སུ་གྱུར་ཡོད།   རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་དུ་འབྲོག་དམངས་གྲོང་བརྡལ་ཅན་ཏུ་བསྒྱུར་བའི་བྱེད་ཐབས་ལག་བསྟར་བྱེད་པ་དེས་བོད་མི་རྣམས་རང་ཡུལ་དུ་དཔལ་འབྱོར་དང་། འཕྲོད་བསྟེན་སོགས་འཚོ་གནས་ཀྱི་ཐེམ་སྐས་དམའ་ཤོས་སུ་ལྕགས་སྒྲོག་གིས་བཅིངས་ཏེ་ལངས་ཐབས་མེད་པར་ས་སྐྱ་བོ་ནང་ནམ་ཡང་འགྱེལ་ལོག་རྒྱག་བཞིན་གནས་ཡོད་པའི་ཨ་རིའི་གདོད་མའི་མི་རྣམས་ཀྱི་གནས་སྟངས་ལྟ་བུར་མི་འགྱུར་བའི་ངེས་པ་མེད། འདས་པའི་ལོ་ཁ་ཤས་རིང་ང་རང་ཨ་རིའི་གདོད་མའི་མི་རྣམས་གནས་སྡོད་བྱས་ཡོད་པའི་རང་བཙན་ལྟ་བུའི་རྒྱལ་ཁབ་བརྒྱད་གྱི་ནང་བལྟ་བསྐོར་དུ་སོང་ནས་ཁོང་ཚོའི་སྲིད་འཛིན་དང༌། དེ་བཞིན་ས་གནས་མི་དང་མཉམ་དུ་ཁ་བརྡ་བྱས་པ་ཡིན།  ཁོང་ཚོས་ཨ་རི་ལ་འཁང་ར་བྱེད་བཞིན་ཡིད་ཐང་ཆད་ནས་དུས་གཏན་དུ་རེ་མེད་ནུས་མེད་ཀྱི་གནས་སྟངས་ཞིག་གི་འཚོ་བ་རོལ་དགོས་པའི་འདོད་ཚུལ་བཟུང་འདུག་   ས་སྐྱེས་རྡོ་སྐྱེས་ཡིན་པའི་ཨ་རིའི་གླིང་ཆེན་འདིའི་བདག་པོ་ངོ་མ་རྣམས་དེང་སྐབས་འཛམ་གླིང་གི་ཆེས་སྟོབས་འབྱོར་མངའ་ཐང་ཆེ་བའི་ཨ་རིའི་རྒྱལ་ཁབ་གྱི་གྲུ་ཟུར་ཞིག་ཏུ་རང་ཉིད་ཁྱད་འཕགས་རང་བཞིན་བརླག་ནས། རེ་མེད་ནུས་མེད་ངང་འཚོ་གནས་བྱེད་བཞིན་ཡོད་པའི་གནས་སྟངས་འདི་དག་དངོས་སུ་མཐོང་སྐབས། ངས་ཀྱང་ཁོང་ཚོ་དང་མཉམ་དུ་ཨ་རི་ལ་འཁང་ར་བྱེད་བཞིན་བོད་མི་རྣམས་ཀྱང་མ་འོངས་བར་ཁོང་ཚོའི་གནས་སྟངས་འདི་འདྲ་ཞིག་ཏུ་འགྱུར་མི་འོང་ངམ་སྙམ་པའི་སེམས་འཚུབ་ཆེན་པོ་ཡོད་ཚུལ་བཤད་པ་ལས་ཁོང་ཚོར་སེམས་གསོ་གང་ཡང་བྱེད་མ་ཐུབ།

img_0707

ཨི་ཟེ་ལིས་ཏ་རུས་རྒྱུད་ཚོ་ཁག་རྒྱན་ཕྲན་གྱི་ཡུལ་མི་སྡོད་ཁང༌།

 
ད་ཐེངས་ཀྱི་ཡུལ་བསྐོར་འདིའི་སྐབས་ངའི་སེམས་སུ་བརྗེད་མི་ཐུབ་པའི་ལོ་ལྔའི་སྔོན་གྱི་གནས་ཚུལ་ཞིག་བཤད་འདོད་བྱུང༌། དེ་ནི་༢༠༠༣ལོའི་ཟླ་བ་དགུ་བའི་ནང་ཨ་རིའི་ཨ་རོ་བཟོ་ན་མངའ་སྡེའི་ཧྥེ་ནེ་ཁེ་སི་གྲོང་ཁྱེར་ཉེ་འཁྲིས་སུ་ཡོད་པའི་ཨ་རིའི་གདོད་མའི་མི་རྒྱུད་ཀྱི་ཚོ་ཁག་ཅིག་གི་རྒྱལ་ཁབ་ནང་བལྟ་བསྐོར་དུ་བསྐྱོད་སྐབས་ཁོར་ཡུག་དོན་གཉེར་མཁན་གདོད་མའི་མི་རྒྱུད་ཡིན་པའི་བུད་མེད་ཞིག་དང་མཉམ་དུ་བོད་མི་དང་ཨ་རིའི་གདོད་མའི་མི་བར་འདྲ་ས་དང་འབྲེལ་བ་ཡོད་མེད་སྐོར་ལ་བཀའ་མོལ་བྱུང༌། སྐབས་དེར་ངས་ཁོང་ལ། ལོ་ངོ་སྟོང་ཕྲག་མང་པོའི་སྡོན་ལ་ཨ་རིའི་ཨ་ལ་སི་ཁ་དང་ར་ཞི་ཡ་བར་ས་འབྲེལ་ཡོད་སྐབས་ས་ཐོག་བརྒྱུད་ནས་གླིང་ཆེན་གཉིས་བར་ང་ཚོའི་ཡབ་མྱེས་རྣམས་ཕར་ཚུར་བསྐྱོད་ཡོད་ངེས་རེད་ཞེས་བརྗོད་སྐབས། བུད་མེད་དེས་ངའི་གདོང་ལ་ཞིབ་བལྟ་ཞིག་བྱས་ཏེ། རེད་ལགས། ང་ཚོ་ཕན་ཚུན་བར་འདྲ་ས་མང་པོ་འདུག་ ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ལ་གླིང་ཆེན་གཉིས་བར་ས་འབྲེལ་མེད་པ་ཡིན་ནའང༌། ང་ཚོའི་ཡབ་མྱེས་ཚོས་རྣམ་དཔྱོད་ལས་གྲུ་གཟིངས་བཟོས་ཏེ་རྒྱ་མཚོར་ཕ་མཐར་བསྐྱོད་ཡོད་ངེས་རེད་ཟེར། ཁོ་མོས་ཡབ་མྱེས་རྣམས་ལ་གདེངས་འཇོག་ཆེན་པོ་གནང་བར་ང་ཡ་མཚར་བ་་དང་འབྲེལ་ཁོ་མོར་ཐུགས་རྗེ་ཞུས་པ་ཡིན། གང་ལ་ཟེར་ན།་ང་ཚོའི་ཡབ་མྱེས་རྣམས་ལ་རྒྱ་མཚོར་བསྐྱོདཔའི་གྲུ་གཟིངས་བཟོ་བའི་རིག་སྟོབས་ཡོད་པ། ངའི་སེམས་སུ་འཁོར་མེད་པ་དེ་རེད། བསམ་བློ་ཞིབ་ཏུ་བཏང་ན་ལོ་ངོ་སྟོང་ཕྲག་མང་པོའི་གོང་ལ་ཨ་རིའི་གདོད་མའི་མི་དང༌། ང་ཚོའི་བོད་པའི་ཡབ་མྱེས་རྣམས་ལ་གྲུ་གཟིངས་བཟོ་བའི་རིག་སྟོབས་དང༌། རྒྱ་མཚོར་བསྐྱོད་པའི་བློ་སྦོབས་མེད་པ་ག་ལ་ཡིན། ངོ་མ་ངས་བུད་མེད་དེ་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་འདོད་བྱུང༌། གོང་གསལ་གྱི་ཟིན་ཐོ་འདི་ལས་བྲེལ་ཁྲོད་ཤར་མར་བྲིས་པ་ཡིན་པས་ཡིག་ནོར་དང་ཚིག་སྐྱོན་སོགས་ཡོད་་ནདགོངས་དག་ཞུ། སང་ཉིན་ཨ་རིའི་ཁ་ལོ་ར་རྡོ་མངའ་སྡེའི་སྤོ་རྡར་ས་ཁུལ་ནང་ཡོད་པའི་ན་རོ་བ་སློབ་གཉེར་ཁང་དང༌། ཤམ་བྷ་ལ་དཔེ་སྐྲུན་ཁང་སོགས་ལ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་རྒྱུ་ཡིན་པས། དུས་ཁོམ་རེ་བྱུང་ན་གནས་ཚུལ་རགས་ཙམ་ཟིན་བྲིས་ཀློག་མཁན་རྣམ་པའི་སྦྱན་ལམ་དུ་ཕུལ་ངེས་ཡིན།
གཤམ་དུ་ཨ་རིའི་གདོད་མའི་མི་ཡིག་ཞབས་བྲོ་འཁྲབ་བཞིན་པའི་པར་ཁ་ཤས་བཀོད་ཡོད།
 
 
img_0849img_0812
 
 
 
 
 
 
 
 
 
 
 
 
 
 
img_0831
img_0815


7 Comments so far ↓

  1. སྐར་འོད says:

    མཆོག་ཉིད་ཀྱིས་གར་སོང་ས་ནས་། གར་འདུག་གནས་ནས་། སུ་ཐུག་སྐབས་སུ་གནས་ཚུལ་ཞིབ་འགོད་དང་ རག་བསྡུས བསམ་ཚུལ་ལྷུག་པོར་འདིར་ཟིན་བྲིས་སུ་མུ་མཐུད་དུ་འགོད་ཐུབ་ཚེ། གཏམ་རྒྱུད་གསེར་ཐང་ལྟ་བུའི་རིན་ཐང་མེད་པ་མིན། ཐུགས་རྗེ་ཆེ།

  2. གནས་ཚུལ་འདི་འདྲ་བཏང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། ཨ་རིའི་གདོད་མིའི་མི་རིགས་དག་གི་འཚོ་གནས་དང་ཡུལ་སྲོལ་གོམས་གཤིས་བསྐོར་སོགས་ཀྱིས་ང་ཚོའི་ཕ་ཡུལ་དེ་དྲན་ཡོང་གི་འདུག་ལ། ལྷག་པར་གོང་གི་བུད་མེད་དེའི་སྐུད་པ་འཁེལ་སྟངས་དེས་ང་ཚོའི་ཡབ་མེས་ཚོ་མིག་ལ་ཤར་ཡོང་གི་འདུག

  3. མདའ་ཚན་ཚེ་རིང་ལགས།
    ངའི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ།

  4. ཀླུ་སྨྱོན། says:

    གདོད་མི་འདི་ཚོའི་སྐོར་ཞིག་གི་གདོང་རིས་རང་རེ་བོད་པ་དང་འདྲ་བོ་འདུག་ལ། ཡང་སྐོར་ཞིག་གི་གདོང་རིས་སོག་པོ་དང་གཅིག་པ་རེད་འདུག ཁོ་ཚོའི་མེས་པོ་ཁག་ཅིག་སྔོན་མར་སོག་པོ་སྐོར་ཞིག་ར་ཤི་ཡའི་ཤར་རྒྱུད་ནས་ཨ་ལ་སི་ཁ་བརྒྱུད་དེ་ཡོང་བ་རེད་ཟེར་བ་ཡང་ངོ་མ་བདེན་ཐག་ཆོད་རེད་འདུག

  5. ཀླུ་སྨྱོན་ལགས།
    བདེ་ལགས་སམ། ངའི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ།

  6. ཀླུ་སྨྱོན། says:

    བོད་པ་དང་སོག་པོ། ད་དུང་ཉི་ཧོང་བ་ཚོར་ཡོད་པའི་སོག་པོའི་སྐྱེས་རྟགས་Mongolian Birth Mark ཞེས་པ་ཕྲུ་གུ་སྐྱེས་མ་ཐག་ཏུ་འཕོང་མགོའི་སྟེང་དུ་ཡོད་པའི་སྔོ་ཐིག་དེ་ཨ་རིའི་གདོད་མི་ཚོར་ཡོད་མེད་གསལ་ཆ་རེ་ཨེ་ཡོད། གལ་སྲིད་དེ་ཡོད་ན་གདོད་མིའི་མེས་པོ་དག་ཨེ་ཤི་ཡའི་ཤར་རྒྱུད་ནས་ཡོང་བའི་ལོ་རྒྱུས་ཇེ་གསལ་དུ་སོང་བ་རེད། ངས་གོ་བ་ལྟར་ན་ཁོ་ཚོའི་མང་པོ་ཞིག་ལ་སོག་པོའི་སྐྱེས་རྟགས་དེ་ཕལ་ཆེར་ཡོད་ཚོད་འདུག ཡིན་ན་ཡང་ང་ལ་ཁུངས་ལྡན་གྱི་གནས་ཚུལ་ད་དུང་རག་མ་སོང།

  7. སོག་པོའི་སྐྱེས་རྟགས་དེ་ཨ་རིའི་གདོད་མའི་མི་ལ་ཡོད་མེད་གནས་ཚུལ་རྒྱུས་ལོན་བྱེད་རྒྱུ་ཡིད་ལ་མ་འཁོར། ཉིད་ཀྱིས་བློ་འདོན་གནང་བར་ཐུགས་རྗེ་ཆེ། རྗེས་ཕྱོགས་གོ་སྐབས་རེ་བྱུང་ན་སོག་པོའི་སྐྱེས་རྟགས་སྐོར་ལ་དོ་སྣང་བྱེད་ངེས་ཡིན།

བསམ་ཚུལ་འབྲི་རོགས།





*